འདིར་ང་ཚོས་མཆན་འདེབས་སྟངས་སྐོར་ལ་བསམ་འཆར་ཐུང་བསྡུས་ཤིག་བཤད་འདོད་བྱུང་། མི་འགའ་རེས་མཆན་འདེབས་སྐབས། མཆན་འདེབས་ས་གཅིག་གི་ནང་ལ་ཐིག་ཕྲེང་གཅིག དེ་ནས་གཞན་ཞིག་གི་ནང་ཐིག་ཕྲེང་གཉིས། དེ་ནས་ཡང་ཐིག་ཕྲེང་གཅིག་གམ་གཉིས། དེ་འདྲ་བྱས་པང་བསྒྲིགས་ནས་མཆན་འདེབས་ས་ལྔ་དྲུག་རེ་མི་གཅིག་གིས་བཟུང་འགྲོ་བ་དེ་ཡག་པོ་མི་འདུག ཕན་ཚུན་ལ་ལན་འདེབས་རེས་བྱས་ན་གནས་ཚུལ་མ་འདྲ་བ་རེད། ངོས་གཅིག་ལ་རྩོམ་གཅིག་གི་མཆན་གྱིས་བཀང་བ་ཡིན་ན་ང་ཚོས་རྩོམ་གཅིག་དང་མཆན་གཅིག་ལས་མཐོང་རྒྱུ་མི་འདུག མི་མང་པོ་ཞིག་འདིར་མཆན་རྒྱག་དུ་དང་ཀློག་ཏུ་ཡོང་གི་ཡོད་པ་རེད། མི་འགའ་རེ་དམིགས་བསལ་གྱིས་མི་ཆེ་གེ་མོ་རེའི་མཆན་ལ་དགའ་མོས་ཀྱིས་དེ་ཀློག་ཏུ་ཡོང་གི་ཡོད་པ་རེད། དྲ་ངོས་སུ་རྩོམ་འགའ་རེའི་མཆན་མཐོང་རྒྱུ་ཡོད་ན་ཡག་པོ་འདུག་སྙམ། དཔེ་བཞག་ན། ཡེ་ཤེས་ལ་མཚོན་ན། རང་རྩོམ་ག་རེ་དྲི་ཟའི་བུ་མོའི་རྣ་ལུང་ཡིན་ནམ་དེ་ལ། མཆན་དགུ བཅུ། བཅུ་གཅིག དེ་ནས་ཡང་སྐྱར་བཅུ་དྲུག བཅུ་བདུན། ཀླུ་སྨྱོན་ལ་མཚོན་ན། ཉི་ཤུ། ཉི་ཤུ་རྩ་གཅིག ཉི་ཤུ་རྩ་གཉིས། ཉི་ཤུ་རྩ་གསུམ བཅས་པང་སྒྲིགས་ནས་བཟུང་བ་ལྟ་བུའོ། མཆན་རེའི་ནང་ཡིག་འབྲུ་ཉུང་ཉུང་རེ་ལས་མི་འདུག མི་གཞན་ལ་རང་རྩོམ་གཅིག་པོ་ཀློག་འཇུག་རྒྱུར་ཐབས་ཤེས་འཐེན་གྱི་ཡོད་པ་འདྲ་པོ་ཞིག་ཏུ་མཐོང་།
སྤྱིར་བཏང་འདི་རིགས་དོན་དག་ཆུང་ཆུང་ཞིག་ཡིན་ན་ཡང་། སེམས་ཁམས་ཀྱི་ཐོག་ནས་བལྟས་ཡོང་ན་དེའི་རྒྱབ་ལོགས་ཀྱི་ཡིད་ལྗོངས་ཆ་ཚང་གི་ངོས་རོབ་ཙམ་རྟོགས་ཐུབ། ནུབ་ཕྱོགས་པ་ཚོས་ཚོང་རྫས་ཁྱབ་བསྒྲགས་ཀྱི་རྣམ་པ་དེ་དྲན་ཡོང་། ཕ་ཡུལ་དུ་རླངས་འཁོར་ལ་སྡོད་སྐབས་དང་། ལྟད་མོ་ལྟ་བ། ཡང་ན་བླ་མར་མཇལ་བ་བཅས་ཀྱི་སྐབས་ཧམ་པ་ཚད་ནས་འཚང་ཁ་རྒྱག་པའི་ངང་ཚུལ་བཅས་དྲན་ཡོང་། རྒྱལ་ཁབ་ཧམ་པ་ཅན་ཚོས་རྒྱལ་ཁབ་གཞན་གྱི་ས་ཆ་རང་ལ་དབང་འདོད་ཀྱིས་དམག་འཁྲུག་རྒྱག་པ་དེ་ཚོའང་དྲན་ཡོང་། འདི་ཡང་སྦྱོར་བའི་ཆེ་ཆུང་ཞིག་མ་གཏོགས་རྩ་བའི་བསམ་བློ་གཏོང་སྟངས་གཅིག་པ་རེད། མི་ཚང་མས་རང་གི་རྩོམ་ཀློག་ན་མི་འདོད་མཁན་སུ་གང་ཡང་ཡོད་མ་རེད།
