རྩོམ་པ་པོའི་དཔུང་ཁག་ཇེ་མཐུག་ཏུ་འགྲོ་བཞིན་པ་དང༌། དེ་འབྲེལ་གྱི་རྩོམ་ཡིག་ཀྱང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཕེལ་ཞིང་ཡོད། དུས་དེབ་དང་ཚགས་པར་རྩོམ་སྒྲིག་པ་ཚོར་མཚོན་ན། ད་དུང་ཡང་རྩོམ་ཡིག་གི་རེ་ལྟོས་ཞུ་ཡུལ་གྱི་ཁོར་ཡུག་ནི་ཆུང་ངུ་ཞིག་ལས་མེད་པར་ཡོད། འདི་ནི་རྩོམ་པ་པོ་དང་རྩོམ་སྒྲིག་པའི་བར་གྱི་ས་ཁོད་དམ་བར་ཐག་གཉིས་ཀ་བསྟན་པའི་གནས་སྟངས་མངོན་མཚན་པ་ཞིག་རེད།
རྩོམ་པ་པོ་མང་པོ་ཞིག་གིས་དྲ་ངོས་ཀྱི་ཟིན་བྲིས་གཉེར་ནས་ཡོད་ཅིང༌། དེ་ནི་དུས་ཡུན་སྐར་ཆ་ཁ་ཤས་ནང་རང་ཉིད་ཀྱི་རྩོམ་ཡིག་དེ་བཞིན་ཀློག་མཁན་སྟོང་ཕྲག་གི་མིག་ལམ་དུ་འགྲེམས་བཀོད་ཐུབ་ཀྱི་ཡོད་པས་ཡིན་པར་བཤད་ཆོག ཡིན་ནའང༌། དེ་དང་ཆབས་ཅིག དྲ་རྒྱའི་སྟེང་གི་རྩོམ་སྒྲིག་པ་ཚོར་མཚོན་ན། རང་ཉིད་ཀྱི་འགན་ཁུར་གྱི་ར་བ་ལས་བརྒལ་བའི་ཟིན་བྲིས་པ་དག་གི་རྩོམ་ཡིག་ལ་རྩོམ་སྒྲིག་གི་འགན་ནི་ངེས་པར་ཡོད་ནའང༌། ཁོང་ཚོས་ཐུབ་པ་ནི། ཡིག་ནོར་མ་སྤེལ་རོགས། ཁ་འཛིང་མ་བྱེད་རོགས། ཟེར་བ་ཙམ་ལས། གཞན་ནི་དེ་དག་གི་རྗེས་ཟིན་པའི་འགྲོས་སུ་ཞུགས་དཀའ་ལ། རྗེས་ཟིན་པའི་དབང་དུ་བཏང་ནའང༌། མཐའ་མ་དེར་རེ་སྐུལ་ཙམ་གྱི་མུར་འཇོག་པ་ལས་གཞན་གྱི་ཐབས་ཚུལ་གཉིས་པ་ཞིག་ཧ་ལམ་བསྟེན་དུ་མེད་པའི་ཚོད་དུ་ཡོད། གནས་སྟངས་འདི་ནི། ང་ཚོའི་དྲ་སྟེང་གི་རྩོམ་ཡིག་ལ་ཡིག་ནོར་རྒྱ་ཁྱབ་ཏུ་ཡོང་གི་ཡོད་པའི་ཁུངས་སྣེ་གཅིག་རེད།
ཁ་སང་དེ་རིང་གི་ཟིན་བྲིས་པ་ཚོས། དག་ཆའི་སྐོར་ནས་གཅིག་གིས་གཅིག་ལ་ཞུས་དག་གཏོང་རེས་དང༌། ངོས་ལེན་བྱེད་རེས་བྱེད་ཀྱིན་ཡོད་ནའང༌། ཚུལ་དེར་ཞུགས་མཁན་གྱི་གྲངས་འབོར་དེ་ནི་ཤིན་ཏུ་ནས་ཉུང་ངུ་ཞིག་རེད། གནས་སྐབས་འདི་འདྲ་ཞིག་ལ། བོད་ཀྱི་དུས་བབ་རྩོམ་སྒྲིག་པས་དུས་བབ་ཀྱི་ལག་དེབ་ཅིག་སྟེ། ཐ་སྙད་ནོར་སོ་ཅན་ནམ་མ་དག་རྒྱུན་འབྱམས་སུ་སྤྱོད་ཀྱིན་པ་ཁག་ཅིག་ཕྱོགས་བསྡུས་ཀྱིས་དུས་བབ་ཀྱི་ལག་དེབ་ཅིག་འདོན་གྱི་ཡིན་ཟེར། ཕར་བལྟས་ཚོད་ལ་དུས་བབ་ཀྱི་ཆེད་ཁོ་ནར་ཡིན་སྣང་ཞིག་སྟེར་ནའང༌། དོན་ངོ་མར་བཤད་ན། དེ་ནི་གསར་འགྱུར་བརྒྱུད་ལམ་ཙམ་མ་ཡིན་པར། དེ་རིང་ཁ་སང་གི་རྩོམ་བྲིས་པ་ཕལ་མོ་ཆེ་བར་མཁོ་དགོས་ཀྱི་ལག་དེབ་ཅིག་རེད་ཅེས་བཤད་ནའང་རྫུན་དུ་མི་འགྲོ་བ་སྟེ། ད་ལྟའི་གནས་སྟངས་འདིས་དེ་འདྲ་ཞིག་དགོས་པའི་དགོས་འདུན་དེ་ཉིན་སྣེར་མཚན་མཐུད་ཀྱིས་འདོན་གྱི་ཡོད་པ་དང་མཚུངས་པར་ཡོད།
གནད་འགག་གི་ལྟེ་བ་ནི། ང་ཚོར་རྩོམ་བྲིས་པ་ཇེ་མང་དང་རྩོམ་ཡིག་གི་འབོར་གྲངས་ཇེ་མཐོར་སོང་བ་དང་མཉམ་དུ། དག་སྡེབ་ཀྱི་དཀའ་ངལ་ཞིག་རང་བཞིན་གྱིས་སླེབས་ཀྱི་ཡོད་སྟབས། དེར་རྩོམ་པ་པོ་སོ་སོའི་ངོས་ནས་འགན་ཁུར་ངེས་པར་བྱེད་དགོས་ནས་ཡོད་ནའང༌། དག་སྡེབ་ཙམ་མ་ཡིན་པར། ཡིག་སྐད་ནང་ལུང་སྐད་ཡན་གར་བ་རྒྱུན་མར་སྤེལ་ནས་སླེབས་ཐེངས་རེར། ཀློག་མཁན་ཚོའི་ཁྲོད་གོ་བརྡ་མི་འཕྲོད་པའི་དཀའ་ངལ་འཕར་མ་ཞིག་ཀྱང་སླེབས་ཏེ་ཡོད། དེ་ནི་བརྒྱ་ལ་དར་སོ་ཆེ་རུ་སོང་ན། ནུབ་ལ་དྭགས་ནས་ཤར་རྒྱལ་མོ་ཚ་བ་རོང་བའི་ཡུལ་བར་གང་ལ་འཁྱེར་བས་ཀྱང་རུང༌། སུ་ཞིག་གིས་བཀླགས་པས་ཀྱང་རུང༌། མི་གོ་བ་མེད་པའི་ཁྱད་ཆོས་དེ་གཏོར་ཞིང་བསྒྱེལ་ནས། ནམ་ཞིག་ན། ཁ་སྐད་དེར་ཡིག་སྐད་ཀྱིས་འགྲེལ་བ་བརྩམས་པའི་ལམ་ནས་བརྡ་དོན་འཚོལ་དགོས་པའི་ངལ་བ་ཐོལ་བ་ཞིག་ཀྱང་བརྩེགས་བཞིན་ཡོད་པར། འདི་ཚུལ་ལམ་ནོར་ལྡོག་ཤེས་བྱེད་པའི་བསམ་ཚུལ་འདོན་མཁན་དང༌། འདི་ཚུལ་ཀྱིས་སྒྱུ་རྩལ་གང་ཞིག་གི་རོ་ཉམས་སྦྲུམ་ཡོད་པར་ཤོད་བབ་གཉིས་གདོང་ཐུག་ལྟ་བུས། ཁ་ངོམ་དཔུང་ངོམ་བྱེད་ཀྱིན་པའང་དེ་རིང་ཁ་སང་གི་རྩོམ་བྲིས་པ་དང༌། ཡང་སྒོས་དྲ་སྟེང་གི་ཟིན་བྲིས་པ་ཚོ་ཕྱོགས་གཉིས་སུ་གྱེས་གཞི་ལྟ་བུ་ཆགས་འདུག འདི་ལྟའི་གནས་སྟངས་ཤིག་བྱུང་ཡོད་པར་ཡང༌། དྲ་སྟེང་གི་རྩོམ་སྒྲིག་པ་ཚོས་རེ་སྐུལ་ཙམ་ལས་ཅི་ཡང་སྒྲུབ་ཏུ་མེད་པར་ཡོད། ཁོང་ཚོར་ལམ་ཁ་གཅིག་རང་ཡོད་པ་ནི། ཚིག་འགྲོས་དེ་རིགས་སྤེལ་མཁན་གྱི་ཟིན་བྲིས་ཕྱིར་བསྡུ་བྱེད་པ་ལས་གཞན་གྱི་གཏན་འགོག་ལམ་ཁ་ཞིག་མེད་པ་དེ་ལྟར་ནའང༌། དེ་བཀག་ཅིང་ཕྱིར་བསྡུ་བྱས་པས། ང་ཚོར་རྩོམ་པ་པོ་རང་ཚུགས་ཅན་རེ་ཤས་ལས་མི་ལྷག་པར་འགྱུར་བ་ཡིན།
