སྐྱོ་བྲག་དགའ་དབང་།
ངས་འགྱིག་གི་བསིལ་ལྷམ་ཞིག་གྱོན་ནས་འགྲོ་བཞིན་ཡོད་པ་ན། སྐྱོ་བྲག་གི་མཁན་པོ་འཇིགས་དགས། འགྱིག་ལྷམ་གྱིས་ཕོ་བ་དང་མིག་སོགས་ལ་ཆེས་གནོད་པའི་ཕྱིར་ན། ཁྱོད་ཀྱིས་འགྱིག་གི་བསིལ་ལྷམ་གྱོན་ཏེ་འགྲོ་བ་ནི་དཔེ་མེད་ཀྱི་ནོར་འཁྲུལ་རེད། ཅེས་བཀྱོན་ཞོར། རྒྱ་གར་གྱི་རྒྱལ་ས་དིལླི་གསར་པའི་ཚོང་ཁང་ཆེ་གྲས། Saket Select city walk ཞེས་པ་ནས། ཀོ་བའི་བསིལ་ལྷམ། (Leather Sandal) ཁམ་སྨུག་ཡིད་དུ་འོང་བ་སྲབ་འཇམ་ཡང་བ། ཧིན་སྒོར་སྟོང་ཕྲག་གསུམ་བཞི་ཅན་ཞིག་ཉོས་ཏེ་གནང་བྱུང་། ངས་ཀྱང་ལོ་ཤས་རིང་རྒྱ་བལ་སོགས་ཡུལ་གྲུ་མང་པོར། གནམ་གྲུ། མེ་འཁོར། རླངས་འཁོར་སོགས་འཕྲུལ་འཁོར་ནང་དང་། རྐང་ཐང་གིས་འགྲོ་བ་བཅས་ན་གྱོན་ཏེ་སོང་བ་ཡིན། ཧ་ལས་པའི་བདེ་བོ་འདུག །བསིལ་ལྷམ་འདི་ཡོད་ན་ལྷམ་གཞན་པ་གྱོན་འདོད་ཡོང་གི་མེད་པས། བསིལ་ལྷམ་འདི་ཉིད་ནི་རང་གི་པགས་པ་བཞིན་གྱོན་པ་ཡིན་ཟེར་ནའང་ཐལ་ཆེ་མེད།
ད་ཞག་དྷ་རམ་སཱ་ལར་ཆར་ཞོད་ཆེ་བའི་སྐབས་དང་ཁེལ་བས་བསིལ་ལྷམ་ཆུས་བངས་པ་གྱོན་ཏེ་ཐེངས་ཤས་འགྲོ་དགོས་བྱུང་བ་ན། དང་པོ་ཞབས་མཐིལ་གྱི་ཀོ་བ་རྙིང་པ་དག་བུག་རལ་དུ་སོང་ཞིང་། ཐ་མ་སྤྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༥ ཉིན། རྒྱ་གར་གཞུང་གི་ཡིག་ཆ་ཞིག་བཟོ་ཆེད་ལས་རོགས་ཀརྨ་རྣམ་རྒྱལ་གྲོགས་སུ་སྦྲན་ཏེ། ཡར་མར་ལས་བྲེལ་གྱིས་རྒྱུག་གིན་ཡོད་པ་ན། ཆུ་བྱོ་བ་འདྲ་བའི་ཆར་ཞིག་བབས་སོང་བའི་ནང་ནས། རྐང་པ་ཕར་འདྲེད་ཚུར་འདྲེད་ཐེངས་ཤས་ཤོར་བའི་རྗེས་སུ་རྐང་པའི་མཐེབ་མཛུབ་བར་གྱི་སྒྲོག་ཐིག་ཆད་དེ་གྱོན་དུ་མེད་པ་ཆགས་སོང་། ཅི་བྱ་མ་རྙེད་ནས་བསིལ་ལྷམ་ཆད་པོ་ལག་པར་བཟུངས་ཏེ་རྐང་རྗེན་མར་རྒྱུག་པ་ཡིན། ཡིན་ནའང། ཡུན་རིང་རྐང་རྗེན་མར་སོང་ན་རྐང་པར་རྨས་སྐྱོན་ཕོག་ཉེན་ཡོད་ཕྱིར། ཚོང་ཁང་ཆུང་ངུ་ཞིག་ན་འགྱིག་གི་བསིལ་ལྷམ་འདུག་པ་ཞིག་ཉོས་ནས་གྱོན་པ་ཡིན།
