འཇིགས་མེད་ནུབ་པ།
1)
བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་དེ་རེད། ཚོགས་པ་འདི་ལ་ས་གནས་གཞོན་ལྷན་ཁག་༨༧ ལྷག་འདུག(1) ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་དེ་བོད་རང་བཙན་རེད། ད་བར་དུ་བོད་རང་བཙན་རེད། འོན་ཀྱང་། མ་འོངས་པར་དམིགས་ཡུལ་དེ་རང་འཇགས་གནས་ཐུབ་མིན་བརྗོད་དཀའ། རྒྱུ་མཚན། ཕྱི་ལོ་༢༠༡༣ལོར་གཞོན་ནུའི་ས་གནས་ཁག་བརྒྱད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཕྱིར་ཐོན་བྱས་འདུག(2) ད་ལོར་ཡང་གཅིག་གིས་དབུས་ཀྱི་ཁྱབ་ཁོངས་ནས་འདུག་གི་མིན་ལབ་ཀྱི་འདུག དེ་ནི་ནེའུ་ཡོག་དང་ནེའུ་ཇར་སིའི་བོད་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་རེད། གཞོན་ནུ་ཚོགས་པའི་ནང་ཁུལ་གྱི་དཀའ་ངལ་འདི་དག་ན་ཚ་ཞིག་ཡིན་པར་ཆ་བཞག་ན། ན་ཚ་འདི་ས་གནས་ཁག་ནས་ན་འགོ་ཚུགས་ཀྱི་འདུག མ་རེད་དམ།
2)
ཉེ་ཆར་ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་ཀྱིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དོན་ཚན་གསུམ་ཅན་གྱི་ཡི་གེ་ཞིག་བཏང་འདུག(3) ཡི་གེ་དེའི་ནང་དོན་གཙོ་བོ་ནི་དབུས་གཞོན་ནུ་དང་ལྷན་དུ་ལས་ཀ་བྱེད་ཐབས་མི་འདུག་ཟེར་བ་དེ་རེད། ཡི་གེ་དེ་ངོ་དེབ་དང་དྲ་རྒྱ་སོགས་ན་འཁྱམས་ནས་འགྲོ་བཞིན་འདུག འདི་སྒྲིག་གཞི་ཡོད་པའི་ཚོགས་པ་ཞིག་གི་བྱེད་སྟངས་མ་རེད་སྙམ། དབུས་གཞོན་ནུའི་ལངས་ཕྱོགས་ལ་འདོད་པ་མེད་ན། འདོད་པ་མེད་སའི་ཚོགས་ཁོངས་ནས་ཕྱིར་ཐོན་ན་འགྲིག་གི་རེད་དྲན། དེ་འགྲོ་སྟངས་རེད། འོན་ཀྱང་། ས་གནས་གཞོན་ནུའི་རྒྱུན་ལས་མུ་མཐུད་དུ་བྱེད་རྒྱུ་དང་ཚོགས་པའི་ལངས་ཕྱོགས་ལ་འདོད་པ་མེད་ལབ་ན་འདི་གཏོར་བཤིག་གི་བྱ་སྤྱོད་མ་རེད་དམ། ལྷག་པར་དུ། ངེད་རང་སྒེར་གྱིས་བྱེད་སྟངས་འདིའི་རིགས་ལ་དཀའ་ངལ་གསུམ་མཐོང་གི་འདུག 1)བོད་དོན་འཐབ་རྩོད་མདུན་བསྐྱོད་བྱེད་རྒྱུར་ཕན་མི་ཐོགས་པ། 2)གཞོན་ནུའི་ཆིག་སྒྲིལ་ལ་ཕན་མི་ཐོགས་པ། 3)བོད་ནང་གི་བོད་མི་སེམས་ཤུགས་ཅན་དང་བློས་གཏོང་ཅན་དག་སེམས་མི་སྐྱིད་པ་བཟོ་བ་བཅས་རེད།
3)
ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་གཞོན་ནུའི་རྒྱུན་ལས་ཐུན་མོང་ནས་དབུས་གཞོན་ནུ་ལྷན་ཚོགས་དང་མཉམ་ལས་མི་བྱེད་ཟེར། ༧གོང་ས་མཆོག་གི་ཡང་དག་པའི་ལམ་སྟོན་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་ཤར་སྐྱོད་དང་རྒྱབ་སྐྱོར་ཞུ་གི་ཡིན་ཟེར།(4) དེས་ན། ༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དེ་དབུ་མའི་ལམ་རེད། ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་གཞོན་ནུ་དབུ་མའི་ལམ་ལ་བསྐྱོད་གི་ཡིན་ཟེར་བ་འདི་འགྱུར་བ་ཞིག་རེད། འདི་ལ་གཞོན་ནུ་ནང་ཁུལ་ནས་རྩོད་པ་བྱས་བསྡད་ན་ཡོང་རྒྱུ་སྐམ་པོ་རེད་དྲན། འོན་ཀྱང་། ས་གནས་གཞོན་ནུའི་རྒྱུན་ལས་རྣམས་དབུ་མའི་ལམ་ལ་འགྲོ་ན། ས་གནས་གཞོན་ནུའི་ཚོགས་མི་རྣམས་དང་མི་མང་ཚོ་ཡང་དེ་མཚུངས་ཡིན་ནམ། མི་མང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་དེ་རང་བཙན་ཡིན་པ་གཞིར་བཞག་གི་ཐོག་ནས་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་བདམས། རྒྱུན་ལས་རྣམས་ཀྱིས་ང་ཚོས་དབུས་དང་མཉམ་ལས་བྱེད་གི་མིན། དབུ་མའི་ལམ་ལ་ཤར་སྐྱོད་བྱེད་གི་ཡིན་ཟེར་ན། འདི་རྣམ་དཔྱོད་ཡོད་པ་དང་ཕུགས་རྒྱང་ཅན་གྱི་བྱེད་སྟངས་ཤིག་རེད་དམ།
4)
གཞོན་ནུ་ལྷན་ཚོགས་འདི་སྤྱི་ལོ་༡༩༧༠ལོར་བཙུགས་པ་རེད།(5) སྐབས་དེ་དུས། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་ལངས་ཕྱོགས་ཀྱང་རང་བཙན་རེད། དེའི་རྗེས་སུ་འགྱུར་བ་ཅི་བྱུང་དབུ་མའི་ལམ་གྱི་བྱུང་རིམ་གྱི་ལོ་རྒྱུས་ལ་གཟིགས་ན་གསལ་གསལ་ཐང་ཐང་རེད། འོན་ཀྱང་། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཐོག་མའི་དམིགས་ཡུལ་ཆེ་ཁག་བཞི་ལ་འགྱུར་བཅོས་སོགས་མ་བཏང་ནས་ད་བར་དུ་བསྡད་པ་རེད། དེར་བརྟེན། ད་ལྟ་གཞོན་ནུ་ནང་ཁུལ་ན་དམིགས་ཡུལ་ཆེ་ཁག་བཞི་བོ་དེའི་ཁོངས་སུ་དཀའ་ངལ་ཡོད་པ་གླེང་གི་འདུག(6) དེའི་དཔེ་མཚོན་གསོན་པོ་ཞིག་ནི། ནེའུ་ཡོག་དང་ནེའུ་ཇར་སའི་ས་གནས་གཞོན་ནུ་ལྷན་ཚོགས་འདི་རེད། ངེད་ཀྱི་བསམ་བློར། གཞོན་ནུ་ལྷན་ཚོགས་འདི་མུ་མཐུད་དུ་གནས་དགོས་ན། གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ཁོངས་སུ་འགལ་ཟླ་མེད་པ་ཞིག་བཟོ་རྒྱུ་འདི་ཡང་གལ་ཆེ། རྒྱུ་མཚན། མ་འོངས་པར་ཡང་ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་གཞོན་ནུ་ལྟ་བུ་བོད་མི་གནས་སྡོད་ཀྱི་ས་གནས་གཞན་ཁག་ནས་ཀྱང་ཡོང་སྲིད།
5)
ངེད་ཀྱི་བསམ་བློར། གཞོན་ནུའི་ཆིག་སྒྲིལ་ནི་ས་གནས་གཞོན་ནུ་ཁག་༨༧གྱི་ཆིག་སྒྲིལ་ཡིན། ས་གནས་ཁག་༨༧གྱི་ཆིག་སྒྲིལ་ནི་ས་གནས་མི་མང་གི་ཆིག་སྒྲིལ་ཡིན། ས་གནས་མི་མང་གི་ཆིག་སྒྲིལ་ནི་བོད་སྤྱི་བའི་ཆིག་སྒྲིལ་ཡིན། ད་ལྟའི་སྐབས་སུ། བོད་སྤྱི་བའི་ཆིག་སྒྲིལ་ནི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་མ་རྩ་ཆེ་ཤོས་དེ་ཡིན། འདི་ལ་ངེས་པར་དུ་བསམ་བློ་གཏོང་དགོས།
6)
མཐའ་དོན། མི་རིགས་ཀྱི་འཐབ་རྩོད་ཟེར་བ་འདི་ལ་ཚང་མ་ལུག་ནང་བཞིན་འགྲོ་སྟངས་གཅིག་ཡོང་གི་མ་རེད་། བསམ་ཚུལ་མི་མཐུན་པ་དང་ལངས་ཕྱོགས་མི་མཐུན་པ་ཡོང་གི་རེད་། མི་མཐུན་པ་འདི་དག་འཐབ་རྩོད་ཀྱི་ཁྱད་ཆོས་རེད་། ཁྱད་ཆོས་འདི་དག་མཐར་ཐུག་གི་དཀའ་ངལ་དེ་སེལ་བར་བེད་སྤྱོད་གཏོང་ཐུབ་པའི་རྣམ་དཔྱོད་དང་བློ་ཁོག་གཉིས་ཀ་དགོས་རེད་། རང་བཙན་དང་དབུ་མ་ཟེར་ནས་ནང་ཁུལ་དུ་རྩོད་པ་དང་རྡུང་རེས་བྱས་བསྡད་ན། དེས་འཐབ་རྩོད་ཀྱི་ནུས་པ་ཇེ་ཞན་ལ་གཏོང་གི་རེད་། འཐབ་རྩོད་ཀྱི་ཚེ་ཐག་ཇེ་ཐུང་ལ་གཏོང་གི་རེད་། དེར་བརྟེན། བསམ་ཚུལ་མི་མཐུན་པ་འདི་དག་མཉམ་གནས་ཀྱི་སྒོ་ནས་གཞི་རྒྱ་ཆེ་བའི་འཐབ་རྩོད་དེ་མདུན་བསྐྱོད་བྱེད་དགོས་རེད་། མདོར་ན། བསམ་ཚུལ་མི་མཐུན་པ་ཁག་མཉམ་གནས་ཐུབ་པ་དང་འཐབ་རྩོད་མདུན་བསྐྱོད་བྱེད་རྒྱུ་གཉིས་ཧ་ཅང་གནད་འགག་རེད་། གཞན། ད་ལྟའི་བཙན་བྱོལ་ནང་གི་དབུ་མ་དང་རང་བཙན་ཟེར་བའི་ནང་ཁུལ་གྱི་རྩོད་པ་བྱབ་ཆུང་འདི་མཚམས་བཞག་ན་ཡག དངོས་གནས་དྲང་གནས་མཚམས་བཞག་ན་ཡག
(ངེད་ཀྱི་བསམ་ཚུལ་རྩོམ་ཡིག་ལས་ཁག་གསུམ་པ།)
མཆན།
1) http://www.tibetanyouthcongress.org/regional-chapters/
2) http://bangchen.net/youth7thmay/
3) https://www.khabdha.org/?p=73484
4) https://www.khabdha.org/?p=73484
5) http://www.tibetanyouthcongress.org/about-tyc/
6) http://www.tibetanyouthcongress.org/aims-objectives/
