ལྷ་རྩེའི་ཁུ་བྱུག
—–པར་རྙིང་ཞིག་མཐོང་བས་རྐྱེན་བྱས། འདས་དོན་ཞིག་ཐོལ་གྱིས་བབས་སོང་།
ལོ་དེའི་སྟོན་ཀར་དཔལ་སྤུངས་བཤད་གྲྭ་རུ་ཡོད་པའི་“སྐྱོ་བྲག་བླ་མ་གསུམ”མིང་འདི་སྐབས་དེའི་དཔལ་སྤུངས་ནས་ངེད་གསུམ་ལ་འབོད་སྲོལ་ཡོད། དོན་དུ་འཚོ་བ་སྐྱོ་བོས་ས་མཐའ་རུ་འཕྱན་པའི་ཐོས་པ་བཙལ་བའི་བན་ཆུང་གསུམ་སྟེ། དགའ་དབང་། གྲགས་བཟང་། ཁོ་བོ་བཅས་ཡིན། དགའ་དབང་ནི་ད་ལྟ་འཛམ་གླིང་ལ་གྲགས་ཀྱིན་པའི་མཁས་མཆོག་སྐྱོ་བྲག་དགའ་དབང་ལགས་རེད། གྲགས་བཟང་ནི། མཁས་གྲུབ་གཉིས་ལྡན་གྱི་བླ་མ་བཟང་པོར་གྱུར་ཡང་། ངེད་ཅག་བསོད་ནམས་དམན་པས་སྐུ་འཚོ་མ་སོང་། ང་ནི་ང་རེད།
ད་ནི་དཀྱུས་ལ་འཇུག་ནས་བཤད་ན། དཔལ་སྤུངས་མཁན་ཆེན་བྱང་ཆུབ་སེམས་དཔའ་བཀའ་དྲིན་བརྗོད་འདས་ཀྱི་ཁོ་བོའི་བླ་མ་སྟེ་དིའུ་ཆུང་བློ་ཆོས་མདུན་ནས་ལོ་གསུམ་ཙམ་རིང་། བྲིས་གཟུགས་སྣ་ཚོགས། དག་ཡིག སུམ་རྟགས། སྙན་ངག ནག་རྩིས། སྤྱོད་འཇུག་སོགས་ཞུས་ཏེ། ལོ་དེར་ཕ་ཡུལ་དུ་ངེད་གསུམ་འགྲོ་ཁར་བླ་མའི་སྐུ་མདུན་དུ་བཅར། ཚེ་འདི་དང་ཕྱི་མར་ཕན་པའི་གདམས་ངག་གནང་ཞིང་། ཐུགས་བརྩེ་བའི་བསླབ་བྱ་མང་དུ་བསྩལ་སོང་།
ངེད་གསུམ་ཡང་བླ་མ་དགུང་ལོ་མཐོ་ཞིང་། རྟིང་སོར་ཞལ་མཇལ་མིན་དོགས་པས་རྐྱེན་བྱས། དེ་སྔོན་བཀའ་དྲིན་བརྗོད་ལས་འདས་ཤིང་། ཡུན་རིང་དཔོན་སློབ་འདྲིས་པའི་དད་གུས་གདུང་བ་ཆེན་པོས་ཡུན་རིང་བླ་མའི་མདུན་དུ་ངུ་ཤོར་སོང་། དེ་མཚམས་གཟིམ་ཁང་ཐོག་ཁར་ངེད་གསུམ་ལ་སྐྱེལ་མའི་ཆེད་དུ་ཕེབས་ཤིང་། སྤྱན་གྱིས་སྐྱེལ་མ་གནང་། དཔལ་སྤུངས་ཀྱི་སྒྲུབ་ཁང་བསམ་གཏན་ཆོས་གླིང་ཡོད་སའི་རི་སྐེད་ནས་ཕྱི་མིག་གིས་བླ་མ་མཇལ་དུས། ད་དུང་གཟིམ་ཁང་སྟེང་ནས་ངེད་གསུམ་ལ་གཟིགས་པར་མཐོང་གི་འདུག