ཇི་ཙམ་གྱི་ཞེན་པ་ཆེ་བའི་དངོས་པོ་ཞིག་ཡིན་ནའང་། སྐྱེ་གནས་རྒ་འཇིག་གི་ཆོས་ཉིད་ལས་འདའ་བའི་འདུས་བྱས་ཤིག་མེད་པའི་ཕྱིར་ན། ཡིད་ཡོང་གི་ཉེར་སྤྱོད་བསིལ་ལྷམ་དྲིན་ཆེན་དེ་ཡང་ཟད་པའི་མཐའ་ན་ཐུག་ནས་ཐ་མ་སྙིགས་སྣོད་ཀྱི་ནང་དུ་གཡུག་དགོས་ཐུག་ཐལ། ད་ནི་རིམ་པར་འཐོར་ཞིག་ཏུ་སོངས་ཏེ་མཐར་གྱིས་རྡུལ་ཕྲན་གྱི་ངོ་བོར་དེངས་འགྲོ་ཡི་རེད།
རེད། རེད། བསིལ་ལྷམ་བདག་པོ་ང་ཡང་ནམ་ཞིག་འབྱུང་འདུས་ཀྱི་ཕུང་པོ་ཞིག་སྟེ་མིང་གི་ལྷག་མ་ཙམ་ཡང་ལུས་ཀྱི་མ་རེད། དེ་ལོས་ཡིན། རྟག་བརྟན་ཟེར་བ་ནི། བློ་ཞེན་པས་བཟོས་པ་ཙམ་ལས་ཆོས་རང་ངོས་ནས་མེད་ན་འཐོར་ཞིག་ཏུ་མི་འགྲོ་བ་ཞིག་ག་ལ་སྲིད།
སྤྱིར་བསིལ་ལྷམ་སྒྲོག་ཐིག་ཆད་པ་ཙམ་ལ་གླེང་རིན་གང་མེད་ནའང་། སྟབས་བདེའི་བསིལ་ལྷམ་དྲིན་ཆེན་དང་ཡུན་རིང་འགྲོགས་པའི་ཞེན་པ་ཡོད་ཐོག །ང་ནི་རོང་མཚམས་ཀྱི་ཉི་མ་ལོག་ཆར་ཆུ་བྱོ་བ་འདྲ་བའི་ནང་ནས་ཀྱང་ཀོ་ལྷམ་རྙིང་ཟད་ཅིག་གྱོན་ནས་རྒྱུག་པའི་ཅི་འདྲའི་གླེན་པ་གླེན་ནག་ཅིག་རེད་ཨང་སྙམ་ནས་རང་གིས་རང་ལ་ཡི་མུག་པ་ཞིག་བྱུང་ངོ་། །
མི་ཚེ་སྟོང་རྒྱུགས་བཟོས་འདུག་ཨང་་་་་་་ཧཧཧཧཧ་་་་་་་
སྐྱོ་བྲག་དགའ་དབང་ལེགས་ཀྱི་སྒྲུང་སྙན་པོ་བྱུང་། ཀོ་ལྷམ་ཁམས་ལ་ཕན་ན་ཡང་དེ་ཉིད་སེམས་ཅན་བསད་པའི་པགས་པ་ཡིན། དེས་ན་རྒྱ་གར་ན་ཤིང་ལྷམ་ཡང་ཉོ་ཐུབ། ངས་ནང་ལོགས་སུ་ཤིང་འབུར་རྐང་མཐིལ་ལ་ཕན་པ་ཞིག་སྥྱོད་ཀྱང་། དེ་གྱོན་ནས་ཕྱི་ལོགས་རྒྱང་རིང་འགྲོ་མི་ནུས། རྒྱ་གར་དུ་སླེབ་ཞོར་ཞིག་ལ་ཤིང་ལྷམ་འཇམ་པ་ཞིག་ཉོས་ནས། རྒྱང་རིང་དུ་འགྲོ་བར་ཚོད་ལྟ་ཞིག་བྱ་འོས་སྙམ་མོ།
ངས་ལོ་ངོ་ལྔ་བཅུ་ང་གྲངས་ཙམ་སྔོན་དུ། ཧིནྡ་སྐད་དུ་རྐང་པ་མི་ལ་ཉེར་མཁོ་ཅན་ཞིག་པའི་རྩོམ་ཡིག་ཅིག་བཀླགས་པ་ད་དུང་ཡང་ཡིད་དུ་ལྷང་ངེར་གསལ་བཞིན་པའོ།
རྩམ་་སྒྲུང་སྙན་པོ་ཞིག་བྲིས་འདུག་ཐུགས་རྗེ་ཆེརྩམ་སྒྲུང་དེ་ལྷོ་ཕྱོགས་ཧུབ་ལི་མེ་འཁོར་བབས་