རྩོམ་པ་པོས་ཕྱོགས་གཅིག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་གལ་ཆེ་རབས་དང་གཞན་ཞིག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ས་གནས་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལྟ་བ་དང་མཐུན་དགོས་རབས་བཤད་སོང་གང་ལབ་ཀྱི་མ་གོ།། རྩ་དོན་གཞོན་ནུ་ལྷན་ཚོགས་ཀྱི་རྩ་དོན་རང་དབང་ཟེར་བ་དེ་བསྐྱུར་དགོས་རབས་བཤད་ཀྱི་ཡོད་པ་འདྲ། དེ་ལྟར་ན་ཚོགས་པ་མང་པོ་ཞིག་དགོས་པ་མི་འདུག དབུ་མའི་ལམ་ལ་བཤར་བསྐྱོད་བྱས་ན་དེ་ཀས་ཆོག་པ་རེད། ཚོགས་པ་མང་པོ་ཞིག་ཚོགས་དངུལ་བསྡུ་བྱེད་ཙམ་ཆགས་འགྲོ་གི་འདུག བླ་མའི་རིང་ལུགས་ཟེར་བ་དང་བཤར་བསྐྱོད་ཟེར་བ་རྒྱལ་བའི་དགོངས་གཞི་དང་མི་འགལ་བ་བྱེད་དགོས་ལུགས་ཀྱིས་རྙོག་ཁྲ་འདི་ལྟར་ཆགས་པ་རེད།
དིང་གི་གཞོན་ལྷན་དེ་འདྲ་མེད་ན་ཡང་འགྲིགས་སྙམ་པའང་ཡོད་སྲིད།
རྩོམ་ཡིག་གནད་འགག་ཅན་རེད་མོད་ལག་ལེན་ལ་བསྟར་མཁན་སྟོང་པ་་་
ཁྱུང་སེ་ཟེར་བ་འདིའི་ཁ་ལ་ཉན་ན་ལན་པ་ཚང་མ་རྒྱལ་བ་ལ་ཡོད་ཚོད་འདུག། ཐོག་མ་བོད་ནས་བྱོལ་ཡོང་སྐབས་བོད་རང་བཙན་ལན་པ་ལ་འབད་གི་ཡིན་ཟེར། མནའ་རྒན་ཆེན་མོ་སོགས་རིམ་གྱིས་གཞོན་ལྷན། བུད་མེད་ལཧན་ཚོགས་སོགས་སྤྱི་ཚོགས་ནང་འགོ་ཚུགས། ད་ནི་རང་བཙན་མི་དགོས་ཞེས་དབུ་མ་བ་སོགས་བཙུག། བར་མ་བར་ནས་་་་་
བོད་ཀྱི་གཏམ་དཔེ་ཞིག་ཏུ༼སད་ཀྱི་ཁར་སེར་བ༽ཞེས་བརྗོད་ཀྱིན་པ་ལྟར། དབུ་མའི་ལམ་གཞོན་ནུ་ཚོགས་པ་ཟེར་བ་ཟུར་འཛུགས་དང་། ས་གནས་གང་མང་ནང་གཞོན་ལྷན་ཡན་ལག་ཁ་འཐོར་དུ་གཏོང་བཞིན་པ་འདི་ནི་བཙན་བྱོལ་སྤྱི་ཚོགས་འདི་བསམ་བཞིན་ཡིན་མིན་གང་ལྟར་རྦད་དེ་བོད་མི་དམངས་ཀྱི་ཁ་གཏད་དུ་ལངས་ཀྱིན་པ་གསལ་བོ་ཆགས་ཡོད། རྒྱུ་མཚན་ནི་བོད་ཕྱི་ནང་གཉིས་སུ་རྒྱ་ནག་གཞུང་གིས་ཅུང་དོ་སྣང་བྱེད་ས་དེ་གཞོན་ལྷན་ཆགས་ཡོད་ལ། གཞོན་ལྷན་འདི་ལྟར་མེད་པར་བཏང་ན་བོད་ནང་མུ་མཐུད་འགྲོ་བཞིན་པའི་ངོ་རྒོལ་ལའང་གཉའ་ཞུམ་པའི་ཤུགས་རྐྱེན་ཐེབས་སྲིད། དེ་ལྟར་བོད་ནང་དུ་རང་ལུས་མེར་བསྲེག་འདུ་བའི་ངོ་རྒོལ་རིགས་ཀྱི་གྲུབ་འབྲས་མེད་པར་གཏོང་མཁན་བཙན་བྱོལ་བ་ཆགས་ཡོད་པ་དང་། གཞིས་བྱེས་གཉིས་ཀྱི་བར་དུ་འགལ་བ་བྱུང་སྲིད་པས། རྒྱལ་བ་རིན་པོ་ཆེ་སྐུ་དངོས་ཀྱིས་གནད་དོན་འདི་དག་ལ་ལམ་སྟོན་བཀའ་སློབ་ཞིག་གསུང་གལ་ཤིན་ཏུ་ཆེ་བསམ།
ལྷ་སྡེ་གནམ་ལོ་ཡག་གིས་མི་སྐད་རྒྱབ་འདུག ད་ངོ་ཐོག་གཞོན་ལྷན་སྲ་ཚུགས་ཡོང་བ་དང་བོད་དོན་ལ་མ་འོངས་མདུན་ལམ་ཞིག་བཟོ་དགོས་ན་གཞོན་ལྷན་གྱི་ལྟ་གྲུབ་བཟུང་ཕྱོགས་ལ་རྒྱལ་བ་རིན་པོ་ཆེས་གཅིག་གསུང་ན་ཡིན་མིན་གྱིས་ཐག་ཆོད་བྱེད་ཐུབ། ཁ་སངས་ན་གོ་བདེ། ནམ་སངས་ན་འགྲོ་བདེ་ཟེར་བ་ལྟར་རེད། དེ་མིན་ཆུ་སྒང་གཉིས་དང་ཀརྨ་པ་གཉིས་དང་གཞོན་ལྷན་གཉིས་སོགས་མང་པོ་ཞིག་ནང་ཁུལ་དུ་མི་འགྲིག་པ་བྱུང་བ་དེ་རྒྱལ་བ་རིན་པོ་ཆེས་བྱས་པ་རེད་ཟེར་ནས་ཕར་ཕྱོགས་ཀྱིས་བཤད་བཞིན་པ་རེད། རྒྱལ་བ་རིན་པོ་ཆེས་གཅིག་གསུང་ན་དེས་ཐག་ཆོད་ཀྱི་རེད། དེ་མིན་གཞོན་ལྷན་ཚོགས་མི་བླུན་པོ་ཆུ་སྣ་གར་འཁྲིད་དུ་འགྲོ་མཁན་ཚོ་རང་ཚུགས་མི་བརྟན་ཅིང་རྩ་དོན་ལ་རྒྱབ་གཏོད་བྱེད་མཁན་དེའི་རིགས་ཟློས་གར་འཁྲབ་ཡོང་གི་འདུག
དབུ་མའི་ལམ་ལ་འགྲོ་མཁན་ཡོད་ན་གཞོན་ནུའི་
མིང་མ་བརྐུ་རོགས་་དབུ་མའི་ལམ་གྱི་གཞོན་ནུ་ཟེར་
བ་གོ་མ་མྱོང་།ཧ་ཧ་ཧ་
དེ་རིང་གི་གཞོན་ནུའི་རྩོད་རྙོག་འདི་དབུ་རང་གི་ལྟ་བའི་བར་གྱི་འགལ་ཟླ་ཞིག་ཡིན་ས་མ་རེད། ཁ་སང་ཁ་བརྡའི་ནང་བཀོད་ཡོད་པའི་ཨ་རིའི་ནིའུ་ཡོག་གི་ས་གནས་གཞོན་ལྷན་གྱིས་དབུས་རྒྱུན་ལ་ཕུལ་བའི་ཡི་གེ་དེའི་ནང་ལ་ལྟས་ན་གསལ་པོ་ཤེས་ཐུབ་པ་འདུག འདིར་མི་ལ་ལས་དེ་དབུ་རང་བར་གྱི་འགལ་ཟླ་ལ་བསྒྱུར་དེ་ཡང་རྒྱལ་བ་རིན་པོ་ཆེར་རྒོལ་སྐྱེད་ལ་བསྒྱུར་ཡོང་བ་འདིས་དམིགས་ཡུལ་ཅི་ཡིན་མི་ཤེས་མཁན་སུ་ཡོད།
དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་གསར་བཙུགས་གནང་འདུག
2015-05-26RFA
ཨ་རིར་དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་ཞེས་པའི་ལས་འགུལ་ཚོགས་པ་ཞིག་གསར་བཙུགས་བྱུང་གནང་འདུག
དེ་ཡང་ཨ་མི་རི་ཀའི་ས་གནས་Mininesotaནང་དུ་ཡོད་པའི་བོད་པའི་གཞོན་ནུ་ཁག་ཅིག་གིས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལག་བསྟར་གནང་བཞིན་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་དེ་བཞིན་མི་མང་ཁྲོད་ངོ་སྤྲོད་དང་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་དམིགས་ཏེ་དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་ཞེས་པའི་ལས་འགུལ་ཚོགས་པ་ཞིག་གསར་འཛུགས་བྱས་ཡོད་པ་དང་། དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་ཞེས་པའི་ལས་འགུལ་ཚོགས་པ་དེ་ནི་ཕྱི་ཟླ་ལྔ་པའི་ཚེས་༢༣ཉིན་ཨ་རིའི་མངའ་སྡེ་Minnesotaཡི་ཚོགས་ཁང་དུ་དངོས་སུ་འགོ་ཚུགས་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་མཛད་སྒོའི་ཐོག་གཙོ་བོའི་གསུང་བཤད་གནང་མཁན་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་བློ་བཟང་སྙན་གྲགས་ལགས་ཡིན་པ་དང་། དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་དེའི་དྲ་རྒྱའི་ཐོག་ལ། ཁོང་ཚོས་Youth