དེ་བས་ན། ད་ནི་ང་ཚོས་ཅི་ཞིག་བྱེད་དགོས་སམ། ཐབས་ཚུལ་གང་ཞིག་གིས་ཚང་མའི་སྙིང་ལ་རུས་པ་འཇུག་དགོས་སམ། དྲི་བ་འདི་འདྲ་ནི་ཉིན་རྟག་པར་སླེབས་ཀྱི་ཡོད་པ་དང༌། དེ་ལ་དེ་ལན་གྱི་བསམ་ཚུལ་ཀྱང་ཉིན་རེ་ཞིང་སླེབས་ཀྱི་ཡོད་པ་རེད་དེ། མདོར་དེད་ནས་བཤད་ན། བཤད་གླེང་བ་དག་གིས་ཀྱང་རང་ཉིད་ཀྱིས་ཡིག་ནོར་སྤེལ་བཞིན་དང༌། ཡུལ་སྐད་བེད་སྤྱོད་གཏོང་བཞིན་དུ་དེ་ཚུལ་ཞིག་གླེང་སྡོད་ཀྱི་ཡོད། ལར་ནས་རྩོམ་སྒྲིག་པའི་ལས་འགན་ལྟེ་བ་ནི། རྩོམ་ཡིག་གང་ཞིག་གི་བརྗོད་བྱའི་སྙིང་དོན་དེ་དུས་སྐབས་དང་འཚམ་མིན་དང༌། དེའི་སྒྲིག་བཀོད་ཀྱི་རིམ་པས་ཀློག་མཁན་ལ་སྤྲོ་སྣང་སྟེར་ཐུབ་མིན། གཞི་རྩའི་ཚིག་འགྲོས་དེར་ཀློག་མཁན་ག་ཚོད་ཅིག་འགུག་ཤུགས་ལྡན་མིན་བཅས་ཡིན་པ་དེ་ལྟར་ནའང༌། ཁ་སང་དེ་རིང་གི་བོད་ཡིག་རྩོམ་སྒྲིག་པ་ཚོར་མཚོན་ན། ཐོག་མར་འགན་འཁྲིའི་རྒྱ་ཁྱོན་དེར་ཚད་གཞལ་དང༌། དེ་ལས་ཀྱང་དཀའ་ཚེགས་ཆེ་བའི་ལས་ཀ་གཞན་ཞིག་ནི། ཡང་ནས་བསྐྱར་དུ་ཞུས་དག་གཏོང་དགོས་པ་དེ་ཆགས་ཀྱི་ཡོད། དོན་དངོས་ཀྱི་ཆ་ནས་དེ་རིང་ཁ་སང་གི་བོད་ཡིག་དུས་དེབ་དང་ཚགས་པར་གྱི་རྩོམ་སྒྲིག་པ་ཕལ་མོ་ཆེ་བ་ནི་ཞུས་དག་པའི་ལས་ཀ་བྱེད་མཁན་རེད། ཁོང་ཚོའི་ལས་ཀ་ཐོལ་བ་འདི་ནི་རྩོམ་བྲིས་པ་ཚོས་བཟོས་པ་རེད།
བར་མ་ལྡིང་ན་སྡོད་མཁན་ཁག་ཅིག་གིས། དེ་རིང་ཁ་སང་གི་རྩོམ་པ་པོ་ཚོས་ཅི་ཡང་འཇོན་གྱི་མི་འདུག ཅེས་ཤོད་ཀྱི་ཡོད་པ་རེད་ལ། དེ་བས་ཀྱང་སྔ་ལོའི་ནང་རྒྱ་ནག་གཞུང་གིས་ཉིན་མཚན་བསྟུད་དེ་བོད་ཀྱི་དངོས་ཡོད་གནས་སྟངས་འཁྱོག་བཤད་བྱས་པར་ལན་འདེབས་བྱེད་མཁན་རེ་ཤས་ལས་བྱུང་མ་སོང་ཞེས་འཁང་ར་བྱེད་མཁན་ཡང་ཉུང་ཉུང་མ་རེད་དེ། དེ་ནི་གནས་ལུགས་ལྡན་པའི་ཤོད་སྟངས་གང་ཡང་མ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱེད་པ་གཙོ་འདོན་བྱེད་ཀྱི་ཡོད་སྟབས། དེར་འགན་ཁུར་གྱི་རྣམ་པ་གང་ཡང་དགོས་ཀྱི་མེད། ང་ཚོ་ནི། བདེན་པ་བཤད་པའི་འགན་ཁུར་ནས་བཤད་དགོས་པ་དེས། མང་ཉུང་གི་ཆ་ནས་ཁོང་ཚོས་མང་བ་དང་ང་ཚོས་ཉུང་བ་སྤེལ་ཡོད་ནའང༌། དོན་ངོ་མར་ཉུང་ངུ་དེས་མང་བ་དེ་བསྒྱེལ་བཞིན་འདུག་གོ།།
ཡིག་སྐད་ནང་དོད་ཐུབ་མེད་པའི་ཡུལ་སྐད་དེ་ཚོ་ངེས་པར་དུ་འབྲི་སྤེལ་བྱེད་དགོས་པ་དང་ཚིག་མཛོད་ནང་བཅུག་དགོས་པར་སེམས།
ཡུལ་སྐད་ཡིག་སྐད་དུ་བསྒྱུར་བ་ནི་སྐད་ཡིག་གཅིག་གྱུར་གྱི་སྔོན་འགྲོའི་གོམ་པ་ཞིག་ཡིན་པ་མ་ཟད་ཡིག་སྐད་དེ་ཕུན་སུམ་ཇེ་ཚོགས་སུ་གཏོང་གི་ཡོད་པ་རེད། ཡུལ་སྐད་ནི་སྐད་རིག་པ་བ་ཞིག་ལ་མཚོན་ན་སྐད་རིགས་ཞིབ་འཇུག་གི་རིན་ཐང་ལྡན་པ་དང་། རྩོམ་པ་པོ་ཞིག་ལ་མཚོན་ན་སྐད་ཆའི་སྒྱུ་རྩལ་གྱི་རིན་ཐང་ཡང་ལྡན།
ང་ཚོའི་ཡུལ་སྐད་མནོག་མོ་རྡོ་རྗེ་ཕ་ལམ་ལྟ་བུ་དག་ལ་རིན་མེད་དུ་ལྟ་ཞིང་ཡིག་སྐད་སྐམ་པོ་མཆིང་བུའི་རྡོ་བ་ལྟ་བུ་དག་ལ་རིན་ཅན་དུ་ལྟ་བ་ལ་བརྟེན་ནས་ཡུལ་སྐད་ཅིག་དང་ཡིག་སྐད་ཅིག་གཉིས་བྱུང་བ་རེད། ཡུལ་སྐད་འབྲི་སྤེལ་བྱས་པ་ཡིན་ན་ཡིག་སྐད་རེད། འབྲི་སྤེལ་མ་བྱས་པ་ཡིན་ན་མུ་མཐུད་དུ་ཡུལ་སྐད་རེད།
ད་དུང་ད་དངོས་ནས་མགོན་པོ་ཕྱག་གཉིས་ལགས་ཀྱི་སྐད་ཆ་འདི་བདེན་གི་ཡ
ངོ་མ་མགོན་ཕྱག་གིས་བཤད་པ་བཞིན་ཕལ་སྐད་ལའང་བརྩི་མཐོང་སྤྲོད་ནས་དག་ཆ་དང་གོ་དོན་གཏན་འབེབས་ཀྱིས་ཚིག་མཛོད་བསྒྲིག་ཐུབ་ལ་ཡག་པོ་འདུག་བསམས། གཞན་ཞིག་ནི་ལ་དྭགས་དང་འབྲུག་སོགས་ཀྱི་ཕལ་སྐད་དང་ཡིག་ཐོག་ཏུ་ཐ་སྙད་གསར་པ་བསྐྲུན་ཟིན་པ་རྣམས་ལའང་བསམ་གཞིགས་བྱ་རྒྱུ་འདུག
འབྲུག་རྫོང་ཀའི་སྐད་དུ་སྤྱོད་བཞིན་པའི་ཐ་སྙད་མང་པོ་ཞིག་ང་ཚོའི་དགོས་མཁོ་དང་བསྟུན་ནས་བཀོལ་བ་ཡིན་ན་སྟབས་བདེ་མོ་འདུག་སྙམ། འོག་དུ་དཔེ་མཚོན་ཙམ་ཁ་ཤས་ཤིག་ཟུར་འདོན་བྱས་ཡོད། མིང་ཚིག་མང་པོ་ཞིག་བོད་ཡིག་ཏུ་ཡོད་ནའང་སྐབས་བབས་དབྱིན་ཡིག་ནས་ཕབ་བསྒྱུར་བྱེད་སྐབས་བོད་ཚིག་རིང་པ་འམ་མེད་པ་དེ་འདྲ་འདུག
