ཧོར་གཙང་འཇིགས་མེད།
ཉིན་ཁ་ཤས་ཀྱི་གོང་ལ་མི་གླེང་མཐུ་མེད་ཀྱི་དོན་གནད་གཉིས་ཞེས་པའི་བསམ་ཚུལ་རྩོམ་ཐུང་ཞིག་བྲིས་ཏེ་བོད་ཀྱི་དུས་བབ་ཚང་ལ་བཏང་བ་ཡིན་ཀྱང་། དེ་རིང་འདིར་ཁ་བརྡ་དྲ་ཐོག་ཏུ་བརྒྱུད་འགོད་བྱས་འདུག་པ་མ་ཟད། རྣམ་དཔྱོད་ལྡན་པ་མང་བོ་ཞིག་གིས་ལེགས་ཉེས་ཀྱི་གདེང་འཇོག་ཀྱང་གནང་འདུག་པ་ལ་དགའ་སྤྲོ་སྐྱེས། ཁྱད་པར་དུ་གཞུང་དྲང་རིག་པ་སྨྲ་བ་མདའ་ཚན་པ་ལྟ་བུ། ཕྱི་ནང་གི་གཞུང་ལུགས་ལ་ལྟ་རྒྱ་ཆེ་བ་རྔ་བ་རྒྱལ་ཁམས་པ་ལྟ་བུ། རྩོམ་པ་བོ་གྲགས་ཅན་ཀླུ་སྨྱོན་ཡེ་ཤེས་ལྟ་བུ། གཞོན་སྐྱེས་ཤེས་ལྡན་པ་རིག་འབྱུང་དོན་བཀྲ་སོགས་ཀྱིས་དོ་སྣང་ཞིབ་ཚགས་དང་དགོངས་ཚུལ་ལྷུག་པོ་གསུངས་པ་ལ་བརྩི་བཀུར་ཡོད། དེ་མིན་ཀུན་སློང་དང་སྐད་ཆ་དཀྱོགས་ནས་བཤད་མཁན་རིགས་ལ་གསལ་བཤད་བྱེད་གལ་མ་མཐོང་།
མདའ་ཚན་པའི་སྐད་ཆ་ཁག་ཅིག་གནད་འགག་གི་སྐད་ཆ་རེད། ངས་ཀྱང་སྔོན་ཆད་རྒྱ་གར་གྱི་ཤེས་ཡོན་ཅན་དང་། ཆབ་སྲིད་པ་རེ་ཟུང་དང་མཉམ་དུ་དེའི་སྐོར་ལ་གླེང་མོལ་བྱེད་མྱོང་ཡོད། ཁོང་ཚོ་མང་ཤོས་ཀྱིས་རྒྱ་གར་ནག་གི་གནད་དོན་ཐག་གཅོད་པ་ལ་བོད་དོན་གལ་ཆེན་ཡིན་པའི་བསམ་ཚུལ་འདུག ངས་དེ་མ་ཤེས་པ་མིན་ཀྱང་། རང་ཉིད་ཀྱང་བོད་མི་ཐེབས་ཆག་ཅིག་ཡིན་པའི་ཆ་ནས་སྤྱི་དོན་ཐོག་སེམས་ཁྲལ་མང་བོ་ཡོང་གིན་འདུག་ཅིང་། སེམས་ཁྲལ་ཁག་ཅིག་བཤད་ཁུལ་བྱས་པ་ཡིན།
རྔ་བ་རྒྱལ་ཁམས་པ་ལགས་ཀྱི་བཀའ་མོལ་རྒྱ་ཆེན་པོ་རེད། གཏིང་ཟབ་པོ་རེད། འཇིག་རྟེན་གྱི་ཆོས་ལུགས་ཆེ་ཁག་གི་སྟོན་པ་དེ་ཚོ་དང་ང་ཚོ་བསྡུར་བའི་སྐད་ཆ་རེད། གཞུང་ལུགས་ཐོག་ནས་དེ་འདྲ་བསམ་མ་ཆོག་པ་མ་རེད། ལག་ལེན་ཐོག་ནས་ཤིན་ཏུ་བྱ་དཀའ་བ་རེད།
རིག་འབྱུང་ལགས་ཀྱི་མཆན་བུའི་ནང་ཁེ་ཉེན་ཆེ་བའི་དོན་དག་ཁག་ཅིག་འདུག་པ་དཔེར་ན། ང་རང་རྦད་དེ་བོད་ལ་རང་བཙན་ཐོབ་ན་མི་དགའ་བའམ། ཡང་ན་རང་བཙན་རྩོད་མཁན་ཡོངས་རྫོགས་ཀྱི་ཁ་གཏད་དུ་ལངས་ཀྱིན་ཡོད་པ་ལྟ་བུའི་ལོ་རྒྱུས་འགན་ཁུར་དང་འབྲེལ་བའི་སྐད་ཆ་བཤད་ཡོད་སྟབས། གསལ་བཤད་ཅུང་ཞིག་མ་བཤད་པ་ཡིན་ན། མི་ལོ་༡༨ ལྷག་གི་རིང་ས་མཐའི་སྡུག་སྒོམ་གྱི་མི་ཚེ་བསྐྱལ་ནས་གཅེས་ཤིང་ཕངས་པའི་སྲིང་ཆུང་མ་འཇིག་རྟེན་ཕ་རོལ་ཏུ་འདའ་བཞིན་པ་ཤེས་བཞིན་དུ་མཐའ་མའི་སྐད་ཆ་ཚིག་གསུམ་ཡང་བཤད་རྒྱུ་མ་བྱུང་བ་དང་། རྒས་ཤིང་འཁོགས་པའི་མ་རྒན་མ་སོགས་ཉེ་འབྲེལ་ལྟོས་བཅས་ལ་སེམས་ངལ་ཁོ་ན་སྤྲད། རང་ཉིད་ཀྱིས་མི་ཐེག་པའི་ལོ་རྒྱུས་ཀྱི་འགན་ཁུར་ཞིག་ཁྱེར་ནས་ས་དམར་བོ་ལ་སོ་བཏབ་ནས་ཡོད་པའི་ཁུལ་ཡིན་པ་ལ། རི་བོང་དང་སྡོམ་པ་གཉིས་མེད་བཟོ་བའི་ཉེན་ཁ་ཆེ་སྟབས་མགྱོགས་ཤད་ཀྱིས་གསལ་བཤད་ཅིག་བྱ་རྒྱུ་ཡིན།