for Umaylamཞེས་པའི་ལས་འགུལ་ཚོགས་པ་དེ་བཙུགས་དགོས་པའི་དམིགས་ཡུལ་བཀོད་པའི་ནང་། ཁོང་ཚོའི་ངོས་ནས་བོད་མི་ན་གཞོན་ཁྲོད་དུ་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་གོ་རྟོགས་སྤེལ་ཏེ་གསལ་པོ་ངེས་ཤེས་ཐུབ་པ་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་ལས་འགུལ་ཚོགས་པ་དེའི་ཐོག་ནས་ན་གཞོན་ཁྲོད་དུ་དབུ་མའི་ལམ་སྐོར་དང་། ཐབས་ལམ་དེ་གལ་འགངས་ཆེན་པོ་ཇི་ཙམ་ཡིན་པའི་སྐོར་སོགས་ཤེས་རྟོགས་ཡོང་ཐབས་ཀྱི་མཐུན་རྐྱེན་མང་དུ་བསྐྲུན་ཐབས་བྱ་རྒྱུའི་འཆར་གཞི་ཡོད་ལུགས་དང་། དབུ་མའི་ལམ་དེ་ནི་བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱ་ཐུབ་པའི་གལ་ཆེའི་ཐབས་ལམ་ཞིག་ཡིན་པར་བརྟེན་ནས་དབུ་མའི་ལམ་གྱི་སྲིད་ཇུས་དེའི་ཐོག་ནས་བོད་རྒྱ་གཉིས་ཀར་ཕན་ཐོགས་དང་ཁེ་ཕན་སྲུང་སྐྱོབ་ཐུབ་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་ངོས་འཛིན་དང་ཡིད་ཆེས་ཞུ་གིན་ཡོད་ཅེས་བྲིས་ཡོད་པ་རེད། དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་ཞེས་པ་གསར་འཛུགས་གནང་མཁན་བོད་མི་ན་གཞོན་ཁག་ཅིག་ཡོད་པ་ཁོང་ཚོ་དུས་རྟག་ཏུ་བོད་དོན་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཡིན་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མི་མང་ཁྲོད་དུ་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་གོ་རྟོག་སྤེལ་བ་བརྒྱུད་ཁོང་ཚོ་ནི་དབུ་མའི་ལམ་གྱི་སྲིད་ཇུས་ལ་ངེས་པ་རྙེད་པར་བརྟེན་ནས་ད་ཆ་ཁོང་ཚོས་སྤྱི་ཚོགས་ཐོག་གི་ལས་འགུལ་རྣམ་པ་འདྲ་མིན་ནང་ཞུགས་པའི་ཐོག་ནས་མི་དམངས་ཁྲོད་དུ་དབུ་མའི་ལམ་གྱི་སྲིད་ཇུས་ངོ་སྤྲོད་དང་། གོ་རྟོགས་སྤེལ་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་ལ་རམ་འདེགས་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།