ཀ་ཀུ་རུ=pumpkin, ཀ་ཆེན=column (ང་ཚོའི་ཚིག་མཛོད་དུ་འདི་ལ་ལེ་ཚན་ཟེར་འདུག )
ཀང་ཀྲ=fork, ཀུན་སྤྱོད་རིག་པ=ethics, ཀེ་ཧང་=Marijuana, ཀེར་ཐིག=vertical line,
ཀོ་པི=Cabbage, ཀྱོང་ཤེལ=concave lens, ཀློ་པ=unexposed, uncivilized person,
བཀག་ཆས=resistor, brake, བཀོད་ཤོག=form, proforma, format,
བཀྲམ་སྟོན་ཁང་=exhibition hall, རྐང་རིལ=football, (རྐང་སྤོལ་)
སྐར་ཉstarfish, སྐུད་པོ=brother-in-law, སྐྱ་སྣུམ=hair oil,(སྐྲ་ལ་སྐྱ་ཟེར་)
སྐྱིན་འགྲུལ=credit, loan, བསྐལ་པའི་མེ=volcano, volcanic fire ,
བསྐྱར་གསོའི་རིང་ལུགས=revivalism
རྫོང་སྐད་དུ་བཀོད་ཤོག་དང་བཀྲམ་སྟོན་ཁང་ཟེར་བ་དང་ང་ཚོས་འགྲེམས་སྟོན་ཁང་དང་འགོད་ཤོག་ཟེར་བའི་ཁྱད་པ་དེ་གང་ནས་བྱུང་བ་རེད་དམ།
ཨ་མདོའི་སྐད་ནང་ཡང་། བཀྲམ་སྟོན་ཁང་ཟེར། ད་རུང་ཨམ་སྐད་འདྲ་བོ་འགྱོ་ཟེར་བ་དེ་འདྲ་འདུག་ག ད་ལོ་ངས་འབྲུག་གི་ཚགས་པར་ཅིག་ཀློག་པ་ཡིན་ཨམ་སྐད་དང་གཅིག་པ་ཁ་ཤས་ཤིག་མཐོང་སོང་། དོན་དག་དེ་ཚོ་ཡང་ཕལ་ཆེ་བ་གོ་གི་འདུག འབྲུག་གི་གཞས་དེ་ཚོ་དཔེ་སྙན་པོ་བྱུང་།
བོད་སྐད་ཉམས་མགོ་ཚུགས་ས་དེ་གཙོ་བོ། བོད་མིའི་ངག་ལ་ཡོད་པའི་ཚིག་དེ་བསྐྱུར་ནས། ལེགས་སྦྱར་དང་། ད་དུང་དབྱིན་སྐད་དང་རྒྱ་སྐད་ནང་ནས་ཚིག་གཅིག་རྙེད་ཨེ་ཐུབ་ལྟ་བ་འདི་ལ་ཐུག
དཔེར་ན། Brakeལྟ་བུ་ལ། དབུས་གཙང་ལ་ཡིན་ན། བཀན་རྡོ་ཟེར། དེ་ནི་ཤིང་རྟ་འཁོར་ལོ་དྲུད་པའི་ཚེ། ཐུར་ལ་འགྲོ་དུས། སྐབས་འཕྲལ་འཁོར་ལོ་དེ་འགོག་ཆེད། རྡོ་ཆུང་ཆུང་ཞིག་འཁོར་ལོའི་མདུན་ལ་རྒྱག་གི་རེད། དགོས་པ་གཙོ་བོ་དེ་འཁོར་ལོ་དེ་བཀར་པའི་དོན་རེད། བཀར་ཅེས་པ་འདི་ཡུལ་སྐད་ལ་ཀན་ཆགས་པ་རེད། དོན་ངོ་མ་བཀར་རྡོ་ཟེར།
ད་brake ལ་བཀར་རྡོ་ཟེར་ན་མི་འགྲིག་པ་ཅི་ཡོད། ནང་དོན་ཚང་ཡོད།
ད་དུང་དཔེར་ན་ཁྱག་སྒམ་ཟེར་བ་འདི་བསིལ་ཁོག་ཟེར་ན་མི་འགྲིག་གམ། དབུས་གཙང་གི་ས་ཁུལ་ཁ་ཤས་ལ། དབྱར་ཁ་ཆང་དང་ཤ་སོགས་ཉི་མ་མེད་སའི་ས་ཁུལ་བསིལ་པོ་ཞིག་ལ་ཁོག་མ་ལྟ་བུ་ཞིག་གི་སྣོད་ནང་ལ་འཇོག་ས་དེ་ལ་བསིལ་ཁོག་ཟེར།
དེ་བཞིན་སྔོན་མ་དམངས་གཙོ་དང་མང་གཙོ་ཞེས་བརྩོད་པ་མང་པོ་བརྒྱབ་སོང་། ང་ཚོ་བགད་མོ་ཤོར་བྱུང་། བོད་པའི་ཡིག་ངག་གཉིས་ལ་ཡོད་པའི་ཚིག་དེ་གཡུགས་ནས། རྒྱ་གར་དང་རྒྱ་ནག དབྱིན་ཇིའི་ཚིག་མང་པོ་ཞིག་དྲངས་སོང་། མཐའ་མ། བོད་པའི་ཁ་ལག་གཉིས་ལ་མི་བདེ་བའི་ཚིག་ཤིག་བཙན་བཅུག་བྱས་སོང་། བོད་པར་མང་པོས་བཀུར་བའི་རྱྒལ་པོ་ཞེས་པའི་ཚིག་གཅིག་ཡོད། བྱས་ཙང་། མང་བཀུར་ལམ་ལུགས་ཟེར་ན་མ་འགྲིག་པ་གང་འདུག ཚིག་དེས་མང་པོའི་ལྟ་བ་སོགས་ལ་གུས་བཀུར་བྱས་མ་མི་མཚོན་ནམ། མང་གཙོ་ཟེར་ན། བོད་པའི་མིང་ཚིག་ཨེ་རེད།
ཁྱེད་ཚོ་ལེགས་པར་སོམས་དང་། བོད་ཀྱི་དུས་བབ་ཟེར་ན་བོད་པ་གཅིག་གི་རྩ་བ་ནས་ཧ་གོ་གི་མ་རེད། དུས་བབ་ཟེར་བའི་ཚིག་འདི་བོད་ཀྱི་སྐད་དང་བརྡ་སྤྲོད་མ་རེད། འདི་ཕྱི་རྒྱལ་གྱི་སྐད་དེ། (Times) ཟེར་བ་འདི་བོད་སྐད་ལ་སླེབས་ཨེ་ཐུབ་ལྟ་བའི་ཚོད་དཔག་རེད།
བོད་ཀྱི་དུས་བབ་ཟེར་ན། བོད་ཀྱི་དུས་ཚོད་ལ་བབ་འདུག་ཟེར་རམ། ཡང་ན་བོད་ཀྱི་དུས་དང་བབ་ཟེར་རམ། ཡང་ན་བོད་ཀྱི་དུས་ལས་བབ་ཟེར་རམ། ཡང་ན་བོད་ཀྱི་དུས་ཀྱི་བབ་ཟེར་རམ།
ཁྱོད་དུས་ལ་བབ་ལྟ་བུར། དུས་བབ་ཅེས་བྲིས་ན། བློ་ལ་ཤར་ལྟ་བུར། བློ་ཤར། ཡུལ་ལ་འབྱོར་ལྟ་བུ་ལ་ཡུལ་འབྱོར་སོགས་བྲིས་ནས། ངེད་ཚོ་སྔོན་མ་ངག་ལ་ཡོད་པའི་ཚིག་འདི་མེད་པ་མི་བཟོ་འམ། དཔེར་ན་བློ་ལ་ཤར་ན། དྲན་པ་ཟེར། ཡུལ་ལ་འབྱོར་མཁན་གྱི་མི་དེ་ལ་མགྲོན་པོ་ལྟ་བུ་དང་། དུས་ལ་བབ་ལྟ་བུ་ལ། རན་པ་ཞེས་མི་ཟེར་རམ།
ངེད་ཚོས་རང་སྣང་གང་དྲན་གྱིས་ཚིག་ཕན་མེད་འདི་འདྲ་བཟོས། བོད་ཀྱི་བརྡ་སྤྲོད་དང་སྐད་དང་མི་མཐུན། སྔོན་མ་རྒན་རབས་རྣམས་ཀྱི་ངག་དང་བརྗོད་པར་མེད་པ། ད་དུང་སྐད་ཡིག་སྲུང་སྐྱོབ་བྱེད་ཀྱི་ཡོད་ཟེར་ན། ད་ང་ཚོ་སྨྱོ་བ་མ་རེད་དམ།
མ་གཞི་ནས་བོད་ཀྱི་བརྡ་སྤྲོད་ནང་བྱ་ཚིག་ཞིག་མིང་ཚིག་ཏུ་སྒྱུར་དགོས་ན། དེ་ལ་བརྡ་སྤྲོད་ཀྱི་ཁྲིམས་དང་ཐབས་ཤེས་མང་པོ་འདུག