མི་ཚོགས་འཛོམས་སའི་གྲོང་ཁྱེར་ཆེན་པོའི་དཀྱིལ་ལ་སླེབས་ན་ནུབ་གླིང་གི་བྱིས་པ་ཆུང་ངུ་ཞིག་ཡིན་ན་ཡང་སྤྱི་ལ་བསམ་བློ་བཏང་ནས་སྒྲིག་རང་འཁུར་གྱིས་འགྲོ་བ་བཞིན་དུ་ང་ཚོའང་དེ་བཞིན་དུ་འགྲོ། དེ་མིན་དགེ་བསྐོས་བཙན་པོ་སླེབས་ནས་རྐུབ་ལ་རྒྱུག་པ་གཞུ་དགོས་བྱུང་ན་ཐབས་རྡུགས་ཀྱི་བྱ་བ་རེད།
ཁྱེད་ཀྱི་བཀའ་མོལ་དེ་བདེན། རྩམས་ལ་མཆན་གཅིག་རྒྱབ་ན་དེས་འཐུས་པ་ལས། རྒྱ་དྲའི་ནང་འཛུལ་མཁན་ཁག་ཅིག་ནས་མཆན་དང་བཤད་རེ་དབར་གྱི་ཁྱད་པར་མ་ཤེས་པར་རྩམས་ལ་མཆན་གཅིག་རྒྱབ་པའི་རྗེས་སུ་མུ་མཐུད་ཁོང་རང་ཚོའི་དབར་ལ་བཤད་རེ་གནང་སྟེ་བཞུགས་པ་དང་། མཆན་རྒྱག་མཁན་དབར་བགྲོ་གླེང་གནང་ན་དེ་རྩམས་གྱི་བརྗོད་དོན་ལས་ཕྱི་རོལ་དུ་འགྲོ་བ་དེ་རྩམས་དེ་ལ་མཆན་གྱི་འགྲོ་ལྟངས་མེད་པ་ཞིག་རེད།་
གལ་ཏེ་མཆན་གྱི་འགྲོ་ལྟངས་མ་ཤེས་ན་ཕྱི་རྒྱལ་གྱི་རྒྱ་དྲ་འབི་འབི་སིའི་གཏམ་བརྗོད་ཁག་ལ་མཆན་རྒྱབ་ལྟངས་ལ་གཟིགས་གནང་ཞུ།
གོང་གི་མཆན་བུ་འགོད་མཁན་དེས་གསུངས་པའི་རྩམས་ཞེས་པ་དང་ཕྱི་རྒྱལ་གྱི་དྲྭ་རྒྱ་འབི་འབི་སི་ཟེར་བ་དེ་གང་ཞིག་ཡིན་གོ་མ་བྱུང་། གསལ་བཤད་ཡོད་པ་ཞུ།
ངའི་རེ་བར་རྒྱ་དྲ་འདིར་ཞུགས་མཁན་རྣམས་ཤེས་རྒྱ་མཐོངརྒྱ་ཅན་དང་དངོས་གནས་སྤྱི་ཚོགས་ལ་ཕན་པའི་བསམས་པས་བཀའ་མོལ་གནང་གི་ཡོད་པར་ཡིད་འཆེསབྱས་པ་ཡིན། འོན་ཀྱང་ད་ཆ་དུས་ཚོད་གང་འཚམས་དྲ་རྒྱ་འདིར་བལྟ་སྐབས་མི་དུས་ཚོད་མ་འཁྱོལ་མཁན་དང་སྐད་ཆ་ཆོ་མེད་བཤད་མཁན་དང་རང་ཉིད་གྲགས་འདོད་ཅན་ཙམ་ལས་དོན་དངོས་ཀྱི་དེང་དུས་ཀྱི་སྤྱི་ཚོགས་ཀྱི་གནས་ལྟངས་དང་འགྲོ་ལྟངས་གང་ཡང་མི་ཤེས་མཁན་གསར་སྐྱེས་ཁ་ཤས་ཞིག་ཡིན་པའི་བཟོ་འདུག ཁྱེད་ཚོའི་མཆན་བྲི་ལྟངས་དང་སྐད་ཆ་དེ་འདྲ་ལས་བཤད་ཡེ་མེད་ན་དྲ་རྒྱའི་ནུས་པ་ཆུད་བཟོས་སུ་མ་བཏོང་ན་ལེགས། བློ་ཕམ། ག་ལེར་བཞུགས།