ཡཡཡ་་་་ད་བོད་པ་ཇི་སྲིད་བར་དུ་ནང་འཛིང་ལ་མགོ་བོ་འཁོར་རྒྱུ་རེད། ཟམ་གདོང་ཚང་གི་དབུ་མའི་ལམ་གྱིས་སློབ་གསོ་དང་། རྒྱ་ནག་གི་རྒྱལ་གཅེས་ཆོས་གཅེས་ངོ་སྤྲོད་བྱེད་པ་གཉིས་ལ་ཁྱད་པར་གང་ཡང་མཐོང་གི་མི་འདུག ཧཧཧ
འཛམ་གླིང་ནང་ཅི་ཙམ་འགྱུར་བ་སོང་བ་དེ་ཙམ་གྱིས་རྒྱ་ནག་དམར་གཞུང་ཨུ་ཚུགས་ཅན་དེ་ལ་ཡང་འགྱུར་བ་གང་མཚམས་སོང་ཡོད་པ་གསལ་བོ་རེད། དེ་བཞིན་དུ་བོད་ཀྱི་གཞུང་སྒེར་ལ་ཡང་འགྱུར་བ་མང་བོ་ཞིག་སོང་ཡོད་པ་ངོས་ལེན་མི་བྱེད་ཐབས་མེད་རེད། བཙན་བྱོལ་སྲིད་གཞུང་འདི་ཡང་རང་བཙན་ནས་དབུ་མར་བབས་པ་རེད། དགའ་ལྡན་ཕོ་བྲང་དེ་ཡང་མི་དམངས་ཀྱི་སྒྲིག་འཛུགས་ཞིག་གི་ངོ་བོར་གྱུར་ཟིན་པ་རེད། བརྒྱུད་རིམ་འདི་ཚང་མས་ཐུགས་ན་གསལ་བོ་ཡོད་ངེས་རེད་སྙམ། ད་གཟོད་གཞོན་ནུ་ཚོགས་པའི་ལང་ཕྱོགས་འདི་ཡང་འགྱུར་བ་གཏོང་བའི་དུས་ལ་བབ་ཡོད་སྙམ། ཡོད་ཚད་འགྱུར་བའི་ཆོས་ཉིད་ཅིག་ལ་གཞོན་ལྷན་གཅིག་པུ་མི་འགྱུར་བར་རྟག་པར་གནས་ཐུབ་བམ། སྐབས་དང་བསྟུན་ནས་འགྱུར་བ་གཏོང་དགོས་ངེས་རེད། དེ་ལྟར་མ་ཕྱིན་ན་ཡར་རྒྱས་མེད་པའི་རྣམ་པ་ཞིག་ཏུ་མངོན། ཡུལ་དུས་དང་མཐུན་པར་་འགྱུར་བ་གཏོང་བ་ནི་དམག་འཐབ་ཡག་ཤོས་མ་རེད་དམ། དམག་འཐབ་ནི་ཕ་རོལ་བའི་གནས་བབས་པ་བལྟས་ཏེ་གཡོ་ཐབས་བཙལ་དགོས་པ་དེ་རེད།
ཧཧཧ་་བཤད་གིན་བཤད་གིན་མང་ཐལ།
༼ནད་མཁྲིས་པ་ཅན་གྱི་མིག་ལམ་དུ། དུང་དཀར་བོའི་ཁ་དོག་སེར་བོར་མཐོང༽ཟེར་བའི་གཏམ་དཔེ་འདི་མེས་པོ་གོང་མ་ཚོས་ལུང་རྟོགས་ལགས་ལྟ་བུ་དག་ལ་ཆེད་དུ་བསྡོམས་བརྒྱབ་པ་འདྲ། དེ་མིན་བྱུང་དང་བྱུང་གིན་པའི་ལོ་རྒྱུས་ཀྱི་དོན་དངོས་མི་མཐོང་དོན་མི་འདུག་སྙམ།
དགེ་འདུན་རྒྱ་མཚོའང་ཕེབས་ནས་ཡོད་ཚད་འགྱུར་དགོས་པ་བཤད་ཀྱིན་པ་ནི་དེང་སྐབས་རྒྱ་གཞུང་གིས་ཆེད་བསྐོས་མཁས་པ་ཟེར་མཁན་དག་གིས་ནང་ཆོས་པས་གསུང་གིན་པའི་མི་རྟག་པར་ཁ་གཡར་ནས་བོད་ནང་རྒྱ་གཞུང་གིས་སྤེལ་བའི་ནག་ཉེས་ཡོད་ཚད་བོད་མིའི་ལས་དབང་ཡིན་ཚུལ་སྒྲུབ་ཀྱིན་པར་གཅིག་མཚུངས་སུ་སྣང་ཞིང་། འདི་ནི་ཧ་ཅང་གི་གཟབ་དགོས་པའི་བསླུ་བྲིད་གསར་བ་ཞིག་རེད། འདི་དག་གིས་གཞོན་ལྷན་གཏོར་གྱིན་པའང་ལས་དབང་ཟེར་བའི་མགོར་གཡུགས་བསམ་བཞིན་པའང་ཟུར་བལྟས་ལེབ་མཐོང་དུ་སྣང་སྟབས། དོན་དངོས་སུ་བོད་མི་དམངས་ཀྱི་རྣམ་དཔྱོད་ལ་མཐོང་ཆུང་བྱས་པ་ཞིག་མ་རེད་དམ།