དཔེར་ན། ཆུ་རྒྱུག་ཅེས་པ་འདིའི་མིང་ཚིག་ལ་ཆུ་རྒྱན་ཟེར། ལུས་ལ་གསེར་དང་དངུལ་འགེལ་བ་འདིའི་མིང་ལ་རྒྱན་ཟེར། སེམས་ལ་སྒྱུར་བ་བཏང་ནས་བཅོས་པའི་མིང་ཚིག་ལ་ཆོས་ཟེར། དེ་བཞིན། ཡུལ་གང་ཞིག་ལ་འཁོར་ནས་ཁ་བྲལ་མི་ཐུབ་པ་འདི་ལ་འཁོན་ཟེར། ད་དུང་འདུ་ཚོགས་ཆེན་པོ་ལ་འདུན་ཟེར། དཔེར་ན། དགེ་འདུན་ལྟ་བུ། གྲྭ་པ་མང་པོ་འདུ་བའི་མིང་ཚིག་མ་རེད་པས།
འདི་ཚོ་ལ་བརྟག་དཔྱད་བྱེད་དུས་བརྡ་སྤྲོད་ཀྱི་ཁྲིམས་ཤིག་འདུག གང་བྱུང་འདི་འདྲ་མ་རེད། སེར་རྐོ་མཁན་ལ་སེར་རྐོན་དང་སྤར་རྐོ་མཁན་ལ་སྤར་རྐོན་ལྟ་བུ་མ་རེད་པས།
བོད་པའི་ངག་ལ།
མ་ཤེས་ཤེས་དོག་བྱས་ན།
མི་ཡོང་དགུ་ཡོང་བཅུ་ཡོང་།
ཁྱིམ་ལ་མི་སྐད་བཞག་ནས།
ཕྱི་ལ་ཁྱི་སྐད་མ་རྒྱོབ།
ནོར་བཅོས། ཆུ་རྒྱུག་པའི་མིང་ཚིག་ལ་ཆུ་རྒྱུན་ཟེར།
རྡོར་དབང་ལགས་ནས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག
དྲ་ལམ་དུ་ཕལ་སྐད་དང་ཚིག་སྙོག་མང་པོ་ཞིག་སྤེལ་གྱི་འདུག་པ་དེ་ཚོ་རྩོམ་སྒྲིག་པས་ངོས་ནས་གསུབ་བཞག་ན་འགྲིག་གི་རེད། རྩོམ་སྒྲིག་པ་དང་རྩོམ་སྤེལ་བ་པོ་ཚང་མས་འགན་བླངས་པ་ཡིན་ན་ང་ཚོའི་གནས་སྟངས་སྡུག་རུ་མི་འགྲོ་བའི་ཡིད་ཆེས་ཡོད། གོང་དུ་དཔལ་སྐྱིད་ལགས་ནས་བསམ་ཚུལ་བློ་ལ་འབབ་པ་མང་པོ་ཞིག་བྲིས་གནང་འདུག་པར་རྗེས་སུ་ཡི་རངས་ཡོད།
བོད་ཀྱི་དུས་བབ་སྐོར་ལ་ཕྱི་རྒྱལ་གྱི་སྐད་དེ། (Times) ཟེར་བ་འདི་བོད་སྐད་ལ་སླེབས་ཨེ་ཐུབ་བལྟས་པ་རེད་ཟེར་བ་བདེན་པ་རེད། སྐབས་འདིར་དུས་དང་བབ་ལ་གོ་དགོས་པ་དང་དུས་བབ་ཡང་བསྡུས་ཚིག་ཡིན་པ་གང་ཉིད་མཁྱེན་དགོས་པར་བསམ། རྐང་པ་དང་ལག་པ་ལ་རྐང་ལག་ཟེར་བ་ལྟ་བུ།
དབྱིན་ཇིའི་ཚིག་དེའི་ནང་དོན་ཡང་དུས་ཚོད་དང་གནས་བབས་སམ་གནས་སྟངས་སྟོན་གྱི་ཡོད་པས་དུས་བབ་ཟེར་བའི་ཚིག་དེ་མིང་དོན་དང་མཚུངས་པ་ཞིག་རེད་བསམ་གྱི་འདུག
འཁྱག་སྒམ་ལ་བསིལ་ཁོག་ཟེར་དེ་ནི་འཁྱག་པའི་སྒམ་མ་དར་སྔོན་གྱི་ཚིག་ཅིག་ཡིན་པའི་ཚིག་རྙིང་པ་ཞིག་ཅ་ལག་གསར་བར་ཨུ་ཚུགས་ཀྱིས་འདོགས་པ་དེ་ཡང་རང་ཉིད་ངལ་བའི་རྒྱུ་ལས་མ་འདས་སོ།།
འབྲུག་དང་ལ་དྭགས་སྐད་ཀྱི་ནང་དུ་ཨམ་སྐད་མང་པོ་ཡོད་པ་དངོས་གནས་རེད། འོན་ཀྱང་འདི་དག་ཕལ་ཆེར་བོད་སྐད་ལ་བརྡ་རྙིང་དུ་གྱུར་འདུག དེང་སང་གི་ཡིག་སྐད་དང་ཡུལ་སྐད་དམ་ཡང་ན་དབུས་སྐད་དང་ཨམ་སྐད་སོགས་སྐད་གསར་བཅད་བྱས་བ་ནས་སོ་སོར་གྱེས་བ་ཧ་ཅང་གསལ་ལ། སྐད་གསར་བཅད་ཀྱི་དགོས་མཁོ་འདི་ཡང་ཡུལ་དབུས་ཀྱི་དབང་ཆེན་དང་དཔོན་ཆེན་མང་པོ་ཞིག་གི་དགོས་མཁོ་གཞིར་བཟུང་ཏེ་ཁོ་ཚོར་ཅི་ཞིག་མོས་བའམ་ཅི་ཞིག་སྤྱོད་བདེ་ན་དེ་གཞི་རྩར་བཞག་པས་རྗེས་སུ་འདི་འདྲའི་གོ་བརྡ་མི་འཕྲོད་པ་ཞིག་བྱུང་བར་འདོད། ལ་དྭགས་པ་ཚོས་མིག་ཤེལ་ལ་མྱིག་ར་དང་རླུང་ལ་བསེར་བུ། འབྲུག་པ་ཚོས་རྒན་པོ་ལ་རྒད་པོ་དང་། ཐམ་ག་ལ་ཐེས་སོགས་ཟེར་བ་ལྟར་སྟོད་ལ་དྭགས་དང་འབྲུག་ཡུལ་ནས་སྨད་ཨ་མདོའི་བར་མིང་དང་ཚིག་གཅིག་པར་སྤྱོད་བཞིན་ཞིག་བར་ལྷ་ས་ནས་བཙན་གྱིས་བསྒྱུར་བ་འདིས་མཐར་ང་ཚོ་མི་རིགས་དང་སྐད་ཡིག་གཅིག་པ་ཡིན་རུང་ཕན་ཚུན་གོ་བརྡ་མི་འཕྲོད་པའི་གནས་ཞིག་ཏུ་བསྐྱལ་བ་རེད།
འདི་རུ་ངེད་ཀྱིས་རྨོངས་འཆར་འགའ་གྲོས་སུ་འདེབས་འདོད་བྱུང་།
ཉིད་ཀྱིས་གསུངས་བ་ནང་བཞིན། གནད་འགག་གི་ལྟེ་བ་ནི། ང་ཚོར་རྩོམ་བྲིས་པ་ཇེ་མང་དང་རྩོམ་ཡིག་གི་འབོར་གྲངས་ཇེ་མཐོར་སོང་བ་མཉམ་དུ།
དག་སྡེབ་ཀྱི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད། དག་སྡེབ་ཀྱི་དཀའ་ངལ་འདི་རྩོམ་བྲིས་བ་སོ་སོའི་བརྡ་སྤྲོད་ཀྱི་རྨང་གཞི་དང་ཡང་འབྲེལ་བ་རྒྱ་ཆེར་འདུག
བཏགས་ནོར་ཡིན་དང་ཡིག་ནོར་ཡིན་སོགས་གསལ་བོ་ཞིག་བརྗོད་དཀའ་མོད། གང་ལྟར། རྨང་གཞི་ཇི་ཙམ་སྲབ་ན་དེ་ཙམ་གྱིས་དག་ཆའི་ནོར་བ་མང་དུ་སྤེལ་བཞིན་པ་འདི་ནི་མིག་མཐོང་ལག་ཟིན་ཞིག་རེད་སྙམ། དེ་ནས་ངེད་ཀྱི་རྨོངས་འཆར་ནི། དག་སྡེབ་ཀྱི་དཀའ་ངལ་འདི་མ་ཡིན་པར། རྩོམ་བྲིས་བ་ཇེ་མང་དང་རྩོམ་ཡིག་གི་འབོར་གྲངས་ཇེ་མཐོར་སོང་བ་དང་མཉམ་དུ།
རྩོམ་ཡིག་གི་སྤུས་ཚད་ཇེ་ཞན་ཏུ་འགྲོ་བཞིན་པ་དང་གཅིག རྩོམ་འབྲི་བ་རྣམས་ཀྱིས་རྩོམ་ཡིག་གི་བརྗོད་བྱའི་ཁྱབ་ཁོངས་རྒྱ་བསྐྱེད་ཐུབ་ཀྱི་མེད་པ་དང་གཉིས།
ཞིབ་འཇུག་དང་དཔྱད་ཞིབ་ཀྱི་བློ་སྔོན་ཏུ་བཏང་ནས་བསམ་ཚུལ་སྤེལ་མཁན་ཉུང་དུ་འགྲོ་གི་ཡོད་པ་དང་གསུམ། འགན་ཁུར་ནས་བསམ་ཚུལ་སྤེལ་མཁན་ཉུང་བ་དང་བཞི།
མིང་རྫུན་མ་འཁྱེར་ནས་དྲ་ངོས་ལ་གཏོང་བརླགས་གཏོང་མཁན་མང་དུ་འགྲོ་བཞིན་པ་དང་ལྔ་། སྒེར་གྱི་ཚོར་བ་དང་ན་ཚ་སྤེལ་མཁན་མང་དུ་འགྲོ་གི་ཡོད་པ་དང་དྲུག
བསམ་ཚུལ་རབ་རིབ་ཅན་སྤེལ་མཁན་མང་དུ་འགྲོ་གི་ཡོད་པ་དང་བདུན་། བསམ་བློ་གུ་ཡངས་བའི་སྒོ་ནས་རིག་པ་འཚོལ་བའི་ལམ་ལ་འཇུག་མཁན་ཉུང་བ་བཅས་ནི་རྩོམ་བྲིས་བ་ཇེ་མང་དང་རྩོམ་ཡིག་གི་འབོར་གྲངས་ཇེ་མཐོར་སོང་བའི་ངོས་ཀྱི་དེ་རིང་སང་ཉིན་གྱི་བོད་རིགས་རྩོམ་འབྲི་བ་ཚོའི་ཁ་སྟབས་དེ་རེད་འདུག་སྙམ།
དེ་ནས་དྲ་རྒྱའི་སྟེང་གི་རྩོམ་སྒྲིག་པ་ཚོས། ཡིག་ནོར་མ་སྤེལ་རོགས་དང་ཁ་འཛིང་མ་བྱེད་རོགས་ཟེར་བ་ཙམ་ལས་། ཐབས་ཚུལ་གཉིས་པ་ཞིག་ཧ་ལམ་བསྟེན་དུ་མེད་པའི་ཚོད་རེད་ཟེར་བ་དེ་ལ་ཡང་། ཕྱོགས་ངོས་མང་པོ་ལ་རྒྱུ་མཚན་ཡོད་ཀྱི་རེད་འདོད་གི་ དྲ་ངོས་ནས་དྲ་གྲོགས་གཅིག་གིས་གཅིག་ལ་དག་བཅོས་གནང་བ་དང་ནོར་བཅོས་ཀྱི་ལས་རིགས་གཉེར་བ་ཡིན་ན། གང་འཚམ་ནས་དག་བཅོས་གནང་ས་དེས་དག་བཅོས་གནང་མཁན་དེར་རྗེས་སུ་ཡི་རངས་ཞུ་རྒྱུའི་ཚབ་ལ། དྲ་འབུ་གསར་བ་ཞིག་གི་ངོ་གདོང་ཁུར་ནས་། དག་བཅོས་གནང་མཁན་དེར་བརྙས་བརྐོ་བཞིན་པ་དེ་ཡང་དེ་རིང་སང་ཉིན་གྱི་དྲ་ངོས་འདིའི་སྣང་བརྙན་གྱི་ཟུར་ཞིག་རེད་འདུག་ལབ་ན་རྫུན་དུ་མི་འགྲོོ
གཞན། ཁ་སྐད་དང་ཡིག་སྐད་ཀྱི་གནད་དོན་ཐད། སྒྱུ་རྩལ་ཡོད་མེད་དང་ངག་ལ་འཇགས་ཡོད་མེད་ཀྱི་གནད་དོན་གཙོ་བོ་མ་ཡིན་པར། གཙོ་བོ་ཁ་སྐད་ཡིག་སྐད་ཀྱི་ཕྱོགས་སུ་འཁྲིད་ན་དགེ་ཕན་ཆེ་བ་འདུག་གམ། ཡིག་སྐད་ཁ་སྐད་ཀྱི་ཕྱོགས་སུ་འཁྲིད་ན་དགེ་ཕན་ཆེ་བ་འདུག འདིའི་ཕྱོགས་ལ་བསམ་ཚུལཇི་སྙེད་ཅིག་ཡོད་རུང་། ཡིག་སྐད་གཙོར་འཇོག་བྱེད་ཐུབ་ན་ཕུགས་ལ་དགེ་ཕན་ཆེ་བ་འདུག་སྙམ། དེ་ཙམ་ཞུ།
བློ་བསྐྱེད་ཞེ་དྲག་བྱུང་སོང་། ཐུགས་རྗེ་ཆེ་ཞུ།
འབྲུག་རྫོང་ཀའི་མིང་ཚིག་དེ་དག་ལས་འགའ་རེ་ནི་ལེགས་སྦྱར་རམ་ཡང་ན་ཧིནྡཱིའི་སྐད་སོར་བཞག་བྱས་པའང་འདུག
དཔེར་ན།
ཀ་ཀུ་རུ=pumpkin n कर्कारुः karkāruḥ ཀ་ཀུ་རུ་ནི་ལེགས་སྦྱར་ཡིན་འདུག
ཀང་ཀྲ=fork काँटा kām̐ṭā (ཧིནྡཱིའི་སྐད)
ཡང་ན། ཀང་ཀྲ=fork कांटा kāṇṭā (ཧིནྡཱིའི་སྐད)
ཀོ་པི=Cabbage गोभी gōbhī (ཧིནྡཱིའི་སྐད)
དྲ་རྒྱའི་ཐོག་ཡོད་པའི་དབྱིན་སྐད་དང་ལེགས་སྦྱར་ཤན་སྦྱར་གྱི་ཚིག་མཛོད་གཟིགས་འདོད་ན།
http://www.sanskrit-lexicon.uni-koeln.de/aequery/index.html
དྲ་རྒྱའི་ཐོག་ཡོད་པའི་དབྱིན་སྐད་དང་ཧིནྡཱིའི་སྐད་ཤན་སྦྱར་གྱི་ཚིག་མཛོད་གཟིགས་འདོད་ན།
http://www.shabdkosh
བསྐལ་པའི་མེ=volcano, volcanic fire , བསྟན་བཅོས་ལ་གྲགས་པའི་ཐ་སྙད་དུ་འདི་ལ། རྟ་གདོང་གི་མེ་དང་། རྒོད་མ་ཁའི་མེ་ཞེས་ཟེར། བརྡ་ཆད་འདི་གསང་སྔགས་ཀྱི་གཞུང་དུ་མང་དུ་སྣང་། ལེགས་སྦྱར་དུ་ ज्वालामुखः ཟེར།
Marijuana ཀེ་ཧང་ཞེས་པའི་བརྡ་ཆད་འདི་བོད་ཀྱི་བརྡའམ་ལེགས་སྦྱར་སོགས་གང་ཡིན་བཀའ་འདྲི་ཞུའོ། །
བསམ་ཚུལ་ཞིག་བསྐྱར་དུ་གླེང་བ——-ཟེར་མཁན་འདིས་རང་གིས་ཚིག་སྦྱོར་དག་མོ་ཞིག་ཀྱང་འབྲི་མི་ཤེས་མོད། ད་དུང་ཡུལ་སྐད་དང་ཡིག་སྐད་ཟེར་ཁུལ་བྱེད་ཀྱིན་ཡོད།
བསམ་ཚུལ་ཞིག་བསྐྱར་དུ་གླེང་བ་ཟེར་མཁན་ལགས།
དག་སྡེབ—-ཟེར་བ་ནི་ཁྱོད་ཀྱིས་མིང་བསྡུ་དུས་མིང་བསྡུ་སྟངས་ཀྱི་གཞུང་ལུགས་ལ་གསལ་ཆ་ཅི་ཡང་མེད་པས་ཡིན་ལ།
འབོར་གྲངས—-ཟེར་བ་ནི་ཁྱོད་ཀྱིས་བརྡ་སྤྲོད་པའི་སྐད་ཆའི་ལུགས་སྲོལ་ཟེར་བ་ཞིག་ཕལ་ཆེར་གོ་མྱོང་མེད་པ་འདྲ།
ཤོད་བབ—-ཟེར་བ་ནི་ཁྱོད་ཀྱིས་བྱ་བའི་མིང་གིས་དངོས་མིང་གྲུབ་དགོས་ན་དངོས་བོ་བདག་གཞན་གང་གིས་གྲུབ་དགོས་མིན་ལ་མགོ་ཉོག་ཐེབས་ཟིན་པའི་རྐྱེན་གྱིས་རེད།
ཕལ་ཆེར་མགོ་ནས་མཇུག་བར་དུ་ཚིག་རྐང་འཕྲོད་མོ་གཅིག་ཀྱང་དཀའ་མོད། དུས་ཚོད་མི་འདུག
