འབྲོང་ངུར་བསྟན་འཛིན་ལམ་བཟང་གིས།
ཆ་འཕྲིན་གྱི་དུས་རབས་སུ་འབོད་པའི་སྐབས་ འདིར་སྤྱི་འགྲོས་ལྟར་གུས་པས་ཀྱང་དྲྭ་ངོས་སུ་རྩོམ་ཡིག་སྤེལ་བ་དང་ཟིན་བྲིས་ འཇོག་པ། དེ་བཞིན་མཆན་བུ་འདེབས་པ་སོགས་ཀྱི་ལས་ལ་ཞུགས་དང་འཇུག་བཞིན་ཡོད། སྤྱིར་ན་གཞན་ལ་བསྙོན་འཛུགས་དང་གཞི་མེད་སྒྲོ་སྐུར་ལ་དགའ་བ་སོགས་ནི་རང་གི་ གཤིས་ཀར་མ་གྲུབ་པས་དྲྭ་ཐོག་ཏུའང་དེ་ལྟར་གཏན་ནས་བྱས་མྱོང་མེད་ཀྱང་། ཁ་བརྡའི་དྲྭ་ཐོག་ཏུ་གཞན་གང་ཞིག་གིས་གུས་པའི་མིང་འབྲོང་ངུར་བསྟན་འཛིན་ལམ་བཟང་ཞེས་པ་བེད་སྤྱད་དེ་གཤམ་གསལ་ལྟར་ལས་ཐོག་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེར་ཟུར་ཟ་དམའ་འབེབས་སྒྲོ་སྐུར་གྱི་མཆན་བུ་ཞིག་བཏབ་འདུག་པ་ནི་ཁོ་བོར་མཚོན་ ན་ཟམ་གདོང་རིན་པོ་ཆེར་མི་ཕྱེད་པའི་ཡིད་ཆེས་དང་བཀའ་དྲིན་རྗེས་དྲན་བྱེད་མཁན་ཞིག་ཡིན་པས་བསམ་ཡུལ་ལས་འདས་པ་ཞིག་བྱུང་།
དེ་ཡང་། རང་གིས་རང་ལ་དྲི་བ་དྲིས་ལན་བྱས་པ། ཞེས་པའི་ཁ་བྱང་ཅན་གྱི་བསམ་ཚུལ་དེའི་ནང་གི་མཆན་བུ་བཅོ་ལྔ་པར་འདི་ལྟར། ༼༡༥༽ འབྲོང་ངུར་བསྟན་འཛིན་ལམ་བཟང་ནས། སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༤ གི་ཆུ་ཚོད་ ༡༢ སྐར་མ་ ༢༡ ཟམ་ གདོང་བླ་མ་ནི་བརྒྱ་ཁ་གཅིག་གཅོད་བྱེད་མཁན་གྱི་བླ་རྒན་ཞིག་རེད་དེར་བརྟེན་ཁོ་ པས་བཤད་པའི་རྨང་གཙོ་ནི་རྫུན་མ་རྫུན་རྐྱང་ཡིན།༽ཞེས་བཀོད་འདུག
རྒྱ་ཆེའི་དྲྭ་གྲོགས་སྤུན་ཟླ་རྣམས་ཀྱིས་ཕྱིན་ཆད་འདི་འདྲའི་ལས་ངན་རིགས་གཏན་ནས་མི་གནང་བར་ཞུ་རྒྱུ་དང་། དྲྭ་བདག་ཚོས་ཀྱང་སྟངས་འཛིན་གཟབ་ནན་གནང་རོགས་ཞེས་རེ་སྐུལ་ཞུ། གུས་པའི་མིང་བེད་སྤྱོད་པ་པོ་སུ་ཡིན་ཡང་རུང་གཞན་གྱི་མིང་བེད་སྤྱོད་རྐུན་མ་རྒྱག་པའི་བྱ་སྤྱོད་ཚད་བརྒལ་གྱི་རིགས་འདི་འདྲ་གནང་དོན་གང་ཡིན་ད་ལྟ་ངས་ཤེས་འདོད་ཆེར་མེད་མོད། མ་འོངས་པར་འདི་འདྲའི་རིགས་བྱུང་ཚེ་སྤྱི་ཚོགས་ཐོག་རང་གཞན་གཉིས་ཕུང་གི་ལས་ ཤིག་ལས་གཞན་མ་མཆིས་པར་བརྟེན་ངེས་པར་བསམ་ཤེས་ཡོད་པར་མཛོད།