ཨ་རིར་དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་ཞེས་པའི་ལས་འགུལ་ཚོགས་པ་འདིས། རང་བཙན་གཞོན་ལྷན་ཉམས་འགོ་འཚུགས་པ་དང་། དབུས་ལམ་གཞོན་ནུའི་མྱུ་གུ་སྐྱེས་པ་རེད།
རྒན་ཀ་རྡོ་ལགས་ཐུགས་དམྱེས་པོ་བྱུང་བའི་རེ་བ་ཡོད། ཁྱེད་དབུ་མ་ལ་ཐུགས་དགྱེས་པ་ཆེན་པོ་གནང་མཁན་ཞིག་རེད།
གཞོན་ལྷན་འདིས་རྒྱ་ནག་ལ་ཁྲིམས་བསྟུག་ཞུ་བསྟུག་བྱེད་ཀྱི་ཡིན་ཟེར་འདུག ཨ་ལས་དང་པོ་ནེའུ་འཇེར་སི་དང་ནེའུ་ཡོག་ལས་སོགས་གཞོན་ལྷན་གྱི་རྩ་ཁྲིམས་ལ་བརྩི་སྲུང་མ་བྱས་ནས་གཞོན་ལྷན་ཚོགས་པའི་མིང་བྱང་འོག་གཡོ་ཁྲམ་འཁྲབ་མཁན་ས་གནས་ཁག་གི་གཞོན་ལྷན་ཟེར་བ་དེར་ཁྲིམས་སར་བསྐྱལ་དགོས་པ་རེད། ནང་བཀྲ་མ་ཤིས་ནས་ཕྱི་རུ་ཞབས་བྲོ་གང་འདྲ་བྱེད་དེ་འཁྲབ་རྒྱུ་ཡིན་ནམ།
རང་བཙན་གཞོན་ལྷན་འདི། བཙན་བྱོལ་འགྲིགས་འཛུགས་དང་། རྒྱ་གཞུང་གཉིས་ཀ་ལ་ཕན་ལས་གནོད་ཆེ་བ་འདུག གཞན་པ་མི་ག་ཚད་ལ་ཕན་ཐོགས་ཡོད་དམ།
ལྡི་ལིར་འཛོམས་པའི་གཞོན་ནུ་ཚོས་ཁག་བགོས་ཀྱིས་ཞུ་གཏུགས་བྱེད་ཀྱིན་ཡོད་ཚུལ་ཐོས།
བཙོན་པའི་སྐོར་དང་སྐུ་ཕྱའི་སྐོར་སོགས་ཞུ་གཏུགས་བྱས་པ་འདྲ།
བོད་རང་བཙན་ཡིན་པ་དང་དེ་ལ་རྒྱབ་སྐྱོར་དགོས་པའི་ཞུ་གཏུགས་བྱས་པའམ་བརྗེད་པ་འདྲ།
ཐ་ན་རྒྱབ་ཤ་དཀར་པོར་ལན་ཡག་པོ་ཞིག་ཀྱང་འབྲི་ཤེས་ཀྱི་མེད་པ།
ད་བཤད་ཡོད་དོ
ཧཧཧཧ
ཀར་རྡོས་བདེན་པ་གསུངས་སོང། ད་གཞོན་ལྷན་དབུ་ལམ་ལ་བབ་ན་གཞོན་ལྷན་གཅིག་སྒྲིལ་ཡོང་བ་མ་ཟད་བོད་མི་ཡོངས་གཅིག་སྒྲིལ་ཡོང་བར་ཡང་ཕན་ཐོག་ཆེན་པོ་ཡོང་བ་འདུག དེ་མིན་སྐབས་འཚོལ་བ་ཚོས་རང་བཙན་ཁ་ལ་ཁྱེར་ནས་གཞོན་ལྷན་འདི་ཆིག་སྒྲིལ་གཏོར་བྱེད་ཀྱི་ལག་ཆ་ལ་བཀོལ་ཡོང་གི་འདུག
གཞོན་ནུས་ཅང་མ་འཇོན་པ་འདྲ།
ལོ་སྔོན་མ་ཞིག་ལ་རང་བཙན་ཚོགས་པ་ཡིན་ཅིག་གསར་འཛུགས་བྱས་རབས་ཐོས།
ད་ལོ་དབུ་མའི་ལམ་གྱི་གཞོན་ནུ་མཐུན་ཚོགས་བཙུགས་པ་ཡིན་ན་འདིས་ཀྱང་རྣམ་འགྱུར་ཞིག་བསྟན་གི་མེད་དམ་སྙམ།
གནམ་ལོ་ཡག་ལ་བཤད་མ་བཤད་ཅང་ཡོད་ནི་མ་རེད། ཁོའི་མགོ་རྫ་མ་ནང་ལ་ཤོར་བ་དང་ཁྱད་ཅི་ཡོད་དམ།
རྒྱ་དམག་བོད་ལ་སླེབས་དུས་བོད་ལ་ཆོས་མ་གཏོགས་མེད་ཅིང་དེས་བོད་སྐྱོབ་མ་ཐུབ་པ་ལོ་རྒྱུས་ལ་གཟིགས་ན་མཁྱེན་ཐུབ་་་ ད་སྐབས་བོད་འདི་རང་བཙན་དང་དབུ་མའི་ནང་འཁྲུག་ལ་བརྟེན་ནས་རྒུད་བཞིན་འདུག ངོ་མ་སེམས་སྐྱོ་བ་ཞིག་རེད་ཡ་་་