ངེད་གསུམ་ཡང་ད་དུང་ངུ་བཞིན་འབྲལ་མི་ཕོད་པའི་ངང་ནས་སོང་བ་ཡིན། དེ་དུས་ལམ་དུ་ན་གཞོན་འགའ་ལ་ཐུག་དུས། ངེད་གསུམ་ངུ་བ་ལ་ངོ་ཚ་ནས་མཆི་མ་ཕྱེས་ཏེ། མ་ངུས་པའི་ཟོལ་གྱིས་ལམ་ནས་གཡོལ་ཏེ་ཕྱིན་པ་ཡིན། ལོ་ཆུང་གི་གཤིས་ཀ་དེ་འདྲ་རེད། འབྲལ་ཁར་བླ་མའི་གདམས་ངག་དེ་ནི་ནམ་ཞར་འཚོ་བའི་སྐྱིད་སྡུག་ཁྲོད་དུ་དྲན་ཐེངས་རེར་སེམས་ལ་སྨིན་པོ་ཡོང་གི་ཡོད།
ཉིན་དེར་ངེད་གསུམ་ཁུར་རྩ་དབོར་འདྲེན་པ་ཞིག་ཡོད་མོད་སུ་ཡིན་མི་དྲན་ཀྱང་རྐང་ཐང་གིས་དགོང་མོར་བླ་མའི་ཡབ་ཡུལ་ཁ་སྟེང་ལ་བསླེབས། དེར་ཉིན་ཁ་ཤས་བསྡད་དེ་གྱོན་པ་བཀྲུས་ཤིང་། གོས་ལྷམ་བཙེམས་ཏེ་ཕ་ཡུལ་ལ་འགྲོ་བའི་གྲབས་བྱས། དྲིན་ཆེ་བའི་ཁུག་རྡའི་དཔལ་ཆེན་ཚང་དང་། དིལ་མགོ་ཚང་། ལྷ་བཟོ་ཉི་མའི་ཁྱིམ་སོགས་ལ་ཁ་བརྡ་གློད་ནས་བསྡད། ངེད་གསུམ་ཕ་ཡུལ་ལ་འགྲོ་བ་ཡུལ་མི་རྒས་གཞོན་ཚང་མས་ཤེས་པས། དགའ་སྐྱོའི་རྣམ་འགྱུར་མང་པོ་སྟོན་ཅིང་། ཕན་ཚུན་ཡིད་འཕྲེང་བའི་ཚོར་བ་ད་དུང་གསལ་བོར་འདུག
ལར་ཁོ་བོ་ཅག་ལ་ཁ་སྟེང་ཡུལ་མི་རྒས་གཞོན་ཀུན་དྲིན་ཆེ་བ་ཡིན་ཏེ། འབུད་ཤིང་བཏུས་པ། ཅ་ལག་དབོར་འདྲེན་གྱི་རྟ་ཁལ་གཡར་བ། སྔོ་ཚལ། ཞོག་ཁོག རྩམ་པ་སོགས་གང་མཁོ་སྦྱིན་པ་སོགས་ས་མཐའི་བན་ཆུང་གསུམ་ལ་བྱམས་པོར་གནང་ཡོད། ཕ་ཡུལ་ལ་འགྲོ་ཉིན་ཁ་སྟེང་རི་བོའི་གནའ་ལམ་ནི་ནགས་ཚལ་སྟུག་ཅིང་། གྱ་གྱུའི་ལམ་རྫོབ་ཅན་གཤག་རི་ལས་བབས་ཏེ་མགོན་ལྕེའི་ཞོལ་དུ་འབྱོར།
ས་དེ་ནས་སྡེ་དགེ་རྫོང་བར་རླངས་འཁོར་ལམ་ཐག་ལ་སྤྱི་ལེ་བཞི་བཅུ་ཙམ་ཡོད། འགྲོ་མཁན་ཅི་བས་དཀོན། ངེད་ཚོའི་ངོ་ཤེས་འདྲུད་འཁོར་ཁ་ལོ་པ་ཞིག་ཡོད། ཁོ་ཡང་སང་ཉིན་རྫོང་ལ་འགྲོ་བའི་གཏམ་འདུག་པས། ཞག་མ་གཅིག་དེར་ཉལ་བ་ཡིན། ཕྱི་ཉིན་ཕྱི་དྲོའི་བར་དུ་འདྲུད་འཁོར་ཁ་ལོ་པ་དང་། ཨ་ལོ་ཞེ་དགའི་རྒན་པོ་གཉིས་ཀྱིས་བོད་ཀྱི་ཨ་རག་གར་བོ་དག་དག་བཏུང་སྟེ་ལམ་དུ་འགྲོ་ཐུབ་མ་སོང་། ཕྱི་དྲོ་ཆུ་ཚོད་ལྔ་ཙམ་ཟིན་དུས་ཁ་ལོ་པ་བཟི་བེར་བེར་གྱིས་འདྲུད་འཐེན་འཁོར་གཞུང་ནང་ལ་སོལ་སྒྱེ་མང་པོར་བརྩེགས་པས། འདྲུད་འཐེན་འཁོར་ལོའི་བོངས་ཚོད་ལས་བརྒལ་བའི་སོལ་སྒྱེའི་སྟེང་དུ་ད་གདོད་མི་དྲུག་བདུན་བཞག་སོང་། གྲགས་བཟང་ངེད་གཉིས་འདྲུད་འཐེན་འཁོར་ལོའི་འཁོར་ཁེབ་ཐོག་ཏུ་གཡས་གཡོན་བྱས་ཏེ་བསྡད་ནས་ལམ་དུ་ཆས་མོད། ཁ་ལོ་པ་བཟི་དྲགས་འདྲུད་འཁོར་ལམ་ནས་ཐད་ཀར་མི་འགྲོ་བར་འཁྱོགས་པོ་བྱས་ལམ་ཟུར་དུ་ཤོར་ཉེས་ཀྱིས་ཆབ་མདོ་དང་སྡེ་དགེའི་ཨར་འདམ་གཞུང་ལམ་རྩེ་གཟེངས་མདོ་རུ་འབྱོར་སོང་། ང་ཚོ་ཧ་ཅང་སྐྲག་ཀྱང་བྱ་ཐབས་མི་འདུག
ད་ནི་ལམ་བདེ་བས་ཅུང་དྲག་རྒྱུ་རེད་སྙམ་མོད། ཁོ་ནི་སྔོན་ལས་བཟི་དྲགས་པའི་རྣམ་པས་མགོ་མར་གུག་ཅིང་མཚམས་རེར་མིག་ཀྱང་བཙུམ་གྱིན་འཁྱར་འཁྱོར་གྱིས་སོང་། སྐབས་ཤིག་ལམ་ནས་གློ་བུར་ལམ་འོག་ཏུ་མཆོངས་གྲབས་བྱས་པའི་མོད་དེར་ཁོ་ཡང་དངངས་སྐྲག་གིས་དཀྱུ་འཁོར་ཡར་དཀྱུས་དྲགས། གཞུང་མའི་ཅ་ལག་དང་མིའི་རང་བརྗེད་མ་ཐེགས་པར་འཁོར་སྒམ་ནང་གི་སོལ་སྒྱེ་ཉིལ་ཏེ་མི་ཀུན་ས་ལ་ལྷུང་སོང་། འདྲུད་འཁོར་དལ་གྱིས་འདུག་ཐུབ་སོང་མོད། གྲགས་བཟང་ངེད་གཉིས་སྐྱོན་མ་བྱུང་བར་ཤེས་ཀྱང་དགའ་དབང་ཁ་ལ་ཡོད་སྟབས། ཧ་ཅང་གི་འཇིགས་སྐྲག་གིས་ས་ལ་བབས་ཏེ་དགའ་དབང་གི་འཁྲིས་ལ་སོང་། དགའ་དབང་ནི་མ་སྐྱོན་ཁར་གད་མོ་སིག་སིག་དགོད་ཀྱིན་འདུག
སྡེ་དགེར་ཉིན་རེ་ཟུང་བསྡད་དེ། ཕྱོགས་གཅིག་ནས་སྡེ་དགེ་པར་ཁང་ནས་དཔེ་ཆ་འབྱོར་ཚོད་ཀྱིས་བླུས་ཤིང་། ཕྱོགས་གཅིག་ནས་ཡུལ་ཤུལ་སྐྱེ་མདོ་ལ་འགྲོ་མཁན་རླངས་འཁོར་བཙལ་བ་ཡིན། ༼ངེད་གསུམ་གྱི་པར་འདི་༽སྐབས་དེ་དུས་དྲན་རྟེན་དུ་བླངས་པ་ཡིན། ཕྱི་དྲོ་ཞིག་ཏུ་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོའི་འཁྲིས་སུ་ཡུལ་ཤུལ་ནས་ཡིན་པའི་རླངས་འཁོར་ཆེ་བ་ཤར་རླུང་རྟགས་ཅན་དང་། རླངས་འཁོར་ཆུང་བ་པེ་ཅིང་རྟགས་གཉིས་བཞག་འདུག