ཁྱད་པར་གྱི་ཆོས་དང་མ་སྦྱར་བའི་མིང་གཞན་ཡིན་ན་འཛམ་གླིང་འདིའི་སྟེང་མིང་མཚུངས་པ་མང་པོ་ཡོང་ཆོག་ཀྱང་། ཕྲན་གྱི་མིང་གི་མགོར་འབྲོང་ངུར་ཞེས་པའི་ཁྱད་སྒྲ་སྦྱར་ཡོད་པས། འབྲོང་ངུར་བསྟན་འཛིན་ལམ་བཟང་ཞེས་པའི་མིང་ཅན་ནི་ཁོ་བོ་གཅིག་པུར་གོ་བ་ཡིན། སྤྱིར་ན་འབྲོང་ངུར་ཞེས་པའི་དོན་ནི་གུ་བཀྲའི་ཆོས་འབྱུང་དང་འབྲོང་ངུར་ཆོས་ རྗེ་དགུ་པ་དགེ་བའི་དབང་པོས་མེ་མོའི་གནས་ཡིག་སོགས་སུ་གསལ་བར་གསུངས་ཤིང་། དེའི་ཚུལ་ཁོ་བོས་བརྩམས་པའི་དེབ་ཆུང་བདེན་པའི་བཞིན་རས་སུ་གསལ་བར་ངོ་སྤྲོད་དང་འགྲེལ་བཤད་དོགས་གཅོད་དང་བཅས་བྲིས་ཡོད་པ་ལྟར། ཆོས་རྗེ་སྒང་པ་རིན་ཆེན་འོད་ཟེར་ལ་ཐོག་མར་ཐོགས་པའི་མཚན་ཞིག་ཡིན་པ་དང་། རྗེས་སུ་ཁོང་གིས་བཏབ་པའི་དགོན་མ་ལག་བུ་སློབ་དང་བཅས་པ་ཡོངས་ཀྱིས་འབྲོང་ངུར་ཞེས་པའི་མཚན་དེ་རང་མིང་གི་མགོར་སྦྱར་སྲོལ་ཡོད་པ་ཡིན། དེར་བརྟེན་ཁོ་བོས་ཀྱང་བསྟན་འཛིན་ལམ་བཟང་ཞེས་པའི་རང་མིང་གི་མགོར་འབྲོང་ངུར་ཞེས་པའི་མིང་འདི་སྦྱར་བ་ཡིན་ལ། གཞན་དང་འཁྲུལ་གཞི་མི་ཡོང་བ་དང་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་སྟབས་བདེ་ཡོང་བ་ སོགས་དགོས་པ་དུ་མར་དམིགས་པ་ཞིག་ཀྱང་ཡིན་པས་ཁྱེད་ཀྱིས་ཡིད་འཇགས་མཛད་དུ་གསོལ།
འབྲོང་ངུར་བསྟན་འཛིན་ལམ་བཟང་གིས། སྤྱི་ལོ་ ༢༠༡༡ ཟླ་བ་ ༠༧ ཚེས་ ༡༠ ཉིན་གསལ་བཤད་རེ་སྐུལ་གྱི་ཚུལ་དུ་ཕུལ།
གུས་པས་རྒྱབ་སྐྱོར་ཡོད།
བསྟན་འཛིན་ལམ་བཟང་ལགས།
ཁ་བརྡས་དྲ་ངོས་སུ་བཏབས་པའི་མཆན་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་མ་ཟད་། ཐ་ན་མཆན་སྒོ་འགོག་དགོས་བའི་གནས་སྟངས་ཀྱང་ཡོང་གི་ཡོད་པ་རེད་། ད་ཕན། ཁ་བརྡའི་མཆན་རྒྱག་མཁན་གྱི་ཁྲོད་དུ་གནས་ཚུལ་འདིའི་རིགས་ལྟ་བུ་མང་པོ་བྱུང་བ་རེད་། དེ་དག་དོ་བདག་གིས་ཐད་ཀར་ང་ཚོར་འབྲེལ་བྱས་ཙང་། མང་པོ་ཞིག་བཀག་པ་རེད་།
ང་ཚོར་འབྲེལ་བ་མ་བྱས་ན་། ང་ཚོས་སུ་རྫུན་མ་ཡིན་དང་སུ་ངོ་མ་ཡིན་ཤེས་གི་ཡོད་མ་རེད་། རྗེས་ཕྱོགས་ནས་འབྲེལ་བ་བྱེད་རོགས།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
མིང་རྐུ་འཁྱེར་བྱས་ན་མི་འོས་པ་རེད་། འོན་ཀྱང་དེ་འདྲའི་སྐྲག་མདོག་མ་གནང་། ཆོས་རྗེ་ས་པཎ་གྱིས།
སྟོད་པས་དགའ་བར་མི་འགྱུར་ལ།།
སྨད་པས་མི་དགའ་མི་འགྱུར་བ།།
རང་གི་ཡོན་ཏན་ལེགས་གནས་པ།།
སྐྱེ་བོ་དམ་པའི་མཚན་ཉིད་ཡིན་།། ཞེས་ སྐྱེ་བོ་དམ་པའི་མཚན་ཉིད་འཇོག་ན་དགའ་སྡུག་གི་འཚོར་བ་ཡོད་ནི་མ་རེད་། དགའ་སྡུག་གི་འཚོར་བ་སྐྱུར་མོ་དེ་མེད་ན་སྟོད་སྨད་ལ་ཁྱད་པར་ཅང་མེད་།