ཨ་འབྲུག་དཀོན་མཆོག
༄། ཉིན་འདི་དག་གི་རིང་ལ་ངས་དཔེ་ཆ་སྣ་ཚོགས་ཀློག་གི་ཡོད་ལ། ཀློག་གིན་ཀློག་གིན་དཔེ་ཀློག་བྱེད་པ་ནི་བསམ་ཚུལ་སྣ་ཚོགས་ལ་ཉན་ཞིབ་བྱེད་པ་ཞིག་དང་མཚུངས་ཤིང༌། བསམ་ཚུལ་སྣ་ཚོགས་ཀྱང་ཚད་མཐོ་ས་ནས་ཕྱོགས་བསྡོམས་བྱས་ན་འཇིག་རྟེན་ལྟ་བུའི་བསམ་བློ་བཟོ་བའི་བསམ་ཚུལ་དང་བསམ་ཚུལ་ལྟ་བུའི་འཇིག་རྟེན་བཟོ་བའི་བསམ་ཚུལ་ཏེ་རྩ་བ་ནས་ལྡོག་ཕྱོགས་སུ་འགྲེངས་པའི་བསམ་ཚུལ་གཉིས་ཡིན་པའི་སྣང་བ་དེ་ལས་ཀྱང་ཆེས་ཆེར་འཕེལ། དེ་ལས་ཀྱང་བསམ་ཚུལ་ལྟ་བུའི་འཇིག་རྟེན་བཟོ་འདོད་ཀྱི་བསམ་ཚུལ་དེ་ཤུགས་ཆེ་བ་དང༌། འཇིག་རྟེན་ལྟ་བུའི་བསམ་ཚུལ་བཟོ་མཁན་དེ་ཧ་ཅང་ཉུང་བའི་སྣང་བ་སྟེར། མ་གཞི་འཇིག་རྟེན་གྱི་ཆེས་གཞི་རིམ་གྱི་གཞི་རྟེན་ནི་རང་བྱུང་ཡིན་པ་དང་རང་བྱུང་གི་མངོན་འདོད་ཀྱིས་མི་རྣམས་མཉམ་རུབ་ཀྱིས་འཚོ་བའི་སྤྱི་ཚོགས་སུ་འཕེལ་འགྱུར་བྱུང་རུང༌། མི་རང་སྟེང་གི་མངོན་འདོད་ལ་སྤྱི་མཐུན་མཉམ་རུབ་ཀྱིས་བསྒྲུབ་དགོས་པའི་ཆ་དང་སྒེར་གྲུབ་རང་སྟོབས་ཀྱིས་བསྒྲུབ་དགོས་པའི་ཆ་གཉིས་ཀ་ཡོད་པའི་དབང་གིས་མིའི་འཚོ་བ་དེ་གཞན་རྟེན་དང་རང་སྟོབས་ཟུང་གིས་གཉེར་དགོས་པ་ཞིག་ཏུ་གྲུབ་ཡོད་པ་ནི་མི་རང་སྟེང་གི་རང་བཞིན་གྱིས་ཐག་བཅད་པ་ཞིག་ཡིན་པ་ཧ་ལམ་མིའི་ལོ་རྒྱུས་ཧྲིལ་པོས་གསལ་སྟོན་བྱས་པའི་གནས་ལུགས་ཤིག་ཏུ་ངེས་པས་ན། ལྟ་གྲུབ་དང་གཞུང་ལུགས་གང་ཞིག་སྤྱི་ཚོགས་དང་མི་སྒེར་གྱི་འཚོ་བའི་ནང་དུ་གཏིང་ཟབ་མོར་འདྲེས་ཏེ་འཚོ་བ་དངོས་ཀྱི་ནང་ནས་སྐྱེ་སྟོབས་མངོན་ཐུབ་མིན་ཀྱང་མཐར་གཏུགས་ན་མི་དང་མིའི་སྤྱི་ཚོགས་ཀྱི་རང་བྱུང་གི་རང་བཞིན་དང་ཁ་ཐག་ཉེ་འགྱང་དང་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་རེད། དེའི་ཕྱིར་གཞུང་ལུགས་ཐམས་ཅད་སྤྱི་ཚོགས་ཀྱི་རྗེས་སུ་འབྲང་དགོས་བྱུང་ཞིང༌། གཞུང་ལུགས་འགའ་ཞིག་སྤྱི་ཚོགས་ཀྱི་རྗེས་སུ་ལུས་པར་གྱུར། དཔེར་མཚོན་གསལ་ཤོས་ཤིག་ལ་འཛམ་གླིང་ལ་དབུལ་བོ་མེད་པར་བཟོ་བའི་འཆར་སྣང་ཆེན་པོ་ཅན་གྱི་མར་ཁེ་སི་ལེ་ཉིན་རིང་ལུགས་ལྟ་བུའི་དབུལ་བོའི་གཞུང་ལུགས་དེ་ཡང་འཇིག་རྟེན་ལ་གདོང་ཐུག་ཚ་ཐད་ཆོག་ཅིག་བརྒྱབ་རྗེས་རང་ཉིད་འཇིག་རྟེན་དང་ཁ་བྲལ་བའི་བསམ་ཚུལ་དབུལ་བོ་དབུལ་རྐྱང་ཞིག་ཏུ་གྱུར་ཞིང༌། ཉི་མས་ཁེབས་ཚད་དེ་ཡིས་དབང་ཤུགས་ཀྱིས་ཁྱབ་པར་གྲགས་པའི་དུས་རབས་ཉི་ཤུ་བའི་དབྱིན་ཇི་གོང་མའི་དབང་ཐང་ཡང་དེ་རིང་ཤོག་ལེའི་སྟེང་གི་རི་མོ་ཙམ་དུ་གྱུར། ངོ་མ་འཇིག་རྟེན་དང་ཁ་བྲལ་བའི་བསམ་ཚུལ་མཐའ་དག་དངོས་ཡོད་ཀྱི་མདུན་ནས་རང་གཟུགས་འགྱུར་ཞིང༌། འཚོ་སྟོབས་ཤོར། འདི་ཐམས་ཅད་རང་བྱུང་གི་ཆད་པ་སྟེ་ཁོང་ཚོས་རང་བྱུང་ལས་འདས་པའི་བསམ་ཚུལ་རང་བྱུང་གི་སྟེང་དུ་བཙན་འགེལ་བྱས་པའི་ཉེས་བསགས་ཀྱི་མཇུག་འབྲས་ལྷང་ལ་བུད་པ་རེད། ངས་མིག་གིས་དཔེ་ཆ་ལ་བལྟས་རུང༌། གོ་བ་དངོས་ཡོད་དང་བསྡུར་ནས་ལེན་དུས་ང་ལ་གནོན་མི་ཐུབ་པའི་དགའ་ཚོར་ཆེན་པོ་ཞིག་འབྱུང་གིན་འདུག་སྟེ། འཇིག་རྟེན་གྱི་བྱ་བཞག་མཐའ་དག་འཇིག་རྟེན་གྱི་རང་བཞིན་ལྟར་འགྱུར་ལྡོག་བྱེད་པ་ལས་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་འདོད་རྔམས་ཅན་གྱི་གཞུང་ལུགས་དང་མི་སྣ་དག་གི་བསམ་སྤྱོད་ལྟར་འགྲུབ་མ་ཐུབ་པ་རེད། དེའི་ཕྱིར་འཇིག་རྟེན་འདིར་མཐུན་ཐབས་མེད་པའི་གཞུང་ལུགས་ཀྱི་ལྟ་བ་ཇི་ཙམ་མང་རུང་མི་རྣམས་མཐུན་གཤིབས་ཀྱི་བསམ་པ་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་ལ། འདོད་རྔམས་ཅན་གྱི་མི་དཔོན་ཅི་ཙམ་མང་རུང་མི་རྣམས་ཀྱིས་རང་ཉིད་ནི་གཞན་ཞིག་ལ་མ་གཞི་ནས་བདག་དབང་ཡོད་པའི་བྲན་གཡོག་དང་དང་ཟ་མ་མིན་པའི་ཤེས་རྟོགས་མཐོ་ནས་མཐོ་རུ་འགྲོ་བཞིན་ཡོད། འདིས་འཇིག་རྟེན་འདི་སྣ་མང་གིས་གྲུབ་པ་ཞིག་ཡིན་པས་སྣ་མང་མཉམ་གནས་ཀྱི་ལྟ་བ་མེད་ཚེ་འཇིག་རྟེན་དང་མི་མཐུན་ལ། མི་ནི་མ་གཞི་ནས་འདྲ་མཚུངས་སུ་གྲུབ་པས་རང་དབང་འདྲ་མཉམ་གྱི་ལྟ་བ་མཻད་ཚེ་མིའི་རིགས་ཀྱིས་དང་ལེན་མི་བྱེད་པ་གསལ་སྟོན་བྱས་ཡོད། དེའི་ཕྱིར་སྣ་མང་གཉེར་སྐྱོང་གི་ལྟ་བ་དང༌། རང་དབང་འདྲ་མཉམ་གྱི་ལམ་སྲོལ་གཉིས་དེ་རིང་གི་རྩོད་ལེན་དང་མ་འོངས་པའི་དམིགས་ཚད་དུ་འགྱུར་དོན་ཡང་འཇིག་རྟེན་ལ་འཇིག་རྟེན་གྱི་རང་བཞིན་དང་མཐུན་པའི་ལམ་ལུགས་ཤིག་ཆགས་དགོས་པས་རེད། དེ་ལྟ་ནའང་རང་ཉིད་ཀྱི་བསམ་ཚུལ་ལྟར་འཇིག་རྟེན་ལ་འགྲེལ་བཤད་སྣ་གཅིག་བྱེད་པར་དགའ་བའི་བོད་པའི་བསམ་བློའི་ཁོར་ཡུག་འདི། ཁ་ཏོག་གཅིག་ལས་མཐོང་ན་མི་འདོད་པའི་རང་ཅག་གི་མིག་ཟུང་འདི། གཞན་ཞིག་གི་བསམ་བློ་ལྟར་རང་ཉིད་བཅོས་པ་དེ་མི་སྐྱེས་ཀྱི་རིན་ཐང་དུ་སྙམ་པའི་ང་ཚོའི་གཤིས་ཀ་འདི། འཛུབ་མོ་གར་བསྟན་ཤར་ཡིན་དགོས་པའི་རང་ཅག་གི་སྤྱི་ཚོགས་སུ་རྒྱུན་འཇགས་སུ་སོང་བའི་ཁྲིམས་ལུགས་འདི། བདེན་པ་ལས་ཀྱང་མཐོ་བའི་ལམ་ལུགས་ཤིག་གི་འོག་ཏུ་ལྷུང་ཞིང༌། བསམ་ཚུལ་ལྟ་བུའི་འཇིག་རྟེན་ཞིག་བཟོ་སྙིང་འདོད་པའི་སྐྱིད་སྣང་ཞིག་གི་སྟེང་དུ་གྲུབ་པས། འདས་སོང་གི་ལོ་རྒྱུས་ཁོ་ན་དང་དེའི་ཡང་ཕྱེད་ཀ་ལས་མི་མཐོང་ལ་མཐོང་ཀྱང་མི་ཆོག་པའི་རང་ཅག་གི་བསམ་བློའི་ཁོར་ཡུག་ནས་སྐྱེས་པའི་ལྟ་ཚུལ་ཡ་མ་བརླ་བའི་བསམ་བློའི་ཐོག་ནས་མངོན་པའི་སྤྱོད་སྟངས་ཀྱ་ཀྱུ་མང་བ་ཞིག་ཡིན་ལ། འདི་ནི་མ་གཞི་ནས་རིགས་ལམ་གྱི་སྣེ་ཁྲིད་མེད་པའི་བླུན་པོའི་ལོང་འགྲོས་ཡིན་པའི་དབང་གིས་བསམ་ཚུལ་ལྟ་བུའི་འཇིག་རྟེན་བཟོ་བའི་གླེན་པའི་ཕ་བོང་གི་གདམ་བརྒྱུད་དང་དུ་བླངས་པའི་བསམ་བློ་དང་སྨྲ་བརྗོད་ཀྱི་ཁོར་ཡུག་ཅིག་གི་ཁྱད་ཆོས་གཙོ་བོར་གྲུབ་ཡོད་པས། ང་ཚོའི་དཀའ་ངལ་ནི་ང་རང་ཚོའི་འཚོ་གནས་ཀྱི་ངོ་བོ་དང་མཐུན་པའི་བསམ་ཚུལ་ཆ་ཚང་བ་ཞིག་མེད་པ་ཡིན་ལ། འཚོ་གནས་ཀྱི་ངོ་བོ་ནི་ཕྱོགས་བསྡུས་སྣ་མང་གིས་གྲུབ་པ་ཞིག་ཡིན་པའི་དབང་གིས་བསམ་ཚུལ་རྣམས་དེ་མཐུན་གྱིས་རྒྱ་བསྐྱེད་དགོས་པ་མ་རེད་དམ།
བསམ་བློ་འདི་ལྟར་གཏོང་འོས། བསམ་ཚུལ་ཡང་འདི་ལྟར་བརྗོད་འོས། རྗེས་སུ་ཡི་རང་ཡོད།