ངའི་རྩོམ་ཐུང་དེའི་གོ་རིམ་འཁྲུག་ཡོད་སྲིད། མཐོ་རྒྱག་དམའ་རྒྱག་ཀྱང་དང་ཡར་མཆོང་མར་མཆོང་ཡང་ཡོད་སྲིད་ཀྱང་དེ་ཚོ་ལ་སྐྱོན་མི་འདུག ངའི་རྩོམ་ཐུང་འཁྲུག་པའི་དབང་གིས་ཡིན་ནམ། ཡང་ན་མཐོ་རྒྱག་དམའ་རྒྱག་ཆེ་དྲགས་པའི་དབང་གིས་ཡིན་ནམ་ངས་བཤད་ཁུལ་བྱས་པ་དང་རིག་འབྱུང་ལགས་ཀྱིས་གོ་བ་བླངས་པ་གཉིས་ར་འཕྲོད་ཀྱིན་མི་འདུག ངས་བོད་རང་བཙན་གྱི་ལྟ་བ་ཁྱེར་མཁན་ཇེ་མང་དུ་སོང་བས་ཆིག་སྒྲིལ་ལ་གནོད་ཀྱིན་འདུག དེ་རྒྱལ་བ་རིན་པོ་ཆེ་ལ་རྒོལ་བ་རེད་ལབ་མེད་ཚོད་ཡིན་ལ། གལ་སྲིད་ངའི་རྩོམ་ཡིག་བཀླགས་པས་ཚོར་སྣང་དེ་འདྲ་སྟེར་བ་ཡིན་ན་ངའི་བསམ་ཚུལ་བཤད་མ་ཤེས་པ་ཁོ་ནའི་སྐྱོན་ཡིན། ངས་བཤད་འདོད་པ་ནི་ཁ་ཤས་ཀྱིས་རང་བཙན་རྩོད་ལེན་པའི་ཟོལ་གྱིས་དོན་དངོས་ཐོག་གོ་སྐབས་བཙལ་ཏེ་རྒྱལ་བ་རིན་པོ་ཆེའི་མཚན་མཐོང་ལ་རྒྱ་ལ་གནོད་ཐབས་བྱེད་ཀྱིན་འདུག སྤྱི་དོན་ལམ་ལྷོངས་འབྱུང་བ་ལ་གེགས་བྱེད་ཀྱིན་འདུག དེ་མ་འོས་པ་ཞིག་རེད་ཟེར་གྱིན་ཡོད། ཕྱོགས་གཞན་ཞིག་ནས་བལྟས་ན་སྐུ་ཉིད་ལོ་ན་གཞོན་པ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་དཀྱིལ་འཁོར་ནང་ཕྱག་ལས་གནང་མྱོང་མེད་པས་དོན་དག་མང་བོ་ཞིག་འཆར་སྣང་དང་ལྟ་གྲུབ་གཞི་ལ་བཞག་པ་ཙམ་ཡིན་སྟབས། གནས་སྐབས་ང་ཚོའི་བར་ཆོས་ཅན་ཐུན་སྣང་བ་ཡོད་ཁག་པོ་རེད། ར་འཕྲོད་རྒྱུ་ཁག་པོ་ཡིན། འོན་ཀྱང་ངས་ཅིག་བཤད་ཁུལ་བྱས་པ་དེ་ན་ཚ་ཞིག་རེད་གསུངས་པ་ལ་ངོས་ལེན་བྱེད་མི་ཐུབ། རང་གིས་མི་འདོད་པའི་གཞན་གྱི་བསམ་ཚུལ་ཡོད་ཚད་ན་ཚ་ལ་བགྲང་དགོས་ན་ཅུང་ཐལ་ཆེ་བ་མིན་འགྲོ་སྙམ།
ཁྱེད་རང་གིས་ཁྱེད་རང་མི་རྒན་པ་དང་བསམ་ཚུལ་མཐུན་གྱིན་མེད་གསུངས་པ་རེད། ད་ལྟ་ཁྱེད་རང་ལོ་བཅོ་ལྔ་ཡིན་པར་ཆ་བཞག་ན་ངེད་གཉིས་ཀྱི་བར་ལོ་ངོ་སུམ་ཅུ་ཙམ་ཡོད་པ་བྱས། གལ་སྲིད་ཁྱེད་རང་རང་ལོ་ཉེར་ལྔ་ཡིན་པར་ཆ་བཞག་ན་ངེད་གཉིས་ཀྱི་བར་ལོ་ངོ་ཉི་ཤུ་ཙམ་རེད། བར་ཁྱད་འདི་ཆེན་པོ་བྱས་ན་ཆེན་པོ་རེད་ལ། ཆུང་ཆུང་བྱས་ན་དེ་ཙམ་གྱིས་ཆེན་པོའང་མ་རེད། ང་ཚོས་ལོ་བཅོ་ལྔ་དང་ཉི་ཤུ་སུམ་ཅུ་ཕར་ཟད། ལོ་ངོ་སྟོང་ཕྲག་དུ་མ་འདས་པའི་མིའི་བསམ་ཚུལ་མང་བོ་ལག་ལེན་དུ་བསྟར་བཞིན་ཡོད་པ་རེད། ལོ་ངོ་སྟོང་ཕྲག་དུ་མ་འདས་པའི་མིའི་བསམ་ཚུལ་མང་བོ་ལོངས་སུ་སྤྱོད་ཀྱིན་ཡོད་པ་རེད། དེས་ན་ལོ་བཅུ་ཕྲག་དུ་མའི་བར་ཁྱད་ཀྱི་དབང་གིས་དེའི་ཚོའི་བསམ་ཚུལ་དང་ཁྱོན་ནས་ཐུན་གྱིན་མེད་ན། ཁྱེད་ཀྱི་ཚིག་གཅིག་གཡར་ནས་ཞུས་ན། དེ་ཉིད་ན་ཚ་ཞིག་མ་ཡིན་པའི་དབང་དུ་བཏང་ཡང་ཞན་ཆ་ཞིག་ཅིས་ཀྱང་ཡིན་པར་སྣང་།
རྩོམ་པ་བོ་འཇམ་དབྱངས་ནོར་བུ་ལགས་ཤེས་ཡོན་གནས་ཚད་མཐོན་པོ་ཡིན་པ། རང་བཙན་འཐབ་རྩོད་བྱེད་མཁན་གྱི་མཚོན་རྟགས་ལྟ་བུར་ཚང་མས་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། ངས་ཀྱང་དེ་ལྟར་འདོད་ཀྱིན་ཡོད། ཁོང་གི་དགོངས་ཚུལ་རེ་གཉིས་ངོས་ལེན་བྱེད་དཀའ་བ་ལས་གཞན་བརྩི་བཀུར་ཆེན་པོ་ཡོད། ཁོང་ལྟ་བུ་བོད་མིའི་རྒྱན་ཆ་རེད། ཡིན་ནའང་ད་རེས་རྩོམ་ཐུང་དུ་ཁོང་དང་ཁོང་ལྟ་བུ་ཚོའི་སྐོར་ལ་ཅི་ཡང་བཤད་མེད། ངའི་རྩོམ་ཐུང་དེ་ཡང་བསྐྱར་ཞིབ་ཀློག་ཅིག་གནང་ན་མཁྱེན་ངེས་རེད། ངས་བཤད་འདོད་པ་ནི་བཀའ་བློན་ཁྲི་བ་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་སྐབས་ཙམ་ནས་རིགས་ཤིག་གིས་རང་བཙན་རྩོད་མཁན་ཡིན་པར་བསྒྲགས་ཡོད། དེ་ཚོ་རང་བཙན་རྩོད་ལེན་པར་ངོས་འཛིན་བྱེད་རྒྱུ་ཁག་པོ་རེད། དེ་ཚོའི་གྲས་ཀྱིས་སྐྱབས་བཅོལ་གྱི་ལོ་ངོ་ལྔ་བཅུའི་རིང་རྒྱལ་བ་རིན་པོ་ཆེ་དང་མི་དམངས་ལ་བདེ་འཇགས་སྤྲད་མེད། ལས་དོན་མང་བོ་ཞིག་ལམ་ལྷོངས་འབྱུང་དུ་བཅུག་མེད། རྒྱུ་མཚན་ཆེན་པོ་རེད། ཡིན་ནའང་གནས་ཚུལ་དེ་རིགས་འདིར་གླེང་སློང་བྱེད་མི་དགོས་པ་བྱ། དེའི་སྟབས་ཀྱིས་ངེད་ཀྱིས་ཁོང་ཚོ་དང་རང་བཙན་རྩོད་མཁན་དངོས་གནས་པ་དག་གི་ཁ་ཡི་འབོད་སྒྲ་རང་བཙན་ཞེས་པའི་ཚིག་འདྲ་བ་ཙམ་ལས་དོན་གཏིང་གི་དམིགས་ཡུལ་མི་འདྲ་བར་བཤད་པ་ཡིན། དེ་འདྲའི་དབང་གིས་བོད་ཀྱི་དུས་བབ་ཏུ་མཆན་བུ་འདེབས་མཁན་ཁག་ཅིག་གི་སྐད་ཆ་བཤད་སྟངས་དེ་ཡོང་གིན་ཡོད་པ་རེད། འདི་ཙམ་གྱིས་ཆོག་པར་བྱ། ཁྱེད་ཀྱིས་རང་བཙན་སྒྲོག་མཁན་ཚང་མ་ངར་མ་དང་འཇོན་ནུས་ལྡན་པ། རྒྱ་གཞུང་ལ་ལན་འདེབས་བྱེད་ཐུབ་མཁན་རྐྱང་རེད་གསུངས་པ་དངོས་ཡོད་གནས་ཚུལ་དང་མཐུན་ཁག་པོ་རེད་དེ། དེ་རིང་དཔེ་མཚོན་འགོད་མི་དགོས་བྱ་རྒྱུ་ཡིན།
