གནས་ཚུལ་མཁོ་སྤྲོད་པ། དགེ་བཤེས་སྨོན་ལམ་མཐར་ཕྱིན།
གངས་དགའ་འཁྱམས་པོའམ། བསྟན་པ་བློ་གྲོས་ལགས་གློ་བུར་དུ་འཛིན་བཟུང་བཀག་ཉར་བྱས་པ།
༢༠༡༡།༡།༡༡
འདི་གར་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་བཏང་འབྱོར་ལྟར་ན། ན་གཞོན་རྩོམ་པ་པོ་གངས་དགའ་འཁྱམས་པོའམ་བསྟན་པ་བློ་གྲོས་ལགས་ ༢༠༡༠།༡༢།༢༩ ཉིན་ལྷ་ས་ནས་གློ་བུར་དུ་འཛིན་བཟུང་གིས་བཀག་ཉར་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག
དེ་ཡང་དངོས་མིང་བསྟན་པ་བློ་གྲོས་དང། པིར་མིང་གངས་དགའ་འཁྱམས་པོ་ནི། མདོ་ཁམས་ལྕགས་ར་དཔལ་འབར་རྫོང་ནས་ཡིན་པ་དང་། སྔ་ཕྱིར་དཔལ་ཡུལ་སྔ་འགྱུར་གདན་ས་ཆེན་པོ་མ་དགོན་ནས་སློབ་མཐར་ཕྱིན་པ་དང་། མདུན་བསྐྱོད་ཅེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ། ད་དུང་དཔལ་འབར་སློབ་སྐུལ་ཚོགས་པའི་གཙོ་གྲས། ཁམས་ཁུལ་གྲྭ་བ་ཁ་ཤས་མཉམ་རུབ་ཀྱི་གངས་རིའི་གནས་བབ་ཚོགས་པ་གསར་འཛུགས་། སྒོ་ཡོན་སོགས་དང་འགྲོགས་ནས་ ༢༠༡༠།༡།༢༤ ཉིན་ཁྲི་འདུར་(རྩོམ་རིག་གི་བདག་དབང་འཚོལ་བ་)ཞེས་པའི་བགྲོ་གླེང་ཚོགས་ཐེངས་གཉིས་པ་སོགས་སྔ་ཕྱིར་བགྲོ་གླེང་ཚོགས་འདུ་མང་པོ་གོ་སྒྲིག་བྱས་མྱོང་བ་དང། ༢༠༡༠།༡༢།༢༠ ཉིན་དཔལ་ཡུལ་རྫོང་བཀྲ་ཤིས་བདེ་ལེགས་ཟ་ཁང་དུ་(གངས་རིའི་གནས་བབ་གླེང་བ་)ཞེས་པའི་བགྲོ་གླེང་ཚོགས་སྐོར་ཡང་ཁོང་གིས་བོད་ཕྱི་ནང་གང་སར་ཁྱབ་བསྒྲགས་གནང་ཡོད། རྩོམ་པ་པོ་སྒོ་ཡོན་ལགས་ཀྱང་ ༢༠༡༠།༦།༥ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་བཅར་བརྡུང་ཚད་མེད་བཏང་རྗེས་ཟླ་ཤས་མཚམས་གློད་བཀྲོལ་ཐོབ་ཡོད་པ་རེད།
སྒེར་གྱི་རྩོམ་ཡིག་ཕྱོགས་བསྒྲིགས་(ང་མི་ཡུལ་འགྲོ་དུས་) ཞེས་པ་དང། ༢༠༠༩ ལོར་(གཟན་འོག་གི་ཕྱི་མིག་)ཅེས་པའི་དེབ་གཉིས་བཏོན་ཡོད། དམིགས་བསལ་དྲ་ཚིགས་དག་ན་རྩོམ་ཡིག་རྣོ་ངར་ཅན་མང་པོ་ཞིག་སྤེལ་མྱོང་ཡོད་ཅིང། ཉེ་ཆར་ནས་འབྲེལ་ཡོད་ལ་ཁ་པར་བརྒྱུད་དེང་སང་རྒྱ་མིས་ཁོང་ལ་སོ་ལྟ་བྱེད་བཞིན་ཡོད་ཚུལ་བཤད་འདུག
༢༠༡༠།༡༢།༢༩ ཉིན་ཁོང་དང་ཁོང་གི་ཕ་ཡུལ་གཅིག་པའི་ཕོ་སར་ཞིག་གཉིས་ལྷ་སར་སྲང་ལམ་དུ་འགྲོ་བཞིན་པའི་སྐབས་གློ་བུར་དུ་རྒྱ་གཞུང་གི་ཉེན་རྟོག་པས་ཁྱོད་བསྟན་པ་བློ་གྲོས་ཡིན་ནམ་ཟེར་ཏེ་མཉམ་དུ་འཛིན་བཟུང་བྱས་པ་དང། ཕོ་སར་ཏེ་ཕྱི་དྲོ་གློད་ཟིན་ཡོད་འདུག བསྟན་པ་བློ་གྲོས་ལྷ་སའི་བཙོན་ཁང་ཆེ་བ་ཞིག་ནང་མུ་མཐུད་བཀག་ཉར་བྱེད་བཞིན་ཡོད་འདུག་པ་མ་ཟད། ཁོང་གི་ཁྱིམ་ནས་ཁོང་གིས་རྒྱུན་དུ་བལྟ་ཀློག་བྱེད་པའི་དཔེ་ཆ་ཁག་དང། རྩིས་འཕྲུལ། ཡིག་པར་བཅས་འཕྲོག་ཟིན་ཡོད་འདུག ཉིན་ཤས་སྔོན་ཁོང་གི་སྲིང་མོ་ངོ་ཐུག་ཏུ་སོང་ཡོད་འདུག་ཀྱང་དེའི་སྐབས་སུ་ཁོང་གིས་ཞག་གཉིས་གསུམ་སྔོན་གསར་དུ་སྒོ་ཕྱེས་པའི་བོད་ཡིག་པར་ཁང་དེ་གཞན་ལ་བརྒྱུད་ཤོག ང་སྐྱོན་གྱི་མ་རེད། ཁྱིམ་མི་ལ་མ་བཤད། ཁྱོད་ཚོ་སེམས་ཁྲེལ་དགོས་ཀྱི་མ་རེད་ཟེར་བ་ལས་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་ཡོད་མི་འདུག་པ་བཅས།
བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་ ༢༠༡༡།༡།༡༡ ཉིན་ཕུལ།།
ཁོང་གི་ཟིན་བྲིས་ཤིག་གི་ཁ་བྱང། http://t.amdotibet.cn/u/dengbaluozhu/index.html
xxxxxxxxxxxxxxx གང་ལྟར་ཡང་གྲོགས་པོ་ལགས་ཁྱེད་རང་གིས་སོ་སོའི་སྲོག་དམར་དེ་རྒྱ་དམར་གྱི་ལག་པར་སྤྲད་ནས་བོད་མི་ས་ཡ་དྲུག་གི་ཆེད་དུ་ལས་བྱ་གི་ཡོད་གལ་སྲིད་གོ་སྐབས་ཤིག་བྱུང་ན་ངའི་སྙིང་དམར་པོ་དེ་ཁྱེད་ལ་ཕུལ་ནས་ཁྱོད་ལ་གདུང་སེམས་མཉམ་བསྐྱེད་མཚོན་པ་བྱ་རྒྱུ་ཡིན།
མགྱོགས་མྱུར་གཙོན་གྲོལ་ཐོབ་པ་ཤོག