ང་ཚོའི་འཇིག་རྟེན་འདིར། ད་བར་ལྟ་གྲུབ་མང་པོ་ཞིག་བྱུང་ལ་ད་བར་གཞུང་ལུགས་ཀྱང་མང་པོ་ཞིག་བྱུང་། དེ་ལ་བརྟེན་ནས་ད་བར་རྙོག་དྲའང་མང་པོ་ཞིག་བྱུང་། དེ་ལ་བརྟེན་ནས་ད་བར་གྲུབ་འབྲས་ཀྱང་མང་པོ་ཞིག་ཐོབ།
འདིར་བསམ་བློ་ཞིག་བཏང་ན། ང་ཚོར་ད་རུང་བསམ་བློ་བའི་མ་འདང་བའི་དཀའ་ངལ་འདུག་པ་ལས་བསམ་བློ་བ་གང་ཞིག་ལ་རྗེས་འཇུག་པས་མ་འདང་བའི་དཀའ་ངལ་དང་བསམ་བློ་གང་ཞིག་ལག་ལེན་ལ་འདེབས་མཁན་གྱིས་མ་འདང་བའི་དཀའ་ངལ་རྩ་ནས་བྱུང་མི་འདུག་སྙམ།
ང་ཚོའི་ལྟ་གྲུབ་གང་ཞིག་ལ་གདེང་འཇོག་བྱས་ཡོང་དུས་དེ་འཇིག་རྟེན་གྱི་རང་བཞིན་དང་མཐུན་མི་མཐུན་ཐོག་ནས་བཤད་ཡོང་ན་དེ་བདེན་ཤས་ཆེ་བར་མཐོང་། ཡིན་ན་ཡང་། ངས་བལྟས་ན་དེ་ཅུང་ཟད་རྙོག་རྫོབ་ཆེ་བ་ཞིག་རེད། སྟབས་བདེ་ཞིག་བརྗོད་ན། ང་ཟེར་བའི་ཚིག་འདི་དང་མཐུན་མི་མཐུན་གྱི་ཐོག་ནས་བལྟས་ན་དེས་འཐུས། ང་ཚོའི་འཇིག་རྟེན་འདི་ང་མང་པོ་ཞིག་ལས་གྲུབ་པའི་རྒྱུ་མཚན་གྱིས།
ཐ་ན་དམངས་གཙོ་ཟེར་བ་དེའི་གོ་དོན་ཡང་ང་གཙོ་ལས་གཞན་གང་ཡང་མིན། ང་གཙོ་བོ་འཛིན་མཁན་མང་བོ་ཞིག་བྱུང་བ་ལ་བརྟེན་ནས། ང་བྱེ་བྲག་པ་རེའི་དབང་བསྒྱུར་དང་། ང་མང་པོ་ཞིག་དང་མི་མཐུན་པའི་ལྟ་གྲུབ་ཚང་མ་འཇིག་རྟེན་འདིའི་ཐོག་དང་ལེན་མ་བྱུང་བ་རེད། དེས་ན་ང་གཙོ་བོ་འཛིན་མཁན་གང་དུ་མང་བ་བྱུང་ན་དེ་རུ་ང་གཙོའམ་དམངས་གཙོ་ཡོད་པ་དང་། དེ་ན་ང་ལ་འདྲ་མཉམ་ཡོད་པ་རེད། འདི་ལྟར་བསམས་ཡོང་ན། ང་ཚོའི་ ་་བདག་འཛིན་་ ཟེར་བ་འདིའང་ཕྱོགས་གཅིག་ནས་ཇི་འདྲའི་གལ་ཆེན་ཡིན་པ་དང་འདི་ལ་ཇི་འདྲའི་རིན་ཐང་ཡོད་པའང་ཤེས་ཐུབ། འདི་ལ་བསམ་ཡོང་ན་ང་དངོས་གནས་སྤྲོ་སྣང་གིས་མྱོས་པར་བྱེད།
ཡང་ཕྱོགས་གཞན་ཞིག་ནས་བལྟས་ཡོང་ན། བདག་ལས་གཞན་གཅེས་ཀྱི་སྐད་འབོད་མང་ས་དང་བཟོད་སྒོམ་གྱི་ཁ་ཏོན་མང་ས་འགའ་རེ་ན་ང་བྱེ་བྲག་བ་རེ་ལ་དབང་སྒྱུར་གྱི་གོ་སྐབས་ཐོབ་སྟེ་ང་མང་པོ་ཞིག་ཏིལ་བཞིན་བཙིར་བའི་ངང་ཚུལ་མཐོང་ན་ཡ་ཆུང་སེམས་པ་སྐྱོ་བས་ཁེངས།