ཉེན་ཀོར་དུ་བླ་གྲྭ་ཉ་མ་བཅའ་བཅུ་ཙམ་གྱིས་པར་ཁང་བསྐོར་བའི་ཡུལ་ཤུལ་བའི་མགྲོན་པོ་འགའ་བསླེབས་འདུག ངེད་ཚོ་ཧ་ཅང་གིས་དགའ་སོང་། རྒྱུ་མཚན་ནི་ཕ་ཡུལ་གྱི་རླངས་འཁོར་དང་། ཕ་ཡུལ་གཅིག་པའི་བླ་གྲྭ་དང་འཕྲད་པས་སྟབས་ཡག་ན་སྐྱེ་དགུ་རུ་གླ་མེད་ངང་ནས་འབྱོར་སྲིད་པ་རེད་ལ། དེ་མིན་ནའང་ད་ཡུལ་ཤུལ་ལ་རླངས་འཁོར་གྱི་དཀའ་ལས་སེལ་ཐུབ་པ་རེད་ཨང་སྙམ་སོང་།
ངེད་ཚོས་གྲྭ་པ་ཞབས་འབྲིང་པ་ཞིག་ལ་སྐད་ཆ་དྲིས་དུས། ཁོང་པ་དག་ཡུལ་ཤུལ་ནས་འདིར་ཕེབས་པའི་སྤྲུལ་ཆེན་ཞིག་ཡིན་པར་རྟོགས་ཤིང་། སྡེ་དགེ་རུ་བཀའ་བསྟན་འགྱུར་མཚལ་པར་ཅན་བླུ་ཆེད་ཕེབས་པ་རེད་འདུག ཡིན་ནའང་། ཕེབས་ཅུང་འཕྱི་བས་ལོ་གཅིག་གི་བཀའ་བསྟན་འགྱུར་ཡོད་པ་ཀུན་ཟད་ཚར་བ་དང་ཁེལ་ཞིང་། བཀའ་འགྱུར་གསར་པ་པར་དགོས་ན་དཔྱིད་ཀ་མ་གཏོགས་མི་འདུག ད་སང་མ་གནངས་ལ་ཡར་ཡུལ་ཤུལ་དུ་བྱོན་ངེས་ཤིང་། རླངས་འཁོར་ཆེ་བ་སྟོང་པ་ཡིན་པའི་སྐད་ཆ་བདེན་པར་གསུངས་སོང་།
ངེད་གསུམ་གྱིས་གནས་ཚུལ་ཞུས་དུས། ཁོང་ལ་དབང་ཆ་མེད་རིན་པོ་ཆེ་ལ་ཞུས་དང་གསུང་གིན་འདུག ངེད་གསུམ་རྟབ་རྟབ་ཀྱིས་རིན་པོ་ཆེ་ཞབས་ཐང་པར་ཁང་བསྐོར་བའི་སྐུ་འཁྲིས་སུ་བཅར་ཏེ། མགོ་སྒུར། ལྕེ་སྣར། འཕྲག་པ་ལྷོད། ཕྱག་རྒྱ་བཅས་ཏེ། གཉོམ་ཆུང་ངག་འདར་གྱིས། ངེད་གསུམ་དཔལ་སྤུངས་བཤད་གྲྭ་ནས་ཡོང་ཞིང་ཕ་ཡུལ་དུ་འགྲོ་བའི་སྐོར་ཞུས་ཏེ། རིན་པོ་ཆེ་ལ། ངེད་གསུམ་རླངས་འཁོར་ཁ་རུ་ཐུགས་རྗེའི་བདག་རྐྱེན་སྩལ་དུ་གསོལ་ཞུས་པ་ཡིན།
ཁོང་ནི་ལྷ་ལྕམ་དང་ལྷན་དུ་གོས་ཆེན་སེར་པོ་གསེར་རིས་ཅན་གྱི་ཕྱུ་པ་སེར་པོ་ཞིག་འཇོང་འཇོང་དུ་མནབས་ཤིང་། ཕྱགས་ལྷམ་ནག་པོ་འོད་ལྕུག་ལྕུག་ཅན་དེ་ལྷག་ཏུ་ཁོང་དང་འགྲིག་པོ་འདུག གསེར་དངུལ་བཀྲ་མའི་གའུ་ཞིག་ཕྱེད་ཁུར་མཛད་དེ་ཧ་ཅང་བསོད་ནམས་ཅན་དང་། མི་ཆེན་ཞིག་ལོས་ཡིན་སྙམ་པར་འདུག