ཐང་དུ་ཀློག་སྐབས་ང་རང་གི་བསིལ་ལྷམ་དེ་ཡང་ཆད་ལ་ཉེ་འདུག་པ་གཞི་ནས་མཐོང་བྱུང་ཐུགས་རྗེ་ཆེ་བཀྲིན་ཆེ་།
ང་ཚོས། ཇུ་ཏ་དང་། ཅབ་པལ་ཞེས་པའི་ཨིན་སྐད་འདི་གཉིས་ཕར་ཙམ་བཞག་ནས། ལྷམ། ཞབས་ལྷམ། བསིལ་ལྷམ། ཀོ་ལྷམ། རས་ལྷམ། འགྱིག་ལྷམ་ལ་སོགས་ཁ་ནས་མང་ཙམ་འདོན་ཐུབ་ན་དགེ་མཚན་ཆེ།
ངས་ཀྱང་ཁ་སང་འདྲུད་ལྷམ་གསར་པ་ཞིག་ཉོས་རྗེས་རྙིང་བ་ལོ་བརྒྱད་ལ་གྱོན་པ་ཞིག་གད་སྙིགས་གཡུགས་པ་ཡིན།
ཇུ་ཏ་དང་། ཅབ་པལ་ཞེས་པའི་ཨིན་སྐད་
འདི།
ཇུ་ཏ་དང་། ཅབ་པལ་ཞེས་པའི་ཧིན་སྐད་
བསིལ་ལྷམ་ཡོད་ན། དྲོད་ལྷམ་ཞིག་ཀྱང་ཡོད་དགོས། བོད་སྐད་འདི་ནི། དངོས་པོ་གཅིག་ལ། མིང་དྲགས་པས་ཤེས་དཀའ་བར་གྱུར་མི་འདུག་གམ། ལགས།
རྒྱ་གར་སྐད་ཅ་པ་ལ་ཡི་མིང་ལ་ཤུད་ལྷམ། འདྲུད་ལྷམ་ཟེར་བ་སོགས་ལས། བསིལ་ལྷམ་རང་འབོད་ན་འདྲ་ཆགས་པར་མངོན། དབྱར་ལྷམ་དང་དགུན་ལྷམ་གྱི་དབྱེ་བ་ཙམ་ལས། དེ་སྔའི་བོད་ཀྱི་ལྷམ་ཐམས་ཅད་དྲོད་ལྷམ་རེད་ལབ་ན་མི་འགྲིགས་པ་མེད། དེང་དུས་རྒྱ་གར་སོགས་ནང་དྲོད་ལྷམ་སྤུ་སོབ་ཅན་འདྲ་མིན་སྣ་ཚོགས་ཡོད་བཞིན་པ་རེད།
ཆུང་ཆུང་ཞིག་བཤད་དེ་ཆེན་པོ་ཞིག་མཚོན་པར་བྱེད་པ་དེ་ནི་རྩོམ་སྐད་ཀྱིས་བཤད་ན་བསྡུས་གཟུགས་ཟེར་བ་མིན་འགྲོ ཁ་ནང་ལ་རྡོ་གཡུག་པ་ལྟ་བུའི་ཚིག་སྦྱོར་གྱིས་རྫད་བཞག་མ་གཏོགས་ཀློག་རིན་ཡོད་པའི་རྩོམ་ཐུང་ཤ་ཚ་མོ་ཞིག་རེད། དགོངས་པ་མ་འཚོམས།
བསིལ་ལྷམ་སྒྲོག་ཐིག་ཆད་པ།
འདི།
བསིལ་ལྷམ་སྒྲོག་ཐག་ཆད་པ།
ཞེས་མི་དགོས་སམ།
མི་ཚེ་སྟོང་རྒྱུག་མང་པས།།
རྐང་གི་ལྷམ་ཡང་ཟད་སོང་།།
དོན་མེད་དོན་ལོག་བསྟན་བཅོས།།
ཉག་ཉོག་རྫོགས་ཡ་མི་འདུག།
མཁས་པའི་གོ་འཕང་རྙེད་ཕྱིར།།
རིག་ཚད་མཐོང་ཚད་བྲིས་ཀྱང་།།
དོན་གྱི་བསྟན་བཅོས་མེད་ན།།
དུས་ཚོད་ཟད་པའི་རྒྱུ་རེད།།
སྐད་ཅིག་འགྱུར་བ་མངོན་ཀྱང་།།
སྣང་བ་རྒྱ་ཡན་ཤོར་ནས།།
ལྷམ་ཆད་རལ་བའི་དོན་ལ།།
མི་རྟག་དྲན་པ་རྫུན་རེད།།
ལྷ་དང་འདྲེ་ཡིས་གནོད་རབས།།
ནོར་ལྷས་འབྱོར་ལྡན་ཆགས་རབས།།
