འབྲིང་བ་འཇིགས་མེད་ཀྱིས།
༄༅།། ད་ལམ་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དང་འབྲེལ། མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༧ ནས་ ༩ བར་ཉིན་གསུམ་རིང་འཚོགས་པའི་མཛད་བཟང་ནི་བསྟན་པའི་ཞབས་འདེགས་རྨད་དུ་བྱུང་བ་ཞིག་དང་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་འོས་པ་ཞིག་བྱུང་ཡོད།
དང་པོ། བགྲོ་གླེང་གི་མཛད་རིམ།
ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་གཉིས་ཐུན་མོང་ནས་གོ་སྒྲིག་བྱས་པའི་བགྲོ་གླེང་ཚོགས་འདུ་འདིའི་ཉིན་དང་པོའི་སྔ་དྲོར་བགྲོ་གླེང་དབུ་འབྱེད་ཀྱི་མཛད་སྒོའི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་༸ཞབས་སོར་འཁོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བཀའ་བློན་དང་སྤྱི་འཐུས། མཁས་དབང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་བགྲོ་གླེང་གི་བརྗོད་གཞིའི་ཐོག་དམིགས་བསལ་ལམ་སྟོན་གསུང་བཤད་གནང་མཁན་དུ་ཆེད་གཉེར་གདན་འདྲེན་ཞུས་པའི་མཁས་པ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། རྒྱ་བལ་འབྲུག་གསུམ་གྱི་ཆོས་བརྒྱུད་རིས་མེད་ཀྱི་གྲྭ་བཙུན་གཉིས་ཀའི་དགོན་སྡེ་བརྒྱ་ལྷག་གི་སློབ་གྲྭའི་དབུ་འཛིན་དང་སློབ་སྤྱི། དགེ་རྒན། སློབ་གཉེར་བ་སོགས་བགྲོ་གླེང་ཚོགས་བཅར་བ་ཉིས་བརྒྱ་ལྷག ཀིརྟིའི་བྱེས་པ་གྲྭ་ཚང་གི་གྲྭ་མང་། འབྲེལ་ཡོད་མི་མང་བཅས་མཛད་སྒོར་མཉམ་ཞུགས་བྱས།
ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བགྲོ་གླེང་དབུ་འབྱེད་ཀྱི་མར་མེ་ཞལ་དབྱེ་མཛད། དེ་ནས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དང་། སྤྱི་འཐུས་ཚོགས་གཙོ། དཔལ་ལྡན་སྲིད་སྐྱོང་བཅས་ནས་གསུང་བཤད་གྲུབ་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བླང་དོར་ལམ་སྟོན་གྱི་བཀའ་སློབ་ཟབ་རྒྱས་སྩལ།
༸གོང་ས་མཆོག་གི་བཀའ་སློབ་གྲུབ་པ་དང་བགྲོ་གླེང་དངོས་གཞི་དབུ་འཛུགས་ཀྱི་དང་པོར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་བགྲོ་གླེང་གི་བརྗོད་གཞི་དང་འབྲེལ་བའི་ཐོག་ལམ་སྟོན་གསུང་བཤད་གནང་། ཉིན་རྒྱབ་ནས་བཟུང་༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་བསྒྲིགས་སྡེ་ཚན་གྱི་འགན་འཛིན་ཡང་སྟེང་རིན་པོ་ཆེ་མཆོག་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། རྡ་ས་རིགས་ལམ་སློབ་གཉེར་ཁང་གི་དཔེ་ཁྲིད་དགེ་རྒན་ཟུར་པ་དགེ་བཤེས་བློ་བཟང་ཟླ་བ་ལགས། ལ་དྭགས་དབུས་ནང་པའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་དཀོན་མཆོག་དབང་འདུས་ལགས། རྡ་ས་བཙུན་དགོན་སྒྲོལ་མ་གླིང་གི་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་བཅས་ཀྱིས་རིམ་བཞིན་སྔ་ཕྱི་དྲོའི་ཚོགས་ཐུན་སོ་སོའི་དང་པོར་བགྲོ་གླེང་གི་སྤྱིའི་བརྗོད་གཞིའི་ཐོག་ལམ་སྟོན་གསུང་བཤད་གནང་རྗེས་ཚོགས་བཅར་བ་རྣམས་ཚོགས་ཆུང་ཁག་བདུན་དུ་ཆ་བགོས་ཀྱིས་ཉིན་གསུམ་པའི་སྔ་དྲོ་བར་གྲོས་གཞི་ཁག་ལྔའི་(གྲོས་གཞི་ཁག་གཤམ་དུ་གསལ།)ཐོག་བགྲོ་གླེང་ལྷུག་པོ་གནང་།
ཉིན་གསུམ་པའི་ཕྱི་དྲོར་ཚོགས་ཆེན་ནས་གྲོས་ཆོད་ཁག་གཏན་འབེབས་དང་། མཇུག་ཏུ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་བགྲོ་གླེང་མཇུག་བསྡོམས་ཀྱི་མཛད་སྒོ་དང་བཅས་མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་ལེགས་པར་གྲུབ།
བགྲོ་གླེང་དབུ་འབྱེད་དང་ཆབས་ཅིག་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་གྲྭ་བཙུན་ན་གཞོན་ཚོའི་ཆེད་དུ་རྩོམ་སྒྲིག་གནང་བའི་སློབ་དེབ་བློ་གསལ་མགུལ་རྒྱན་ཞེས་པ་སྔོན་འགྲོ་ནས་འཛིན་གྲྭ་དགུ་པའི་བར་གྱི་བོད་ཡིག་སློབ་དེབ་གྲངས་ ༦༩ ཅན་དེ་ཉིད་(སློབ་དེབ་སྐོར་གཤམ་དུ་གསལ།)༸གོང་ས་མཆོག་ནས་ཞལ་དབྱེ་མཛད་པ་དང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་བཀའ་པོད་ལྔའི་སློབ་ཐོན་ཐེངས་དང་པོ་བ་རྣམས་ལ་ཆོས་རིག་བཀའ་བློན་མཆོག་ནས་ཕྱག་འཁྱེར་གསོལ་སྩལ། ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་ཚུགས་ནས་མི་ལོ་ཉེར་ལྔ་ལྷག་འཁོར་བའི་དུས་དྲན་དང་འབྲེལ་བའི་ཕྱག་དེབ་གཉིས་ཤེས་རིག་བཀའ་བློན་མཆོག་ནས་ཞལ་དབྱེ་གནང་།
གཉིས་པ། བཀའ་སློབ་གསུང་བཤད།