ཁོང་གིས་དཔལ་སྤུངས་ལ་ཅི་ཡིན་གསུང་སོང་བས། ངེད་ཚོས་རེ་བ་ཤིན་ཏུ་ཆེན་པོས་དཔེ་ཆ་བལྟ་ལ་སོང་བ་ཡིན་ཞེས་གུས་པ་ཆེན་པོས་ཞུས། ཁོང་གི་སྒམ་པོའི་རྣམ་འགྱུར་ནང་ཅུང་མ་རངས་པའི་ཉམས་བཅས་ཁྱེད་ཚོ་ཁོ་བོའི་རླངས་འཁོར་ཁ་རུ་ཤོང་ས་མེད་གསུངས་པ་ལ་བལྟས་ན་ངེད་གསུམ་མནོལ་གྲིབ་ཀྱིས་རླངས་འཁོར་བརྫད་འགྲོ་བའི་དངོས་པོ་ཞིག་ལོས་ཡིན་སྙམ་པའི་ཚོར་བས་སྐྲ་ལོའི་རྟིང་ཀ་སྒུལ་བ་ཙམ་བྱུང་།
རིན་པོ་ཆེ་ནི་སྟོན་རླུང་བསེར་བུ་དང་ལྷན་དུ་གྲང་ཤུར་ཤུར་གྱིས་བྱོན་ཤོར་སོང་བས། ངེད་གསུམ་གློ་རྡེག་མགོ་ཐོག་ཏུ་ཆུ་ཟོམ་གང་བྱོ་བ་ནང་བཞིན་ཡིད་ཀོང་མཆིལ་མས་བརྣངས་ཏེ་སྔོན་མའི་དགའ་བ་དང་རེ་བ། ཡིད་ཆེས་ཚང་མ་བརླགས་ཤིང་། གཉོམ་ཆུང་རེ་བའི་ངོ་ཚ་རང་སྡུག་རང་ཉོས་ལ་ཡིད་སྨྲེང་སྟེ་དལ་གཅིག་དེར་བློང་བློང་པོས་འགྲེང་དགོས་པ་བྱུང་སོང་། སྤྱིར་ཡིན་ན་སོ་སོའི་རླངས་འཁོར་སྒེར་བདག་ཡིན་ཙང་། སེམས་ཕམ་དགོས་དོན་མེད་མོད། སྐབས་དེར་ཡུལ་ཤུལ་དུ་འགྲུལ་སྐྱེལ་རླངས་འཁོར་མེད། རླངས་འཁོར་ཤིན་ཏུ་དཀོན་ཐོག སྤྲུལ་སྐུ་ལ་སངས་རྒྱས་སྐུ་ཤ་རློན་པའི་འདུ་ཤེས་ཟབ་ཅིང་། ཉམ་ཐག་གི་བན་དེ་གསུམ་ལ་ཐུགས་རྗེའི་བདག་རྐྱེན་རག་པའི་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་པའི་རེ་བ་སྦད་དེ་ཤི་སོང་བས། སྤྲུལ་སྐུའི་མིག་འོག་གི་ཐོས་བསམ་པ་ནི་འགོ་ནད་ཅན་ཞིག་གམ། ཉེས་ཅན་ཞིག་ཡིན་པའི་སྐྱོ་སྣང་རིམ་བརྩེགས་བསྟུད་མར་འཕེལ་སོང་།
བསམ་གཞིག་བསྐྱར་དུ་བསྔོགས་དུས། ངེད་གསུམ་དཔལ་སྤུངས་སུ་ཡོད་པའི་དབྱར་ཀ་ཞིག་ཏུ་རྫོང་སར་བཤད་གྲྭ་ནས་གྲྭ་པ་གསུམ་བསླེབས་སོང་། དེ་དུས་ཡུལ་ཤུལ་པའི་ཐོས་བསམ་པ་མང་པོ་ཞིག་རྫོང་སར་ལ་བཞུགས་ཡོད། ཁྱིམ་དགོངས་སྐབས་སུ་རྫོང་སར་ནས་དཔལ་སྤུངས་བར