དཔལ་སྐྱིད་ལགས་སུ།
འདིར་མཁས་བླུན་གྱི་སྐད་ཆ་ཤོད་ཀྱིན་སྡོད་ན་བྱབ་ཆུང་དྲགས་པ་རེད་། ཁྱེད་རང་མཁས་པ་ཡིན་ན་འདི་རུ་བྱོན་ལེགས། བྱོན་ལེགས། ཕྱག་འཚལ་ལོ། ཨ་ ཧ་ ་་ཧ། ཡིན་ནའང་མཛོ་དང་མཛོ་མོ་ཆེན་པོ་ཡིན་པ་ཙམ་གྱིས་དེའི་རྐུབ་ནས་ལྕི་བ་ཆེན་པོ་དོན་རྒྱུ་ཡོད་པའི་ཁྱབ་པ་ནི་མེད་དོ་།
ངས་འདིར་དབུས་གཙང་གི་ཐ་སྙད་དོར་ནས་རྫོང་ཀ་ཡི་ཐ་སྙད་སྤྱོད་དགོས་ཟེར་རྒྱུ་མ་བྱུང་། ཤེས་དགོས་རྒྱུ་ཞིག་ལ་སྐད་ཡིག་གི་ས་མཚམས་དང་རྒྱལ་མཚམས་གཉིས་གཅིག་པ་མ་རེད། མ་གཞི་ནས་སྐད་ཡིག་ནང་དུ་ཆབ་སྲིད་བསྲེས་ན་སྐད་ཡིག་ལ་གྱོང་རག་རྒྱུ་རེད།
ཁྱེད་རང་གིས་མཁྱེན་གསལ་རེད་། ཧི་མ་ལ་ཡའི་ལྷོ་བརྒྱུད་དུ་ཡོད་པའི་ཤར་པ་དང་འབྲས་ལྗོངས། འབྲུག་དང་ལ་དྭགས་སོགས་དང་ཆོལ་ཁ་གསུམ་དུ་དར་བའི་ཕལ་སྐད་ཀྱི་འབྱུང་ཁུངས་བོད་ཡིག་རེད། རབ་བྱུང་ན་འདི་དག་ཚང་མའི་བར་ཐག་ཇེ་ཉེ་རུ་གཏོང་ཐུབ་ན་ཆོས་དཔལ་སྲིད་གསུམ་གྱི་ཐོག་ལ་ཕན་ཐོགས་ཆེ་བ་ཡོད་། དེ་མ་བྱུང་ནའང་རྒྱུན་སྤྱོད་ཀྱི་ཐ་སྙད་ཕན་ཚུན་གཡར་རེས་བྱེད་ན་སྐྱོན་མེད་ཅི་ཡང་མི་མཐོང་།
ངས་རྫོང་ཀའི་ཐ་སྙད་འགའ་དཔེ་མཚོན་དུ་བཀོད་པ་ནི་དཔེ་ཙམ་ཡིན་པ་ལས་གོང་དུ་བཀོད་པ་ཚང་མ་ངེད་ཚོས་ནང་འདྲེན་བྱེད་དགོས་པ་ཞིག་བཤད་རྒྱུ་མ་བྱུང་། དགོས་དབང་དང་བསྟུན་ནས་རྫོང་སྐད་ནས་ཐ་སྙད་རེ་ཟུང་མཁོ་བ་འདུག་བླང་ལོས་ཆོག
ཁྱེད་ཀྱིས་བཀག་ཆས་ཟེར་བ་ལས་བཀར་རྡོ་ཟེར་ན་ལེགས་པར་བཤད་སོང་། གྲུ་གཟིངས་ཅིག་ལ་གཏིང་རྡོ་དང་བཀག་ཆས་གཉིས་ཀ་ཡོང་ཆོག་ལ་མོ་ཊ་ཞིག་ལའང་བཀག་ཆས་ (brake) དང་བཀར་རྡོ་(wheel/car/parking stopper which you put the way you described it for བཀར་རྡོ། )གཉིས་ཀ་ཡོང་ཆོག་གི་རེད་བསམས།
བསམ་བློ་གུ་ཡངས་ཙམ་གྱིས།
ངའི་བསམ་ཚུལ་ཙམ་ཡིན། གཞན་ང་ལ་འདི་ཡིན་དང་དེ་མིན་ཟེར་ནས་མཁས་མིང་གི་དམ་ཕྲུག་ནི་བརྒྱབ་རྒྱུ་མེད་ལ་ཁྱེད་ནང་བཞིན་གྱིས་བཀའ་བཀྱོན་གཏོང་ཐུབ་པའི་སྤོབས་པའང་མེད། དེ་ལུགས་གྱིས།
སྒོམ་སྡེ་ལྷ་རམས་པ་ལགས་སུ།
ཁྱེད་ཀྱི་དྲི་བ་ལ་ངས་ལན་འདེབས་ཀྱིན་ཡོད། ཡིན་ནའང་ཁྱེད་ཀྱིས་འདི་དག་ལ་བསྐྱར་དུ་དག་བཤེར་བྱ་དགོས་རྒྱུ་རེད་སྙམ།
Marijuana ཞེས་པ་འདི་ནི་མ་དག་རྒྱུན་འབྱམས་སུ་སོང་བའི་མེསུཀོ་ནས་ “ཆོག་མཆན་མེད་པ་ཁྲིམས་འགལ་”གྱིས་འཛུལ་པའི་མིང་ཚིག་ཅིག་རེད། ཚན་རིག་གི་མིང་ལ་ cannabis་ཟེར། མིང་འདིའི་འབྱུང་ཁུངས་ནི་ལེགས་སྦྱར་གྱི་སྐད་དུ་cana་ཟེར་བ་དེ་རེད། དེའི་ཡར་སྔོན་དུ་རིག་བྱེད་དུ་རྩྭི་ཤིང་འདི་ལ་གསོ་རྩྭ་ཞེས་བསྔགས་པ་འདུག རྩྭ་འདི་ལ་བརྟེན་ནས་བྲམ་ཟེ་རིག་བྱེད་པ་ཚོས་བཟའ་བཏུང་ཡང་ཅང་མི་དགོས་པར་ཤོད་ཀྱི་འདུག དེ་ངོ་མ་ཡིན་པ་ནི་རྡ་སར་དང་མ་ནཱ་ལི་གཡས་གཡོན་ལ་མཐོང་རྒྱུ་མི་ཉུང་བ་ཞིག་ཡོད་བསམས་སོང་། ཨ་ཧཧ་་་ཧ།
དེ་འདྲ་ཡིན་དུས་འབྲོག་རྫོང་ཀ་བས་འདི་ལ་ ‘ཀེ་ཧང་’དང་ ‘ཀི་རྣམ་’དང་ ‘ཀེ་རྣམ’་གང་བྱུང་དུ་འབྲི་འི་འདུག ལེགས་སྦྱར་རུ་ cana གི་མིང་མ་བྱུང་སྔོན་དུ་bhanga ཟེར་བ་རིག་བྱེད་ཀྱི་བརྩམས་ཆོས་ནང་དུ་འདུག ཨ་རབ་པས་bang་ཟེར།
དེང་སང་རྡ་རམ་ས་ལ་བྷོམ་འཐེན་མཁན་མང་པོ་འདུག་ཟེར་བ་ལྟ་བུ་ལ་བལྟས་ན་ཚིག་འདི་ཡང་ངེད་ཚོའི་ཁ་སྐད་དུ་སླེབས་ཟིན། ངས་ཁྱེད་ལ་དོགས་སེལ་གྱི་དྲི་བ་ཞིག་གཏོང་གོ། ཀུ་ཤ་ཟེར་བ་ལེགས་སྦྱར་གྱི་སྐད་དང་བོད་སྐད་དུ་རྩ་མཆོག་ཅེས་པ་དེ་རེད། ཀུ་ཤ་བྷནྡྷ་ཞེས་པ་དེ་bang་དང་གཅིག་པ་རེད་དམ། ཤཀྱ་ཐུབ་པ་འཚང་མ་རྒྱ་བའི་གོང་དུ་རྩ་མཆོག་དྲུང་དུ་ལོ་དྲུག་དཀའ་བ་སྤྱོད་པའི་རིང་ལ་འབྲུ་རྡོག་རེ་རེ་མཆོད་ནས་བསྒོམ་ལ་བཞུགས་བ་རེད་ཟེར་བ་དེ་རྩི་ཤིང་འདིའི་འབྲས་བུ་རེད་དམ། དོགས་གཞི་ཆེན་པོ་འདུག་དཱ། ཨ་་་ཧཧ་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྷོམ་འཐེན་པ་རེད་ཟེར་ན་དཔེ་བསག་གི་རེད། དེ་ལྟར་གོ་མི་ཉན་ལོ།
དེ་དང་Bengal དང་Bangladesh གཉིས་ཀྱང་གོང་གི་ཐ་སྙད་དེ་ལས་འཆད་བར་གྲགས། གང་ལྟར་ཟ་ཤེས་ན་སྨན་དང་ཟ་མ་ཤེས་ན་དུག་ཟེར་བ་ལྟར་རྩྭི་ཤིང་འདི་བཀོལ་སྤྱོད་ཀྱི་ཁྱད་པ་ལ་བརྟེན་ནས་སྨན་དུག་གང་རུང་དུ་འགྱུར་བ་རེད། རྩྭ་ཤིང་འདི་ནི་འབོ་རས་དང་རྩྭ་ཐག་སོགས་བཟོ་པའི་རྒྱུ་ཆ་ལེགས་པའི་གྲས་ཅིག་རེད།
སུམ་རྟགས་སུ་དག་སྡེབ་བྱེད་སྟངས་ཀྱི་ཁྲིམས་གཞི་ཞིག་ཡོད་བཟོ་མིན་འདུག སངས་རྒྱས་ཀྱིས་དུ་ནག་འཐེན་པའི་པའི་དོགས་པ་ཞིག་སྐྱེས་དགོས་ཀྱི་མ་རེད། རྣམ་རྟོག་སློང་མཁན།
རིག་འབྱུང་མིང་ཅན་གྱིས་དག་སྡེབ་ཀྱི་དཀའ་ངལ་འཕྲད་པ་བཤད་འདུག དག་སྡེབ་ཀྱི་དཀའ་ངལ་འཕྲད་པ་ཁ་ཤས་དཔེ་མཚོན་དུ་བཀོད་ནས་བཤད་ན་གོ་དོན་ཡོད་པ་མ་གཏོགས་རྒྱུ་མཚན་མེད་པ་བསྡོམས་ཚིག་མང་པོ་ཞིག་བརྒྱབ་ཁུལ་བྱེད་ན་སྣང་བར་འགྲོ་གི་མ་རེད།
སྒོམ་སྡེ་ལྷ་རམས་པ་ལགསུ།
ཁྱེད་རང་གིས་ཀེ་ཧང་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་གང་ཡིན་ནམ་དྲིས་པ་ལ་གོང་དུ་ངས་ཤེས་ཚད་ཀྱིས་ལན་བཏབ། ངས་ཀྱང་ཁུངས་དེ་ཇི་ཡིན་འཚོལ་འདོད་བྱུང་། འབྲུག་ཡུལ་ལ་གློག་འཕྲིན་ཞིག་བསྐུར་ཡང་ཡ་ལན་མ་བྱུང་།
ཡིན་ནའང་དྲ་གྲོགས་རྡོ་རྗེ་རྒྱལ་མཚན་ལགས་ཞུས་བ་ཞིག་གིས་དྲ་ཐོག་གི་ཟིན་བྲིས་ཅིག་ཏུ་ལན་འདི་འདྲ་ཞིག་བྱུང་།
“ཀེ་ཧང་དང་ཀེ་རྣམ་ཞེས་བྲིས་པ་དེ་འབྲུག་པའི་ངག་གཤིས་དང་བསྟུན་ནས་བྲིས་པ་ཡིན་གྱི་གང་བྱུང་མང་བྱུང་བྲིས་པ་མ་རེད། ངས་གོང་དུ་བརྗོད་པ་བཞིན་སྐད་ཡིག་དེ་འགྲོ་བ་མི་རིགས་ཀྱི་ཁྱད་ཆོས་ཤིག་ཡིན་པས་མི་རིགས་དེ་གྲུབ་པ་ནས་སྐད་རིགས་ཀྱང་གྲུབ་ཀྱི་རེད། དེ་ཡིན་དུས་སཾ་སྐྲི་ཏ་ནས་བྱུང་དགོས་དོན་གང་ཡང་མེད། གལ་ཏེ་སྲིད་པ་དེ་ལྟར་ཡིན་ན་སཾ་སྐྲི་ཏ་ནས་བྱུང་བ་ཡིན་ན་སཾ་སྐྲི་ཏ་གང་ནས་བྱུང་། དེ་འདྲ་དཔྱད་པ་ཐུག་མེད་དུ་ཐལ་གྱི་རེད། དེ་བས་སོ་སོའི་སྐད་རིགས་དེ་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་ཡིན་པར་ཁས་ལེན་ན་ཆོག་གི་རེད།” ཐུགས་ཕན་ཅང་གསོལ་བའི་རེ་བ་ཡོད།
རྡོ་རྗེ་རྒྱལ་མཚན་ཁོང་འབྲུག་ནས་ཡིན་ཟེར་འདུག
མུ་མཐུད་དཔྱད་པར་གནང་རོགས་ཞུའོ།
དཔྱོད་ལྡན་མེ་སྒྱོགས་རྒྱ་མཚོ་ལགས་སུ།
ངེད་ཀྱི་དྲི་བར་ལན་དང་འགྲེལ་བཤད་ཞིབ་གསལ་གནང་བར་ཐུགས་རྗེ་ཆེ། ཉིན་ཤས་རིང་བྲེལ་ཟིང་གིས་ཡེངས་ནས་དྲ་རྒྱར་བལྟ་ཀློག་བྱ་རྒྱུའི་གོ་སྐབས་མ་བྱུང་བ་ལས། གང་ཉིད་ལ་ཁྱད་གསོད་ཞུས་པ་དེ་འདྲ་མིན་པས། དེ་ལུགས་དགོངས་འཇགས་ཞུ།
ངེད་ལའང་ཀེ་ཧང་གི་འབྱུང་ཁུངས་ལེགས་སྦྱར་ཡིན་མིན་ཐད་དོགས་པ་ཅུང་ཞིག་ཁོང་ན་ལུས་ནས་ཡོད་པས། དོ་ནུབ་དུས་ཚོད་བྱུང་ན་ངེས་པར་དོགས་སློང་ཞུ་རྒྱུ་ཡིན།
དོ་ནུབ་མཇལ་ཡོང་།
མེ་སྒྱོགས་རྒྱ་མཚོ་ལགས་སུ།
གང་ཉིད་ནས་ Marijuana ཀེ་ཧང་དང་། cannabis གཉིས་ཀྱི་ཁྱད་པར་ལ་གསལ་བཤད་ཀྱི་བློ་བསྐྱེད་གནང་བར་བཀའ་དྲིན་ཆེ།
འོན་ཀྱང་ cannabis ཀེ་ན་བིས་ཞེས་པའི་ཀེ་ན་cana ལེགས་སྦྱར་ཡིན་ཚུལ་གསུངས་པ་དེ་ལ་དོགས་པ་འདི་ལྟར། ཅི་སྟེ་ཀེ་ན་ cana ལེགས་སྦྱར་ཡིན་པའི་དབང་དུ་བཏང་ན། འབྲུག་པས་ཀེ་རྣམ་ཟེར་རྒྱུའི་ཚབ་ཏུ་“ཅེ་རྣམ”མམ་ ཡང་ན། “ཙེ་རྣམ”ཟེར་དགོས་རྒྱུར་གནང་སྟེ། cana ལེགས་སྦྱར་ཏུ་བྲིས་ན་चन “ཅ་ན”ཞེས་འབྲི་དགོས་ཤིང་། དེ་ལ་ཅ་སྒྲའམ་ཙ་སྒྲ་ཐོན་པ་ལས། ཀ་སྒྲ་མི་འཐོན་པས་སོ་སྙམ་མོ། །
གཞན་ཡང་། cannabis ཞེས་པའི་ཚིག་འདིའི་འབྱུང་ཁུངས་ནི་ལེ་ཊིན་དང་། གྷི་རིག་གི་ Kannabisཞེས་པ་འདི་ལས་བྱུང་བར་དབྱིན་ཇིའི་ཚིག་མཛོད་རྣམས་སུ་གསལ་འདུག་ལགས། འདི་ནི་དོགས་སློང་གི་ཚུལ་དུ་ཕུལ་བ་ལས་དགག་པའི་རྣམ་པས་ནི་མིན་ནོ། །
“ཀུ་ཤ་བྷནྡྷ་ཞེས་པ་དེ་bang་དང་གཅིག་པ་རེད་དམ”གསུངས་པ་དེ་ལ་དཔྱད་པ་རྗེས་སུ་བྱ་རྒྱུ་ཡིན།
ནོར་བཅོས།
ཟེར་དགོས་རྒྱུར་གནང་སྟེ། ཟེར་དགོས་རྒྱུར་སྣང་སྟེ།
ང་ཚོས་སྒྲ་ཟུར་ཆག་གི་རིག་པ་གཅིག་པོར་སྦྱངས་ན་ཡང་སྦྱང་རྒྱུ་ཞིག་ཡོད་པ་རེད། ཟུར་ཆག་གི་མིང་ཟེར་བ་དེ་ཐོག་མའི་མིང་གི་འབྱུང་ཁུངས་གང་ཡིན་པ་དེ་རང་སོར་མ་གནས་པར་སྐད་རིགས་མ་འདྲ་བ་རེ་བརྒྱུད་པ་དང་མིང་དེའི་ཐོག་མའི་ཟུར་ཁ་རེ་ཆག་གི་ཆག་གི་འགྲོ་གི་ཡོད་པ་དང་། འགྱུར་གི་འགྱུར་གི་འགྲོ་གི་ཡོད་པ་རེད། ས་ཆ་གཅིག་ནས་ཀེ་ན་ཟེར་སར། གཅིག་ཏུ་ཅེ་ན། གཞན་དུ་ཆེ་ན། ཙེ་ན་སོགས་འབོད་ཚུལ་འདྲ་མི་འདྲ་བ་མང་པོ་ཞིག་ཡོང་སྲིད་པ་རེད།