མཛད་རིམ་ལྟར་། ༡༽ ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་བགྲོ་གླེང་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་དུ། ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་གི་སྔོན་འགྲོའི་སློབ་སྦྱོང་གི་ལམ་སྲོལ་སོགས་ལ་ལེགས་བཅོས་ཀྱིས་རབ་བྱུང་ཕོ་མོ་ན་གཞོན་རྣམས་མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུར་སྐྱེད་སྲིང་ཐུབ་ཆེད་བགྲོ་གླེང་འདི་གོ་སྒྲིག་གནང་བ་ཡིན་ཚུལ་དང་། ད་རེས་ཀྱི་བགྲོ་གླེང་ལ་རྒྱ་བལ་འབྲུག་གསུམ་ནས་ཆོས་བརྒྱུད་ཁག་བཅུ་ཙམ་གྱི་དགེ་རྒན་དང་སློབ་གཉེར་བ་སོགས་མང་པོ་ཞིག་ཕེབས་ཡོད་ཚུལ། བགྲོ་གླེང་གི་བརྗོད་གཞི་དང་འབྲེལ་བའི་རྩོམ་ཡིག་བདུན་ཅུ་ལྷག་འབྱོར་ཡོད་ཚུལ། སློབ་དེབ་བློ་གསལ་མགུལ་རྒྱན་ཡང་བོད་ཕྱི་ནང་གི་ཆོས་བརྒྱུད་རིས་མེད་ཀྱི་གྲྭ་བཙུན་ན་གཞོན་ཚོའི་ཆེད་དུ་རྩོམ་སྒྲིག་གནང་ཚུལ། མཇུག་ཏུ་མ་འོངས་པར་༸གོང་ས་མཆོག་གི་ཡང་སྲིད་ཕེབས་སྐབས་དེ་ལ་བདག་པོ་རྒྱག་མཁན་ད་ལྟའི་དགའ་ལྡན་ཕོ་བྲང་འདི་སྒྲིག་འཛུགས་ཤིག་གི་ངོ་བོར་རྒྱ་བསྐྱེད་དང་སྲ་བརྟན་དུ་གཏོང་གལ་ཆེ་སྐོར་སོགས་གསུངས།
༢༽ སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། བོད་བརྒྱུད་ནང་བསྟན་དེ་འཇིག་ལ་ཉེ་བའི་དུས་སྐབས་ཤིག་གི་འོག་ནས་དར་འཕེལ་བྱུང་སྟེ་དེང་གི་ཆར་བོད་བརྒྱུད་ནང་བསྟན་དེ་བཞིན་འཛམ་གླིང་ནང་ཆོས་ལུགས་གཞན་དང་མི་འདྲ་བར་ཚན་རིག་པ་ཡིན་ནའང་དོ་སྣང་ཆེན་པོ་བྱེད་ཡུལ་གྱི་ཆོས་ངོམས་སུ་ཆོག་པ་ཞིག་ཆགས་ཐུབ་ཡོད། དེ་ནི་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་དགོན་སྡེ་གྲྭ་ཚང་ཁག་དང་བཙུན་དགོན་ཁག་བཅས་ནས་༸རྒྱལ་བའི་བཀའ་དགོངས་གཞིར་བཟུང་ཧུར་འབད་གནང་བ་ལ་བརྟེན་ནས་བྱུང་བ་ཞིག་རེད། ཀིརྟི་བྱེས་པ་གྲྭ་ཚང་ལྟ་བུར་ཆ་མཚོན་ན་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གཙོས་གྲྭ་ཚང་གི་ལས་ཀྱི་སྣེ་མོར་ཞུགས་པ་ཚང་མས་ཆོས་ཕྱོགས་ཙམ་མིན་པར་བོད་དོན་བདེན་མཐའ་གསལ་ཐབས་དང་སྤྱི་ཚོགས་ཞབས་ཞུའི་ཐོག་ལའང་དུས་དང་རྣམ་པ་ཀུན་ཏུ་འབད་པ་ཆེ་བསྐྱེད་གནང་བཞིན་པ་དེས་བོད་བསྟན་སྲིད་མི་རིགས་ཀྱི་ཐོག་ལ་ཞབས་འདེགས་གང་ལེགས་གྲུབ་ཡོད་པར་ངོས་འཛིན་གྱིས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་དང་། དེ་རིང་ཀིརྟི་དགེ་རྩ་ཚོགས་པ་དང་ཀིརྟི་བྱེས་པ་གྲྭ་ཚང་གཉིས་ཐུན་མོང་གི་ཐོག་ནས་གཙོ་བོ་མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ཀྱི་ཐོག་ལ་མཁས་པའི་བགྲོ་གླེང་གི་ཚོགས་འདུ་ཆེན་མོ་འདི་གོ་སྒྲིག་ཞུས་ཐུབ་པ་ནི་གསར་གཏོད་རང་བཞིན་ལྡན་པའི་རླབས་ཅན་གྱི་བྱ་བ་ཞིག་ཡིན་པ་དང་། ༸རྒྱལ་བའི་བཀའ་སློབ་ལམ་སྟོན་རྣམས་དོན་དམ་པའི་ལག་ལེན་དུ་འགེལ་ཐབས་ཕྱོགས་སུ་མདུན་བསྐྱོད་ཀྱི་གོམ་སྟབས་ཆེན་པོ་ཞིག་ཀྱང་ཡིན། མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ལ་བགྲོ་གླེང་གི་ལམ་ནས་འགྱུར་བཅོས་གཏང་འོས་གཏོང་རྒྱུར་དུས་ཚོད་ཀྱི་ཆ་ནས་ཕྱིས་མ་དྲགས་ནའང་སྔ་དྲགས་མེད་པས་སྔར་སོང་ད་འགྲོ་ལྟ་བུ་མ་ཡིན་པར། རབ་བྱུང་ཕོ་མོ་མིང་དོན་མཚུངས་པ་གང་མང་སྐྱེད་སྲིང་ཐུབ་ཐབས་སུ་འབྲེལ་ཡོད་འགན་འཛིན་རྣམས་ནས་འཆར་གཞི་གསར་པ་ཚད་ལྡན་བཟོ་འགོད་ཀྱིས་སྣེ་ཁྲིད་ཐུབ་རྒྱུ་གལ་འགངས་ཆེ། ཞེས་སོགས་གསུངས།(སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་ལས།)
༣༽ དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ཕྲན་ལྟ་བུར་མཚོན་ན། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ཡང་ཡང་མཇལ་མྱོང་ཡོད། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནི། བོད་ཨ་མདོ་རྔ་པ་ཁུལ་ནས་ཡིན། ད་བར་ལས་དོན་གང་འདྲ་ཞིག་བྱས་པའི་སྐབས་བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཕེབས་མཁན་ཞིག་དང་། བོད་སྤྱི་པའི་རྩ་དོན་སླད་ཐུགས་ཁུར་ཆེ་བཞེས་གནང་མཁན་གྱི་མི་སྣ་ཞིག་ཆགས་ཀྱི་ཡོད། ཅེས་དང་། དེ་རིང་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་བཙུགས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་ཐུབ་པ་ནི་ཧ་ལས་པའི་བྱས་རྗེས་ཆེན་པོ་ཞིག་རེད། ཅེས་དང་། གཞི་རྩའི་བོད་ཆོལ་ཁ་གསུམ་ནང་བོད་ཀྱི་རྩ་དོན་སླད་སྐུ་ལས་སྐྱོན་མཁན་དང་། ལུས་སྲོག་བློས་གཏོང་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད། རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་བོད་མི་ ༡༥༤ ནས་རང་ལུས་མེར་སྲེག་གནང་ཡོད། དེའི་ཁོངས་ནས་བོད་ཨ་མདོ་རྔ་པ་ཁུལ་ནས་རང་སྲེག་ལས་འགུལ་བའི་རྒྱལ་གཅེས་པ་མང་པོ་བྱུང་ཡོད། བོད་ཨ་མདོ་རྔ་པ་ཁུལ་དེ་ཉེ་བའི་ཆ་ནས་སྙིང་སྟོབས་ཅན་དང་སེམས་ཤུགས་ཅན། དེ་བཞིན་མུ་མཐུད་བོད་ཀྱི་རྩ་དོན་རྩོད་མཁན་ཞིག་ཆགས་ཀྱི་ཡོད་སྟབས་ང་ཚོས་ཀྱང་དེ་ལྟར་ངོས་འཛིན་དགོས། ཁུལ་དེར་གནས་མཁན་རྣམས་ལ་ཀིརྟི་གྲྭ་ཚང་ནས་ཆོས་ཕྱོགས་ཙམ་མ་ཟད། རིག་གནས་ལ་སོགས་ཀྱི་ཐད་འབད་བརྩོན་གནང་དང་གནང་མུས་རེད། དེ་རྣམས་ང་ཚོས་མ་བརྗེད་པ་གནང་དགོས།ཞེས་དང་། གོང་དུ་རིན་པོ་ཆེ་མཆོག་གིས་གསུངས་པ་ལྟར། དཔེ་དེབ་མང་པོ་ཞིག་རིན་པོ་ཆེ་རང་ངོས་ནས་བརྩམས་གནང་བ་དང་སྦྲགས་པར་སྐྲུན་ཡང་གནང་ཡོད་འདུག