སྤྱི་ལོ་༡༩༩༧ ལོའི་མང་མོས་འོས་བསྡུའི་མཇུག་སྡོམ་སྐབས་༸གོང་ས་མཆོག་ལ་ཡེ་ཤེས་དབྱིངས་དཔྱད་ཕུལ་མཁན་བོད་མི་དམངས་སྤྱི་འཐུས་གཅིག་རང་མ་རེད། བཀའ་སྤྱི་གཉིས། ཕྱི་རྒྱལ་དོན་གཅོད་ཁག གཞུང་ཞབས་ལས་བྱེད། སློབ་གྲྭའི་དགེ་རྒན། གཞུང་འབྲེལ་དང་གཞུང་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་གནས་ཁག་གི་འཐུས་ཚབ། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་བཅས་སྐྱབས་བཅོལ་སྤྱི་ཚོགས་ནང་གི་མགོ་འབུར་འབུར་ཚང་མ་དེའི་ནང་དུ་ཚུད་ཡོད་པ་རེད། མི་གྲངས་སུམ་བརྒྱ་ཡས་མས་འདུག འགྲོ་སྟངས་ཀྱི་དབང་གིས་སྤྱི་འཐུས་གྲོས་ཚོགས་ཀྱིས་མཐའ་སྡོམ་གྱི་གྲོས་ཆོད་བཞག་པ་ཙམ་རེད། མི་ཆུང་བདག་ཀྱང་དེའི་ནང་དུ་ཡོད། གལ་སྲིད་གོང་ས་མཆོག་ལ་ཡེ་ཤེས་དབྱིངས་དཔྱད་འབུལ་མཁན་ཚོ་ལྐུགས་པ་ཡིན་ན། སྐྱབས་བཅོལ་སྤྱི་ཚོགས་ནང་གི་ལས་ཀྱི་སྣེ་མོ་ཚང་མ་ལྐུགས་པ་ཡིན་དགོས་པ་རེད། དེ་སྐབས་ཀྱི་བསམ་ཤོག་བསྡུས་པའི་ཡིག་ཆ་ཨ་མ་མཐོང་ལམ་དུ་མ་གྱུར་ཀྱང་། གཞུང་འཛིན་བཀའ་ཤག་གིས་ཚོགས་ཆེན་ལ་སྙན་སྒྲོན་ཞུས་པ་ལྟར་ན། བོད་ནང་དུའང་གསང་བའི་ཐབས་ལམ་དུ་མའི་སྒོ་ནས། ས་གནས་ཁག་གི་ངོ་ཚབ་མཚོན་ཐུབ་མཁན་གྱི་བླ་དཔོན་གང་འཚམ་ཞིག་ལ་བསམ་ཚུལ་བསྡུས་ཡོད་པར་བཤད་སོང་། བདག་གིས་འདིར་བཀའ་ཤག་གི་ངོ་ཚབ་བྱེད་དགོས་དོན་མེད་ཀྱང་། ངས་བཀའ་ཤག་གིས་དེ་འདྲའི་སྐྱག་རྫུན་རླབས་པོ་ཆེ་བཤད་ཀྱིན་ཡོད་པ་ལ་ངོས་འཛིན་མེད། འོ་ན་བོད་ནང་གི་མི་རེ་ངོ་རེར་སྐད་ཆ་དྲིས་ཡོད་པ་རེད་དམ་ཞེ་ན་ཡོད་སྲིད་རྒྱུ་མ་རེད། དེ་ནི་བོད་ནང་ཕར་ཞོགས་སྐྱབས་བཅོལ་སྤྱི་ཚོགས་ནང་གི་མི་རེ་ངོ་རེར་སྐད་ཆ་འདྲི་རྒྱུ་ཙམ་ཡང་ཧ་ཅང་ཁག་པོ་རེད་སྙམ། དེ་འདྲ་ང་ཚོ་ལྟ་ཞོག ཡར་རྒྱས་ལྡན་པའི་རྒྱལ་ཁབ་ཁག་ཏུའང་མི་ནུས་པ་ལྟ་བུ་རེད། སྐབས་དེའི་མང་མོས་འོས་བསྡུ་དེས་བོད་ཕྱི་ནང་གཉིས་ཀྱི་ངོ་ཚབ་མཚོན་མི་ཐུབ་རབས་བཤད་མཁན་ཁག་ཅིག་དང་ཐུག་མྱོང་ཡོད། ཁོང་ཚོ་ལའང་ཁྱེད་ཀྱིས་བཤད་པ་དེ་འདྲ་ལས་ལྷག་བཤད་རྒྱུ་མི་འདུག ལར་ནས་སྐྱབས་བཅོལ་བོད་གཞུང་དམངས་གཉིས་ཀྱིས་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་ཐུབ་ཀྱིན་ཡོད་ན། སྐབས་དེར་བོད་ནང་གི་བསམ་ཤོག་ཐད་ཀར་བསྡུ་མ་ཐུབ་པའི་དབང་དུ་བཏང་རུང་། དེས་བོད་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་རྩ་ནས་མཚོན་མི་ཐུབ་པའི་སྒྲུབ་བྱེད་གཏོང་རྒྱུའང་དཀའ་བར་སྣང་། འདི་ཡང་གཙོ་བོ་བོད་མི་དམངས་ཀྱིས་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་ལ་ཡིད་ཆེས་བློས་འགེལ་བྱས་པ་ལ་ཐུག་པར་འདོད།
ངས་འདི་ནས་གསལ་བཤད་ནན་ཏན་ཞུ་རྒྱུ་ཞིག་ནི། བདག་གི་རྩོམ་ཐུང་དེར་རྒྱལ་བ་རིན་ཆེ་བགྲེས་ཡོལ་ཆ་ཚང་ལ་ཕེབས་པའམ། ཞིང་ཁམས་གཞན་ལ་གཤེགས་པ་བྱུང་བ་ཡིན་ན། བོད་གཞུང་འཐོར་ཞིག་ཏུ་འགྲོ་རྒྱུ་རེད། བོད་ཕྱི་ནང་གི་འབྲེལ་ཆད་ཀི་རེད། ཆིག་སྒྲིལ་འཐོར་ཞིག་ཏུ་འགྲོ་གི་རེད་ཅེས་རྩ་ནས་བཤད་མེད། ངས་འདི་དང་འདི་འདྲ་འབྱུང་མི་སྲིད་པ་མ་རེད། གལ་སྲིད་དེ་འདྲ་བྱུང་བ་ཡིན་ན་སྔ་ནས་བསམ་བློ་དང་འཆར་གཞི་བསྒྲིག་པ་གལ་ཆེན་ཡིན་པའི་བསམ་ཚུལ་བཏོན་པ་ཡིན། བསམ་ཚུལ་ཁག་ཀྱང་དྲི་བ་དང་དོགས་སློང་གི་ངོ་བོར་བཞག་ཡོད། འོན་ཀྱང་དེའི་གསལ་བཤད་དུ་ཁྱེད་ཀྱིས། རྒྱལ་བ་རིན་པོ་ཆེ་མེད་ན་བོད་གཞུང་ལ་གཡོ་འགུལ་ཐེབས་ཀི་མ་རེད། བོད་ཕྱི་ནང་གི་འབྲེལ་བ་ལ་སྐྱོན་ཤོར་གི་མ་རེད། ཆིག་སྒྲིལ་ལ་གནོད་ཀྱི་མ་རེད། ཅེས་སོགས་ཐག་བཅད་ནས་གསུངས་ཡོད་སྟབས། དེ་དག་ཚང་མ་རྒྱལ་བ་རིན་པོ་ཆེས་མཛད་ཁུར་བཞེས་མ་བཞེས་དང་། རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་མ་བཞུགས་ལ་ལྟོས་པ་མེད་པ་ཡིན་ཡིན་ན། ང་ཚོ་ལ་དགོས་པ་དེ་རེད། འདི་མི་རིགས་ཤིག་གི་འཐབ་རྩོད་ལས་རྒྱལ་བ་རིན་པོ་ཆེ་མི་གཅིག་གི་འཐབ་རྩོད་མ་ཡིན་པ་ང་ཚོ་ཚང་མས་ལོས་ཤེས། ལྷག་པར་དུ་གཞུང་ཞིག་ཕར་ཟད་ཚོགས་པ་ཞིག་ཡིན་ནའང་མགོ་ཁྲིད་བརྗེས་ནས་འགྲོ་དགོས་པ་དང་། ཁྱིམ་ཚང་ཞིག་ཡིན་ནའང་དེ་འདྲ་རེད། རྩམ་པ་མང་བོ་འཕྲོ་བརླག་ཏུ་བཏང་བའི་རྗེས་འབྲས་ལྟ་བུར་གནས་ལུགས་དེ་ཙམ་བདག་གིས་ཀྱང་ལོས་ཤེས། ཁྱེད་ཀྱིས་ང་ཚོར་མ་འོངས་པར་གང་འབྱུང་རྒྱུ་ཐམས་ཅད་ཐག་བཅད་གནངས་ནས་བཤད་ཐུབ་ཀྱིན་ཡོད་ན་སྟབས་ལེགས་པ་རེད། བཀྲ་ཤིས་བདེ་ལེགས་ཡོད།