དཔེ་བཞག་ན། ངས་སྔོན་རྒྱ་ནག་དང་ཙི་ན། china ཆིན ཚིན་སོགས་ཀྱི་འབྱུང་ཁུངས་གཅིག་ཡིན་པར་བརྗོད་པ་དེ་ཡང་དཔྱད་པ་ཅུང་ཟད་བྱས་པའི་སྐད་ཆ་ཡིན་བསམ་གྱི་ཡོད། སྐད་ཀྱི་གདངས་ལ་བསམ་བློ་ཞིབ་ཏུ་བཏང་བ་ཡིན་ན། རྒྱ་བོད་གཉིས་ཀྱི་བར་ན་ཡང་ཟུར་ཆག་གི་སྐད་ཆ་མང་པོ་ཡོད་པ་རེད། ཅོག་ཙེ། བཞི། ཤི སྒང་། རྡོ་ལྟ་བུས་མཚོན་མང་པོ་ཡོད་སྙམ།
མགོན་པ་ཕྱག་གཉིས་པ་ལགས་སུ།
ཁྱེད་ཀྱི་དགོངས་འཆར་དེར་རྒྱུ་མཚན་འདུག
ཅོག་ཙེ་རྒྱའི་སྐད་ཟུར་ཆག་ཡིན་པ་ངས་ཤེས། འོན་ཀྱང་ “བཞི”། ཤི་སྒང་། རྡོ་བཅས་ལ་འགྲེལ་བཤད་ཅིག་གནང་ན་ཚང་མར་ཕན་ས་རེད།
ཚང་མར་ཕན་ས་ཡིན་ན་ངས་བཤད་དགོས། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག དོན་གང་ཡིན་ལ་ལེགས་པར་སོམས་ཤིག རིགས་ཀྱི་བུ།
སྤྱིར་བཏང་རྒྱ་བོད་གཉིས་བར་སྐད་ཟུར་ཆག་མང་པོ་ཞིག་ཡོད་པ་དེ་སྐད་རིག་སྨྲ་བ་ཚོས་དཔྱད་ནས་ཟུར་ཆག་གི་མིང་མང་པོ་ཞིག་བཏོན་ཡོང་གི་ཡོད་པ་རེད། དེ་ཚོར་ཉམས་ཞིབ་གནང་མཁན་ཞིག་ནས་ཉམས་ཞིབ་ཀྱིས་མར་ཐོ་ཞིག་བཏོན་པ་ཡིན་ན་མང་པོ་ཞིག་ཡོད་པ་རེད་སྙམ།
ངས་བཞི་དང་ཤི་འདི་གཉིས་ཀྱང་ཕར་རམ་ཡང་ན་ཚུར་ཟུར་ཆག་པར་འདོད་པ་ལས་དེ་ལ་བརྒྱ་ཆ་བརྒྱའི་ཁུངས་སྐྱེལ་དེ་འདྲ་བྱེད་རྒྱུ་མེད། དེ་གཉིས་ཀྱང་ཟུར་ཆག་ཡིན་པར་འདོད་པའི་རྒྱུ་མཚན་ནི། ན་ནིང་ང་འདིར་རྒྱ་ནག་གི་སྨན་ཁང་ཞིག་ནང་ཕྱིན་པ་ཡིན། སྨན་ཁང་དེའི་ཐོག་ཁང་བཞི་བ་ལ་ཨང་གྲངས་བྲིས་མི་འདུག རྒྱུ་མཚན་ནི་རྒྱ་ནག་གི་སྐད་ནང་གྲངས་ཀ་བཞི་དང་ཤི་གཉིས་སྒྲ་གཅིག་པ་ཡིན་པར་བརྟེན་ནད་པ་སུ་ཞིག་བཞི་ཐོག་གམ་ཤི་ཐོག་ཏུ་སྡོད་འདོད་བྱེད། རྗེས་སུ་ང་ཕྱིར་ཡོང་ནས་བོད་སྐད་ཀྱི་གྲངས་ཀ་ལ་ཡང་བསམ་བློ་ཞིག་བཏང་བ་ཡིན། བོད་སྐད་དང་ལྷག་པར་དུ་ལྷ་སའི་སྐད་ནང་ཡང་རྒྱ་ནག་དང་གཅིག་པར་བཞི་དང་ཤི་གཉིས་སྒྲ་གཅིག་མཚུངས་འདུག་པ་རྙེད་པས་ངས་དེ་ཟུར་ཆག་ཡིན་པར་འདོད་ཀྱི་ཡོད། ད་རུང་གསུམ། དྲུག བཅུ། གཅིག་སོགས་ལའང་དཔྱད་རྒྱུ་འདུག་སྙམ། སྒང་ནི་ང་ཚོའི་རི་སྒང་ལ་རྒྱ་མིས་ཧྲན་ཀང་ཟེར། དེ་མིན་རི་དང་ཧྲི་གཉིས་ལ་ཡང་འབྲེལ་བ་ཞིག་མེད་དམ།
རྡོ་ཟུར་ཆག་ཡིན་ཚུལ་ནི་སྔོན་མ་ཞིག་ལ་ཨ་ལགས་ཤར་གདོང་ཚང་ནས་རྒྱ་སྐད་ཀྱི་ཧྲི་ཐུག་ནི་བོད་སྐད་ཀྱི་རྡོ་ལས་བྱུང་བ་རེད་ཟེར། དེ་སྐབས་ངས་རྡོ་དང་ཧྲི་ཐུག་གཉིས་ཀྱི་སྒྲ་གདངས་ལ་གནམ་སའི་ཁྱད་པར་འདུག་བསམས། ཡིན་ན་ཡང་། ཉིན་དེ་ནས་བཟུང་ངས་ཡང་ཡང་རྡོ་་རྡོ། ཧྲི་ཐུག་ཧྲི་ཐུག་ཟེར་ནས་ལྩེ་ཐོག་ལ་ཡང་སེ་ལེན་གི་ཡོད། རྡོ་དེ་ཡང་ཡང་ཀློག་ན་མཚམས་ཤིག་ལ་ཧྲི་ཐུག་གི་སྒྲ་དེ་རང་བཞིན་གྱིས་ཡོང་བ་དང་། ཧྲི་ཐུག་ཡང་ཡང་ཀློག་ན་རྡོའི་སྒྲ་ཞིག་ཡོང་གི་འདུག
ཁྱེད་རང་གིས་ཚོད་ལྟ་བྱོས། རྡོ་དག་མོར་ཀློག་ན་རྡོའི་སྔོན་དུ་རང་བཞིན་གྱིས་ཧྲི་འདྲ་བོ་ཞིག་ཡོང་སྟེ་ཧྲི་རྡོ་ལྟ་བུ་ཞིག་ཡོང་། ད་ཧྲི་རྡོ་དང་ཧྲི་ཐུག་གཉིས་སྒྲ་ཐག་ཧ་ཅང་ཉེ་བོ་མ་རེད་དམ།
ང་ཚོའི་གྲངས་ཀ་བརྩི་སྟངས་དེ་འཇར་པན་གྱི་གྲངས་ཀ་བརྩི་སྟངས་དང་ཐག་ཉེ་བོ་ཡོད་པ་དང་འཇར་པན་གྱི་གྲངས་ཀ་བརྩི་སྟངས་ནང་རྒྱ་མིའི་གྲངས་ཀ་བརྩི་སྟངས་འདྲ་པོ་ཡང་ཡོད་པ་རེད། དཔེར་ན་གཅིག གསུམ། དྲུག་ལྟ་བུ་རེད། དེས་ན་དེ་ཚོ་ཚང་མར་འབྲེལ་བ་ཞིག་ཡོད་པ་འདྲ།
ད་ལྟ་རྒྱ་ནག་གི་སྐད་རིག་སྨྲ་བ་ཚོས་རྒྱ་བོད་གཉིས་ཀྱི་སྐད་དེ་སྐད་ཁྱིམ་གཅིག་ཏུ་ངོས་འཛིོན་བྱེད་པ་དེ་ལའང་རྒྱུ་མཚན་གཏན་ནས་མེད་པ་ཞིག་ག་ལ་ཡིན། འགའ་རེས་འབར་མ་དང་བོད་ཀྱི་སྐད་དེ་སྐད་ཁྱིམ་གཅིག་ཏུ་བརྩི་ཡང་། དོན་དམ་པས་ལོ་རྒྱུས་ལ་བལྟས་ན་འབར་མའི་ཚུར་མཐའི་མི་རིགས་དེ་རྣམས་རྒྱ་བོད་གཉིས་ཀྱི་ས་མཚམས་ཡུན་ནན་གྱི་ཕྱོགས་དེ་བ་ཞིག་ནས་ཕར་ཆད་ཕྱིན་འདུག་ག དེ་ཙམ་ཡིན།
མིང་ཚིག་རེ་རེའི་ཆེད་དུ་སྐད་ཆ་རིང་པོ་རིང་པོ་བཤད་བསྡད་ན་ཆུ་ཚོད་འཕྲོ་བརླག་གཏོང་བྱེད་ལྟ་བུ་ཞིག་རེད་དེ། ཁྱེད་ཚོར་ཕན་ཐོགས་སྲིད་ན་དེ་ལ་སྐྱོན་མི་འདུག གཙོ་བོ་རང་ཚོས་དཔྱད་པ་ཐོངས།