རིན་པོ་ཆེ་མཆོག་གིས་ཕྲན་རང་ལ་དཔེ་དེབ་དེ་དག་ངོ་སྤྲོད་གནང་བྱུང་། དེ་རྗེས་ཆོས་ཤེས་གཉིས་ཀྱི་བཀའ་བློན་དང་ལྷན་དུ་བཀའ་བསྡུར་གནང་བའི་སྐབས་སློབ་གྲྭ་དང་དགོན་སྡེ་ཁག་གི་ནང་དཔེ་དེབ་དེས་ཐུགས་ཕན་གསོས་པ་ཞིག་ཡོང་ངེས་རེད། ཅེས་དང་། ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་ཀྱི་ཐོག་ནས་ཆོས་མེད་མཁན་རྣམས་ལའང་ཕན་ཐོགས་བྱེད་ཐུབ། ཅེས་སོགས་གསུངས།(བོད་གཞུང་གི་དྲ་རྒྱ་ལས།)
༤༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོོ་མཆོག་གི་ཞལ་ནས། ཀིརྟི་རིན་པོ་ཆེས་མཚོན་པའི་ཆོས་ལུགས་ཁག་གི་དབུ་ཁྲིད་དང་མཁས་དབང་། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོ་ཆེད་མངགས་ཕེབས་པ་རེད། ཚང་མར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཅེས་དང་། ད་བར་རིན་པོ་ཆེས་ཐུགས་ཁུར་ཧ་ཅང་གནང་བྱུང་། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། གཙོ་ཆེར་བོད་ནང་རིན་པོ་ཆེས་སློབ་དེབ་བསྐུར་རྒྱུས་མཚོན་ཐུགས་ཁུར་ཧ་ཅང་བཞེས་སོང་། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་དང་། རིམ་བཞིན་ང་ཚོའི་བོད་ཀྱི་སྤྱི་ཚོགས་ཀྱི་མི་ཡོངས་ཀྱིས་བློ་རིག་དང་རྟགས་རིགས་ཀྱི་ཐོག་ནས་སེམས་ཁམས་རིག་པ་སྦྱང་ནས་རིགས་པས་དཔྱད་པ་བྱེད་པ་དང་། དེའི་ཐོག་ལ་སྣོན་པ་བྱས་ཏེ་གྲུབ་མཐའ་དང་། ད་ལྟ་ཚན་རིག་ཀུན་བཏུས་ཐོན་ཟིན་པ་རེད། དེ་ཚོའི་གྲས་ལ་ཡག་པོ་ལྟོས། དེ་ནས་ལྟ་གྲུབ་ཀུན་བཏུས་མགྱོགས་པོ་ཐོན་ཡོང་གི་རེད། དེ་ཚོར་དོ་སྣང་བྱས་ཏེ་ཤེས་ཡོན་གྱི་སྡེ་ཚན་ནང་ལ་བཞག་ནས་བལྟ་ཐུབ་ན་ཆོས་ཀྱི་སྐད་ཆ་མ་རེད། དགེ་ལུགས་པ་ཡིན་ཟེར་བ་ལྟ་བུ་དང་། རྙིང་མ་ཡིན་ཟེར་བ་ལྟ་བུ། བཀའ་བརྒྱུད་པ་ཡིན་ཟེར་བ་ལྟ་བུ་སོགས་བཤད་དགོས་པ་མ་རེད། འདི་དག་ཚང་མར་ཐུན་མོང་གི་གཞུང་རེད། ཅེས་དང་། དངོས་གནས་སེམས་ཁམས་རིག་པ་དང་འབྲེལ་བའི་ཤེས་ཡོན་གྱི་སྡེ་ཚན་ནང་ལ་བོད་ཡིག་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་ཞིག་མངོན་ཡོང་གི་འདུག