ཁྱེད་ཀྱིས་གསུངས་པ་བཞིན་ངའི་བསམ་ཚུལ་དེ་ཚོ་སེམས་ཁྲལ་མེད་པའི་སེམས་ཁྲལ་ཐོལ་བ་ཡིན་པར་ཆ་བཞག་ན་མ་འགྲིག་པ་ཅི་ཡང་མི་འདུག འོན་ཀྱང་དེ་འདྲའི་སེམས་ཁྲལ་བྱས་པ་དེ་ལྐུགས་རྟགས་རེད། དེ་འདྲའི་སེམས་ཁྲལ་གྱི་སྐད་ཆ་ཁ་ནས་ཐོན་པ་དེ་ལྐུགས་པའི་སྐད་ཆ་རེད་མ་གསུངས་རོགས། བདག་གིས་བཤད་ཁུལ་བྱས་པ་དེ་ལྷག་བསམ་ཟོལ་མེད་ཀྱིས་སྤྱི་དོན་ལ་སེམས་ཁུར་བྱས་པའི་ཁུལ་ཡིན། སྐད་ཆ་ལ་གནས་ལུགས་ཡོད་མེད་བཤད་ན་གནས་ཚུལ་ཐ་དད་རེད་དེ། ང་ཚོས་འདིར་ལྐུགས་པ་སུ་ཡིན་དང་། རྣམ་དཔྱོད་ཅན་སུ་ཡིན་གྱི་འཁྲུན་ཐག་གཅོད་ཀྱིན་མེད་སྟབས། ཁ་གྲག་དུས་ནས་བཙན་བྱོལ་བོད་གཞུང་ལྐུགས་པ་རེད། བོད་མི་དམངས་སྤྱི་འཐུས་ལྐུགས་པ་རེད། ཡར་ལྐུགས་པ་རེད། མར་ན་ཚ་རེད་སོགས་གསུངས་པ་ཅི་འདྲ་ཡིན་ནམ།
བཙན་བྱོལ་བོད་གཞུང་གིས་དམག་རྒྱག་རྒྱུ་མིན་ན་གྲ་སྒྲིག་བྱེད་རྒྱུ་ཡོད་པ་མ་རེད། དྷ་རམ་ས་ལ་ནས་གྲ་སྒྲིག་བྱས་ན་ལྐུགས་རྟགས་རེད་གསུངས་འདུག ཕྲན་གྱི་བསམ་པར་རྒྱལ་བ་རིན་པོ་ཆེ་ལྟ་བུའི་དབུ་ཁྲིད་རླབས་པོ་ཆེ་ཞིག་མེད་པར་གྱུར་ཚེ། དེའི་ཤུལ་དུ་འཁྲུག་ཐེབས་རྒྱུ་མང་བོ་ཞིག་མི་ཡོང་ངམ་བསམ་གྱིན་ཡོད་པ་རེད། ད་ལྟ་ནས་འདི་དང་འདི་ལྟ་བུ་འབྱུང་སྲིད་པ་རེད། དེ་བྱུང་བ་ཡིན་ན་གདོང་ལེན་ཇི་ལྟར་བྱེད་རྒྱུ་སོགས་འཆར་གཞི་དང་གྲ་སྒྲིག་བྱ་རྒྱུ་ཡོད་པ་མ་ཟད་གྲ་སྒྲིག་ཧ་ཅང་མང་བོ་བྱ་རྒྱུ་ཡོད་པ་རེད་བསམ་གྱིན་ཡོད། ལྷག་པར་དུ་འཆར་གཞི་ཡོད་ཚད་ཐམས་ཅད་དམག་རྒྱག་རྒྱུ་ཁོ་ན་ཅང་ཨེ་ཡིན།
དམིགས་བསམ་ཚོགས་ཆེན་གྱིས་མི་དམངས་ཀྱི་བསམ་ཚུལ་མཚོན་ཐུབ་ཀྱིན་མེད་པའི་ཁུངས་སྐྱེལ་ཡོད་གསུངས་འདུག དེ་བདག་གི་རྩོམ་ཐུང་དང་ཐད་ཀར་འབྲེལ་བ་མི་འདུག་པ་ལྟ་བུ་ཡིན་ཀྱང་། དམིགས་བསལ་ཚོགས་ཆེན་ཐོག་བོད་མིའི་སྤྱི་ཚོགས་ནང་གི་ང་ཡིན་ཁོ་ཡིན་ཚང་མ་གདན་འདྲེན་ཞུས་འདུག སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་དང་ང་ཚོ་ཚོགས་ཆུང་གཅིག་ཡིན། ང་ཚོའི་ཚོགས་ཆུང་ལ་མི་གྲངས་༣༨ འདུག ཚང་མས་བཀག་རྒྱ་མེད་པའི་ཐོག་རང་རང་གི་ལྟ་ཚུལ་བཤད་པ་རེད། ཚོགས་འདུ་མཇུག་སྡོམ་རྒྱག་སྐབས་དོན་ཚན་རེ་རེ་བཞིན་ལག་པ་བསྐྱངས་ཏེ་མང་མོས་དང་སྤྱི་མོས་ལྟར་ཐག་བཅད་པ་རེད། ཚོགས་ཆུང་ཁག་གི་བསམ་ཤོག་ཚོགས་ཆེན་ཐོག་སྒྲོག་སྦྱངས་བྱས་པ་རེད། ཚོགས་ཆེན་གྱིས་དེ་དག་སྤྱི་བསྡོམས་ཀྱིས་མཇུག་སྡོམ་བརྒྱབ་སོང་། མི་རེ་ངོ་རེའི་བསམ་ཚུལ་གཅིག་ཀྱང་མ་ལུས་པ་བསམ་ཤོག་ཏུ་སླེབས་རྒྱུ་ཁག་པོ་རེད། དེ་དམངས་གཙོའི་འགྲོ་སྟངས་ལས་དབང་ཆེན་དབང་མེད་ལྟ་བུའི་སྐྱོན་ཡིན་རྒྱུ་མ་རེད་སྙམ། གཞན་དྲང་བོ་དང་བདེན་པ་མ་བྱས་པའི་ཁུངས་སྐྱེལ་བགྲང་རྒྱུ་ཡོད་ན་བགྲང་དགོས་པ་རེད། དེ་སྤྱི་དོན་ལས་སྒེར་དོན་མ་རེད། དེ་ཡང་རང་གཞུང་དང་ལྷན་དུ་བཀའ་མོལ་གནང་དགོས་པ་རེད། ཁ་བརྡ་དྲ་ཐོག་ལྟ་བུར་བྲིས་པས་ཀྱང་དེ་ཙམ་མི་ཕན། གཞུང་དང་སྤྱི་འཐུས་གྲོས་ཚོགས་ལ་གནས་ལུགས་བཤད་དགོས་པ་རེད། དེ་འདྲའི་དོན་དག་ཆེན་པོ་ཤེས་ཡོད་ན་གསང་བ་གནང་ནས་ཅི་ཡང་ཡོང་རྒྱུ་ཡོད་པ་མ་རེད་སྙམ། ལྷག་པར་དུ་དྲང་བོ་མ་བྱས་པའི་གསང་བ་ཤེས་ཡོད་པའི་ཟུར་ཞིག་བསྟན། དེ་མ་བཤད་པར་བཞག་པ་ཡིན་ན་སྤྱི་ཚོགས་དཀྲོག་རྐྱེན་ཆགས་སྲིད་པ་རེད་ལ། མི་དམངས་ཀྱིས་གཞུང་ལ་ཡིད་ཆེས་བརླག་པའི་རྒྱུར་འགྲོ་མི་སྲིད་པ་མིན་པས་འདིར་ཟུར་ཙམ་ཞུས་པ་ཡིན།
སྤྱིར་བཏང་ཟུར་ནས་བཤད་རྒྱུ་སླ་ཡང་གཞུང་ནང་དུ་འགན་ཁུར་ནས་ལས་ཀ་བྱས་ཚེ་ནུབ་ཕྱོགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཁག་ནང་བཞིན་ཡོད་པ་མ་རེད། རྒྱ་གར་ཡུལ་མི་ཉམ་ཐག་གཅིག་གིས་བོད་གཞུང་ལ་སྙོན་བཙུགས་ན་མཚམས་རེར་ཁ་གཏད་གཅོག་ཐུབ་རྒྱུ་ཁག་པོ་ཡིན། གངས་ཅན་སྐྱིད་གཤོང་སྒོ་ཆེན་ནང་ལོགས་སུ་རྒྱ་གར་ཡུལ་མིའི་གླ་འཁོར་སྤུངས་འཇོག་བྱས་ནས། བོད་གཞུང་གི་སྣུམ་འཁོར་ཁག་ཡར་འགྲོ་མར་བཞུད་སྐབས་འགྲོ་སྟབས་མ་བདེ་བའི་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་ཀྱང་། བཙན་བྱོལ་བོད་གཞུང་ལ་གླ་འཁོར་དེ་དག་ཕྱིར་སྤྲོད་བྱེད་པའི་ནུས་པའང་འདང་གིན་མེད། གཞིས་ཆགས་དང་ས་གནས་ཁག་ཏུ་བོད་མིས་གཞིས་ཁང་ཉོས་པ་དང་ཐོབ་སྐལ་གྱི་ས་ཆ་དང་ཞིང་ཁ་མང་བོ་རྒྱ་གར་ཡུལ་མིས་འཕྲོགས་པ་ཕྱིར་ལེན་ཐུབ་ཀྱིན་མེད། མི་གཅིག་གི་བྱས་ཉེས་ཕྲན་བུ་ལ་ཁག་བཞག་སྟེ་གཞིས་གྲོང་དང་ཚོང་ཁང་བརྒྱ་ཕྲག་མང་བོ་མེར་བསྲེག་བཏང་བ་ལ་ཁ་གཏད་རྩ་ནས་གཅོག་ཐུབ་མྱོང་མེད། ཐ་ན་འཇའ་མོ་གནམ་ཐང་གི་ལམ་ཁ་ནས་ཡུལ་མི་ཁག་ཅིག་གིས་རྒྱལ་བ་རིན་པོ་ཆེའི་ཆིབས་འཁོར་ལ་རྡོ་དང་རྒྱུགས་པ་གཞུས་ཏེ་ཤེལ་སྒོ་ལ་སོགས་པ་བཅགས་ཀྱང་ང་ཚོར་བྱ་རྒྱུ་ཅི་ཡང་མི་འདུག རྒྱ་གར་ཡུལ་མི་ཉམ་ཐག་གཅིག་གིས་བོད་པའི་ཕོ་གསར་སྟག་ཕྲུག་འདྲ་བ་ལྔ་དྲུག་ལ་ལས་སླ་བོའི་ངང་རྡུང་ཐུབ་ཀྱིན་ཡོད། རྡུང་ཆོག་གིན་ཡོད། ད་འདི་ཚོའི་གྲས་བཤད་ནས་ཅི་ཕན་ཀྱང་། སྐུ་ཉིད་སོགས་མང་བོ་ཞིག་གིས་གཞུང་གི་སྒྲིག་འཛུགས་ཆེན་པོ་ཞིག་མིའི་ལུང་བར་སྐྱབས་བཅོལ་གྱི་ངོ་བོར་རྒྱུན་རིང་གནས་དགོས་ན་དཀའ་ངལ་ཅི་ཡོད་མཁྱེན་དགོས་པ་གལ་ཆེན་པོ་རེད་སྙམ།
