སྐྱོ་བྲག་དགའ་དབང་།
བོད་ཀྱི་མཁས་པ་དག་གིས། དགེ་རྩ་བྱང་ཆུབ་ཆེན་པོར་བསྔོས་པའི་ཕན་ཡོན་དུ་དྲངས་པའི་ལུང་ནི།
ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེར་ལྷུང་བ། །
རྒྱ་མཚོ་མ་སྐམས་བར་དུ་དེ་མི་འཛད། །
དེ་བཞིན་བྱང་ཆུབ་རྒྱུར་བསྔོས་དགེ་བ་ཡང་། །
བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །
ཅེས་པ་འདི་ཡིན་ནོ། །
ལུང་འདིའི་ཁུངས་གང་ཡིན་ཐད་ལ། རྗེ་ཙོང་ཁ་པས། མདོ་ལས། ཞེས་སྤྱི་ཙམ་དུ་བཤད་ཅིང་། ཀརྨ་པ་མི་བསྐྱོད་རྡོ་རྗེས། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཞེས་དང་། འཇིགས་མེད་གླིང་པས། བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། ཞེས་པ་ལྟ་བུ་བྱེ་བྲག་ཏུ་བཤད་པའང་ཡོད་མོད་དེ། དོན་ངོ་མ་ལ། དཔའ་བོ་གཙུག་ལག་ཕྲེང་བས། སྤྱོད་འཇུག་འགྲེལ་ཆེན་དུ། ཕན་ཡོན་ནི་ཆུ་ཐིགས་པ་གཅིག་རྒྱ་མཚོ་ཆེན་པོར་འཕངས་ན་རྒྱ་མཚོ་མ་ཟད་ཀྱི་བར་ཆུ་ཐིགས་དེ་མི་ཟད་པ་ལྟ་བུ་སྟེ། ཕན་ཡོན་འདིའི་ཁུངས་དེང་སང་བོད་ཡུལ་བ་ཕལ་ཆེར་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས།
ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །
རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །
དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །
བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །
ཅེས་འདྲེན་ཡང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ན་འདི་མ་མཐོང་ལ། བློ་གྲོས་མི་ཟད་པས་བསྟན་པའི་མདོ་ན་ཚིག་ལྷུག་པར་ཡོད་དོ། །ཞེས་གསུངས་པ་བཞིན། བློ་གྲོས་མི་ཟད་པས་བསྟན་པའི་མདོར། བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ་དཔེར་ན། ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྟུང་བ་ནི་བསྐལ་པས་མ་བསྲེགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ། གཏུགས་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ། གཏུགས་པར་འགྱུར་བ་གང་ཡང་མེད་དོ། །ཞེས་ཚིག་ལྷུག་ཏུ་ཡོད་པ་ལས། ཚིགས་བཅད་འདི་ཀ་རང་ནི། རྒྱ་གར་ནས་འགྱུར་བའི་བཀའ་བསྟན་གང་ནས་ཀྱང་མ་མཐོང་ངོ་། །
འོན་ཏེ་དོན་དག་གཅིག་པའི་ཚིགས་བཅད་གཞན་ནི། ཕར་ཕྱིན་བསྡུས་པ་ལས།
རྒྱ་མཚོ་ཆེན་པོར་ཆུ་ཐིགས་གཅིག་བོར་བ། །
རྒྱ་མཚོ་མ་ཟད་དུས་སུ་ཟད་མི་འགྱུར། །
དེ་བཞིན་བྱང་ཆུབ་མཆོག་ཏུ་བསྔོས་པ་ཡི། །
བསོད་ནམས་རྣམ་པ་ཟད་པར་འགྱུར་བ་མེད། །
ཞེས་དང་། བརྒྱད་སྟོང་པའི་དཀའ་འགྲེལ་དུ།
བྱང་ཆུབ་བསྔོས་པའི་དགེ་བ་ནི། །
བྱང་ཆུབ་བར་དུ་ཟད་པ་མེད། །
རྒྱ་མཚོར་ཆུ་ཐིགས་གཏོར་བ་ཡང་། །
འཇིག་པའི་བསྐལ་པར་གནས་པ་བཞིན། །
ཞེས་དྲངས་པ་དག་མཆིས་སོ། །