བོད་མི་རིགས་ཀྱི་སེམས་ཤུགས་སླེབས་པ་ལའང་ཕན་ཐོགས་ཡོད་པ་ཞིག་རེད། བོད་རྒྱ་ཆེའི་མི་མང་གིས་བོད་ཀྱི་སྙིང་སྟོབས་དེ། ད་ལྟའི་བར་བོད་ཀྱི་སངས་རྒྱས་པའི་ཆོས་དང་འབྲེལ་ནས་ཡོད་པ་དང་། ད་ཅི་གསུང་བཤད་ནང་དུ་ཡོད་པ་བཞིན་རེད། མི་མང་པོ་ཞིག་གིས་ལུས་སྲོག་ལོངས་སྤྱོད་ཕངས་མེད་བྱས་ནས་བོད་སྤྱི་པའི་དོན་དུ་དཀའ་ལས་བརྒྱབ་པ་རེད། རང་ལུས་མེར་བསྲེགས་གཏོང་མཁན་ག་ཚོད་བྱུང་སོང་། ཧ་ལས་པའི་སེམས་ཤུགས། དེ་ལྟ་བུའི་སེམས་ཤུགས་དང་སྙིང་སྟོབས་ནི་ང་ཚོར་རིག་གཞུང་གཏིང་ཟབ་མོ་ཞིག་ཡོད་པ་དང་། བོད་པ་རང་གི་སྐད་ཡིག་ཟུར་དུ་ཡོད་པ་དེའི་ཐོག་ནས་སླེབས་ཡོང་གི་འདུག དེར་བརྟེན། བོད་མི་རིགས་ཀྱི་རང་དབང་གི་འཐབ་རྩོད་ཐོག་ཏུ་ཡིན་ནའང་ང་ཚོའི་རིག་གཞུང་བསྐྱར་གསོ་བྱེད་པ་དེ་ཧ་ཅང་འབྲེལ་བ་འདུག མ་འོངས་པར་རྒྱ་མི་རིགས་དུང་ཕྱུར་མང་པོར་ཕར་ཕན་ཐོགས་བྱེད་ཐུབ་པ་ཞིག་འདུག ཅེས་སོགས་བཀའ་སྩལ།(དགའ་ལྡན་ཕོ་བྲང་གི་དྲ་རྒྱ་ལས།)
༥༽ བགྲོ་གླེང་དངོས་གཞི་དབུ་འཛུགས་ཀྱི་དང་པོར་མཁས་དབང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས། བགྲོ་གླེང་གི་དམིགས་ཡུལ་དང་། དགོས་པ། བརྗོད་གཞི་རྣམས་ཧ་ཅང་ཡག་པོ་བྱུང་འདུག ད་ལྟའི་དུས་ཚོད་འདིར་དགོས་ངེས་ཤིག་རེད། འཇིག་རྟེན་འགྲོ་བ་སྤྱི་ཡོངས་ཀྱི་ཕན་བདེའི་སྲོག་རྩ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡིན་ལ། དེ་གནས་དང་མི་གནས་རབ་བྱུང་གི་སྡེ་ལ་རག་ལས་ཤིང་། འདུལ་བའི་བསྟན་པ་གནས་མིན་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་གནས་མིན་གྱི་ཚད་འཛིན་ས་ལྟ་བུ་ཡིན་པས། རབ་བྱུང་ཕོ་མོ་རྣམས་ཚད་དང་ལྡན་པ་ཞིག་ཡོང་དགོས་པ་ནི་གལ་ཆེན་པོ་ཞེ་དྲག་རེད། དེ་སྐྱེད་སྲིང་མཛད་ཕྱོགས་ནི་སྔོན་སྲོལ་གཞིར་བཞག་ཐོག་དེང་རབས་ཀྱི་ཡོན་ཏན་རྣམས་བླངས་ཏེ་གནང་དགོས། ཞེས་དང་། གྲྭ་བཙུན་ན་གཞོན་ལོ་བདུན་ནས་དགུ་དང་། ལོ་བཅུ་ནས་བཅོ་བརྒྱད་བར་རྣམས་ཀྱི་ཆེད་དུ་དམིགས་ཀྱིས་བཀར་ནས་གྲོས་གཞི་བཞག་འདུག་པ་ནི་དགོངས་པ་བཞེས་ཕྱོགས་ཞེ་དྲག་ཡག་པོ་བྱུང་འདུག