་དུ་རྐང་ཐང་ཞག་ཚུགས་ཁེལ་ཡོད། ཡུལ་ཤུལ་གྱི་བན་དེ་ཚང་མ་ངེད་གསུམ་སར་གནས་ཚང་གཡར་བའི་སྲོལ་ཡོད། ངེད་གསུམ་ཡང་ཡུལ་ཤུལ་ནས་ཡིན་པས་རེད། འདུག་ས་གསེར་སྡོང་ཁང་ལ་ཡིན་ཕྱིར་ཁང་པའི་ཆ་རྐྱེན་ཡོད། ཉལ་གོས་སོགས་ཁལ་པའི་ཚུལ་ཁྲིམས་ཏེ། དཔལ་སྤུངས་དགོན་པའི་ཕྱག་མཛོད་མདུན་ནས་གང་དགོས་གཡར་པོ་མཛད་ཀྱི་ཡོད།
རེད། གྲྭ་པ་གསུམ་དེ་གོང་གི་སྡེ་དགེ་ནས་མཇལ་བའི་སྤྲུལ་སྐུའི་དགོན་པ་ནས་ཏག་ཏག་རེད། བརྗེད་དཀའ་བ་ཞིག་ལ། ཁོང་གསུམ་གྱིས་རྐང་ཐང་དུ་ཐང་ཀ་ཧ་ཅང་ཆེན་པོ་གོང་གཤམ་དང་སྒྲིལ་ཏོག་ཀློང་པན་ཅན་ཞིག་ཁུར་འདུག རྒྱུ་མཚན་དྲིས་པས། ཁོང་ཚོར་དགོན་པའི་བླ་མས་དཔེ་ཆ་བལྟ་ལ་སོང་བའི་ཉེས་ཆད་དུ་ཐང་ཀ་འདི་བཤགས་པ་འབུལ་བྱེད་དུ་བླུས་པ་ཡིན་གསུངས། ཐང་ཀ་དེ་ལྷ་སྐུ་ཅི་འདྲ་ཞིག་ཡོད་པ་མི་དྲན་མོད། ཆེ་ཆུང་ནི་ཕལ་པའི་དུད་ཚང་དུ་བཤམ་དགོས་ན་ཁང་པའི་ནང་དུ་ཆུད་པའི་རེ་བ་མི་འདུག
ད་དུང་མིའི་སྒལ་པར་ཁུར་ནས་མགོ་སེ་ལ་ཟེར་བའི་སྐད་གྲགས་ཅན་དེ་བརྒལ་ནས་ཉིན་ལམ་རིང་པོ་ཞིག་ལ་འགྲོ་དགོས་པ་རེད་ཨང་། དེ་མཚམས་གཞི་ནས་འཁོར་ལམ་ལ་ཐུག་པ་རེད། ད་ཡར་དགོན་ནང་བསླེབ་རྟིང་དཔེ་ཆ་བལྟ་ལ་འགྲོ་མི་ཆོག་པའི་སྐོར་གསུངས་སོང་། གཞི་ནས་རིན་པོ་ཆེ་འདི་ངེད་གསུམ་ལ་ཐུགས་རྗེས་མ་གཟིགས་པ་མ་ཡིན་པར་དཔེ་ཆ་པ་སྤྱི་དང་། ཐོས་བསམ་པ་ཡོངས་ལ་དགྱེས་པའི་སྤྱན་དཀྱུས་མི་གཡོ་བའི་ཚུལ་ཙམ་གནང་མཁན་ཞིག་ཡིན་པར་རྟོགས་སོང་།
ཡ་མཚན་ལ། ངེད་ཚོའི་བླ་མ་གསལ་བྱེད་རིན་པོ་ཆེ་སྐབས་དེར་བྱ་བྲལ་རི་ཁྲོད་འབའ་ཞིག་ལ་བཞུགས་པ་ཡིན་ཀྱང་། ངེད་ཚོ་ཐེ་བའི་སྐྱོ་བྲག་གི་བན་ཆུང་དཔེ་ཆར་མོས་པ་ཅན་སྐོར་ཞིག་ལ་མཐུན་རྐྱེན་གཞན་ནས་གཡར་ཏེ། ས་མཐར་དཔེ་ཆ་བལྟ་ཕྱིར་ཆེད་མངགས་མཛད་པ་རེད། དགོན་པ་ཡིན་ནའང་ལམ་ལུགས་འདྲ་ཡི་མི་འདུག་སྙམ་སོང་། སྐྱོ་བྲག་གསལ་བྱེད་རིན་པོ་ཆེས་མངགས་པའི་བན་ཆུང་དེ་ཚོ་ནི་ད་ཆར། མཁན་པོ་བཤད་སྒྲུབ་འགྱུར་མེད། མཁན་པོ་དམ་ཆོས་ཟླ་བ། མཁན་པོ་དཔའ་བརྟན། མཁས་མཆོག་དགའ་དབང་། མཁན་སྤྲུལ་ཀརྨ་ཨོ་རྒྱན། མཁན་པོ་གྲགས་བཟང་། མཁན་པོ་ཉི་མ་སེང་གེ་སོགས་རེད།
ཕལ་པའི་མི་ལའང་སྒྱུ་མའི་བྱུང་བ་ཡོད།།
ངོ་མཚར་ལྷ་སྒྲུང་བུར་ཆང་མ་བསྲེས་པར།།
འདས་སོང་རྨི་ལམ་མེ་ཏོག་འཁྲིགས་པའི་ཚལ།།
དངོས་བྱུང་ལོ་རྒྱུས་ཆུ་དཀར་ཡོན་ཆབ་མཛེས།།
སྙན་མོ་འདུག ཀློག་ནས་འགྲོ་དུས་་་མི་ལའི་རྣམ་ཐར་མཇལ་བ་དང་མཚུངས།
སྤྲུལ་སྐུ་དེ་སྐྱག་པའི་སྤྲུལ་སྐུའམ་བོང་བུ་ཡོངས་སྲིད་ཡིན་པ་འདྲ། དཔེ་ཆ་བ་ལ་སྡང་པོ་དེ་འདྲ་ཨང་་་་་་
བསྟོད་མི་ཤེས་པ་ཞིག་གིས་བསྟོད་པ་ལས། སྨད་ཤེས་མཁན་ཞིག་གིས་སྨད་ན་བཟང་ཟེར་སྲོལ་དེ་ངོ་མ་འདྲ་ཞིག་རེད། དགའ་དབང་ནི་དེང་སང་འཛམ་གླིང་ལ་གྲགས་བཞིན་པའི་མཁས་མཆོག་ཅེས་ཟེར།
སྔོན་ཆད་བོད་གཞུང་གིས་ཡིག་བསྐུར་སྐབས་སུ་ཉི་འོད་ཀྱིས་གར་ཁྱབ་སྐྱེ་འགྲོ་ཡོངས་སུ་ཟེར་བ་ལྟར་རང་སྣང་ཆེ་དྲགས་ནས་གཟི་བརྗིད་ཁོག་བསྟོད་ཀྱིས་རང་དང་གཞན་གནམ་ལ་བཀྱག་སྟངས་འདི་ངོ་ཚ་ཞིག་ལས་མཐོང་མི་ཐུབ།
འཛམ་གླིང་ཕར་ཟད། བཀའ་བརྒྱུད་ནང་ཁུལ་དང་ཕ་ཡུལ་གཅིག་པའི་ནང་ཁུལ་དུའང་དགའ་དབང་ཤེས་མཁན་ག་ཚོད་ཅིག་ཡོད་འགྲོ
འདོན་ཁ་ཁྲལ་་་ཙམ་མ་གཏོགས་རིག་གནས་དང་མཚན་ཉིད་སློབ་སྦྱོང་ལ་རྩ་ནས་མི་དགའ་མཁན་བླ་མ་ཧ་ཅང་མང་། ང་དང་རོགས་པ་ཁག་ཅིག་ལྷ་ས་ལ་བྲོས་ནས་ཡོང་དུས་བྱུང་ན་རྒྱ་གར་དུ་༧ གོང་ས་མཆོག་མཇལ་རྒྱུ་དང་སློབ་སྦྱོང་བྱེད་ཆེད་འགྲོ་དགོས་རབས་བཤད་སྐབས་ངའི་རོགས་པ་ཁག་ཅིག་གིས་ཁོང་ཚོ་རྒྱ་གར་ལ་མི་འགྲོ་བའི་ཁོང་ཚོའི་ཡུལ་ལུང་གི་རིན་པོ་ཆེ་ག་གེ་མོའི་མདུན་དུ་་ཁས་བླངས་བྱས་ནས་ཡོང་ཡ་ཡིན་ཟེར། དོན་ནི་མཚད་ཉིད་སྦྱང་ན་ཕན་ཐོགས་མེད་རབས་གསུང་མཁན་ཞིག་རེད་འདུག