གནས་ལུགས་འདི་ཚོར་རྒྱུས་ལོན་དཔྱིས་ཕྱིན་པ་བྱས་ན། ད་གཟོད་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་མེད་ན་དམངས་གཙོ་ཡང་དག་པ་ཆགས་རྒྱུ་ཡིན་པའི་ལྟ་ཚུལ་རྗོད་བཞིན་པ་དག་ཚད་མར་རུང་མིན་དང་། མ་གཞི་ནས་དམངས་ཁྲིམས་ཆུང་རིགས་ལས་གཞན་ཉེས་ཁྲིམས་ལག་བསྟར་བྱེད་ཆོག་པའི་ཁྲིམས་ཁང་ནི་མེད། གཞུང་ལ་དཀའ་ངལ་འཕྲད་སྐབས་ཀླད་རྙིང་མཁྲེགས་འཛིན་ཅན་དུ་བགྲང་བཞིན་པའི་རྒན་རྒོན་ཚོས་རོ་མདུན་དུ་འཇོག་པ་ལས་གཞན་དམག་ཤུགས་དང་བདེ་འཇགས་དྲག་ཆས་དཔུང་ཁག་ནི་མེད། བོད་གཞུང་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པའི་བཅད་ཁྲ་ཁས་མི་ལེན་མཁན་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་མི་བརྩི་བྱུང་ན་རང་གཞུང་ཁ་བཙུམ་ནས་སྡོད་རྒྱུ་ལས་བྱ་ཐབས་གཞན་མེད། དཔྱ་ཁྲལ་མི་སྤྲོད་མཁན་བྱུང་ན་གཞུང་གི་ཁ་ལ་མཛུབ་མོ་བཙུགས་ནས་སྡོད་པ་ལས་ཐབས་ཅི་ཡང་མེད། དེར་བརྟེན་དངོས་ཡོད་ལག་ལེན་ལ་ཞུགས་ཚེ་གདོང་ལེན་བྱེད་མི་ཐུབ་པའི་དོན་དག་གཅིག་རྗེས་གཉིས་མཐུད་དུ་འབྱུང་གིན་ཡོད། དཔེར་ན་བར་སྐབས་ཤིག་ནས་བོད་གཞུང་གཏན་སློབ་ཁོངས་ཀྱི་སློབ་གྲྭ་ཁག་ཅིག་(CST)ཏུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་དང་དྲུང་ཆེ། སྤྱི་འཐུས་སོགས་སུ་ཡང་ཡོང་འཇུག་གིན་མེད་པ་དང་། གལ་སྲིད་སློབ་གྲྭའི་སྒོ་རའི་ནང་ཡོང་བཅུག་ཀྱང་འཛིན་ཁང་དུ་གཟིགས་སྐོར་དང་། སློབ་མའི་མཉམ་དུ་སྐད་ཆ་བཤད་རྒྱུ་སོགས་ལ་བཀག་འགོག་བྱེད་ཀྱིན་ཡོད་ཀྱང་། གཞུང་ངོས་རྒྱ་གར་གཞུང་ལ་སྙན་ཞུ་འབུལ་རྒྱུ་ཙམ་ལས་ནུས་པ་འདོན་མི་ཐུབ་པ་སོགས་དོན་དག་མང་བོ་ཡོད་པ་རེད། གང་ལྟར་མདོ་དོན་ཡང་སྙིང་ང་ནི་རྒྱལ་བ་རིན་པོ་ཆེས་གཞུང་གི་མཛད་ཁུར་རྩ་ཁྱུར་གནང་བ་དང་། ལྷག་པར་དུ་སྐྱབས་བཅོལ་ནང་དགོངས་པ་རྫོགས་པ་ཡིན་ན་བོད་མི་རིགས་ལ་རྡབ་གསིག་དང་དཀའ་ངལ་གང་ཞིག་འཕྲད་ཡོང་སྙམ་ནས་སེམས་ངལ་ཆེན་པོ་ཡོང་གིན་འདུག གཅིག་བྱས་ན་ཁྱེད་ཀྱིས་གསུངས་པ་ནང་བཞིན་དོན་མེད་ཀྱི་སེམས་ཁྲལ་ཡིན་རྒྱུ་རེད།
མཐའ་མཇུག་ངས་བཤད་པ་འདི་ཚོ་ཁྱེད་ལ་དགག་པ་བརྒྱབ་པ་དེ་འདྲ་རྩ་ནས་མིན། ལྷག་བསམ་རྣམ་དག་གི་སྒོ་ནས་གསལ་བཤད་ཞུས་པ་ཙམ་ཡིན།