མི་ཆོས་ལྷ་ཆོས་རྫུན་ལ།།
ཁྱེད་ཚོ་ལྷག་ཅིག་སུ་ཡོད།།
ད་མང་སོང་། མཁན་པོ་མཆོག་གཉིད་མི་ཁུག་པ་ཡོང་ངེས་པས་དགོངས་པ་དྭངས་རོགས།
ཤེས་བྱ་ཐམས་བཅས་ཡོན་ཏན་གྱི་ཕུང་པོ་རེད་།
དངོས་པོ་ཐམས་བཅས་རྐྱོན་གྱི་ཕུང་པོ་རེད་།
དེ་གཉིས་མ་ནོར་དོན་ལ་ཉམས་ལེན་ཟབ་།
དེ་གཉིས་ནོར་ན་འཇིག་རྟེན་བླུན་པོའི་ཚོགས་།
སྒྲོག་ཐིག་ཅེས་པའི་མིང་ཚིག་འདི་གོ་བ་ཐེངས་དང་པོ་ཡིན། གོ་དོན་གང་ཡིན་གོ་མ་སོང།
རྩོམ་པ་པོས་ཤོད་དགོས་པ་དེ་རང་ཉིད་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པར་ཤེས་ཏེ་གང་ལའང་ཆགས་ཞེན་མེད་ཚུལ་བྲིས་འདུག་ཡག་པོ་རེད། དེ་ལྟར་ཤེས་ཡོད་ན། དུས་རབས་འདིར་དེ་འདྲ་ཤེས་མཁན་ཞིག་ཡོད་ན་མི་དེ་སངས་རྒྱས་རེད་ཅེས་བཤད་ནའང་མ་འགྲིག་པ་མེད། དེ་མིན་དེང་སང་བླ་སྤྲུལ་དགེ་བཤེས་མཁན་པོ་བཙུན་པ་དེ་ཚོས་འཇིག་རྟེན་པ་ལས་ཀྱང་ལྷག་པའི་ཆགས་ཞེན་དང་རྟག་འཛིན་ཆེ་བས། རྐང་ལ་ཀོ་ལྷམ་གོང་ཆེན་རིགས་དང། ལག་ཏུ་ཆུ་ཚོད་དང་ཁ་པར་གོང་ཆེན་རིགས་དང། འཕྲག་པར་ཀོ་བའི་འཕྲག་འགེལ་གྱི་འཇོ་ལ་སོགས་མི་དགོས་དགུ་དགོས་ཐམས་ཅད་ཁོང་ཚོར་དགོས་ཀྱི་ཡོད།
ཁྱུང་སེང་ལགས། གྲྭ་པ་མི་རེད་དང་སྐུ་མཁྱེན། ཧ་ཧ།
མི་རྟོག་པ་སྐད་ཅིག་ཡིད་ལ་ཤར་བ་སྐལ་བ་བཟང་། ངོ་མཚར་སྐྱེད་ཡ་རེད།
གྲྭ་བ་མི་ཡིན་ན་མི་ཡིས་གང་བྱས་ཐམས་ཅད་བྱེད་དགོས་པ་རེད་དམ། གྲྭ་བ་རྣམས་འདུལ་སྡོམ་རྒྱུད་ལ་ལྡན་ཅིང་འདུལ་སྡོམ་གྱི་བསླབ་བྱ་རྣམས་བསྲུང་རྒྱུའི་ཁས་བླང་དམ་བཅས་པ་ཡིན་པས་དེ་ལས་འགལ་ན་རུང་ངམ། འདུལ་གཞུང་ནས་སེམས་ཅན་བསད་པའི་ཀོ་བ་དང་པགས་པ་ལས་བྱས་པའི་གོས་རིགས་གོན་མི་རུང་བའི་ཐ་ཚིག་བསྒྲགས་པ་རེད། འོ་ན་གྲྭ་བས་མི་གཙང་བར་སྤྱོད་ན་འགྲིག་གམ་གྲྭ་བ་མི་ཡིན་པའི་ཕྱིར། དེ་འདྲ་རང་བསམ་བསྡད་ཡོད་ས་རེད། དེང་སང་གྲྭ་བ་དང་མི་ནག་གཉིས་ཀྱི་དབར་ལ་གྲ་ཆས་ཙམ་ལས་ཁྱད་པར་མེད་པར་ཆགས་ཡོང་གི་འདུག
ཡག་པོ་ཞེ་དྲག་འདུག