ཅེས་དང་། གྲྭ་གཞོན་ཚོ་ལ་དེང་རབས་ཀྱི་སློབ་སྦྱོང་ཆ་ཚང་ཡོད་པའི་ཐོག་ལ་ནང་དོན་རིག་པའི་སློབ་སྦྱོང་ཡོད་པ་ཞིག་བྱུང་ན་དེ་ཕུན་སུམ་ཚོགས་པ་ཡིན་པར་མཁས་པ་ཚང་མ་ཐུགས་མཐུན་ནས་ད་ལྟ་གདན་ས་ཁག་གི་ནང་དེ་ལྟར་ཡོད་པ་དང་། ལྷག་པར་དུ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་གཟིགས་སྐྱོང་གི་འོག་ཏུ་བོད་ནང་ཡོད་པའི་ཀིརྟིའི་དགོན་ཆེན་ཁག་གི་ནང་གྲྭ་བཙུན་ན་གཞོན་ཧ་ཅང་མང་པོས་སློབ་སྦྱོང་གནང་ཐུབ་པ་དེ་ཕན་ཐོགས་ཆེན་པོ་བྱུང་འདུག སློབ་དེབ་རྩོམ་སྒྲིག་གནང་བ་ནི་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་རླབས་ཆེན་གྱི་མཛད་པ་ཞིག་ཆགས་ཡོད། སློབ་སྦྱོང་ཚད་ལྡན་ཡོང་མིན་ནི་སློབ་ཚན་ཚད་ལྡན་ཡོད་མེད་དང་། སློབ་ཚན་ཚད་ལྡན་ཡོང་མིན་ནི་སློབ་དེབ་ཚད་ལྡན་ཡོད་མེད་ལ་རག་ལས་པས། རིན་པོ་ཆེ་སྐུ་རྐྱང་གིས་དུས་ཚོད་ལོ་གསུམ་གྱི་ནང་ལ་དེབ་གྲངས་བདུན་ཅུ་ཡས་མས་ཤིག་བློ་གསལ་མགུལ་རྒྱན་གྱི་མཚན་ཐོག་ཏུ་བརྩམས་གནང་བ་ནི་ཧ་ཅང་ཡག་པོ་བྱུང་འདུག ཅེས་དང་། དེ་བཞིན་སློབ་དེབ་ཀྱི་ཁྱད་ཆོས་དུ་མ་ཟུར་བཏོན་གྱིས་བསྔགས་བརྗོད་དང་འགའ་ཞིག་ལ་དཔྱད་གཞིའི་ཚུལ་དུ་ལམ་སྟོན། བགྲོ་གླེང་གི་གྲོས་གཞི་ཁག་གི་ཐོག་ལམ་སྟོན་བཀའ་སློབ་ཟབ་རྒྱས་དང་འབྲེལ། འདི་ནས་ཐོན་པའི་གྲུབ་དོན་རྣམས་བོད་རིགས་ཙམ་མིན་པར། བོད་བརྒྱུད་ནང་བསྟན་གྱི་རྗེས་སུ་ཞུགས་པའི་མི་རིགས་ཚང་མར་ཕན་ཐོགས་ཡོད་པའི་རེ་བ་ཞུ་བཞིན་ཡོད། ཅེས་སོགས་གསུངས།
༦༽ ཉིན་མཐའ་མར་བགྲོ་གླེང་མཇུག་བསྡོམས་ཀྱི་མཛད་སྒོའི་ཐོག་ཏུ། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེས། བགྲོ་གླེང་འདི་འཚོགས་དགོས་དོན་ཏེ་གྲྭ་བཙུན་ན་གཞོན་རྣམས་སྐྱེད་སྲིང་ལེགས་པར་གནང་ཐུབ་མིན་གྱི་དཀའ་ངལ་ནི་སྤྱི་ལ་ཁྱབ་པ་ཞིག་ཡིན་པས་འདི་ལྟར་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་གི་སྐུ་ཚབ་གདན་དྲངས་ཏེ་གོ་སྒྲིག་གནང་བ་ཡིན་ཚུལ་དང་། ད་རེས་གྲོས་ཆོད་གང་བྱུང་བ་རྣམས་དགོན་སྡེ་སོ་སོའི་ནང་ལག་བསྟར་གནང་རྒྱུ་གལ་ཆེ་ཚུལ། ཆོས་བརྒྱུད་རིས་མེད་རྣམས་ལྷན་འཛོམས་གནང་རྒྱུ་མང་དུ་འགྲོ་བཞིན་པ་འདིས་ཆོས་བརྒྱུད་ཕན་ཚུན་གྱི་མཐུན་ལམ་ལའང་ཕན་པས་མ་འོངས་པར་ལན་མང་འཚོགས་གལ་ཆེ་ཚུལ་དང་། སྲིད་ཕྱོགས་ནས་ཀྱང་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་གྱིས་རང་རེའི་གཞུང་འདི་བརྟན་པོར་གནས་ཐུབ་ཐབས་བྱེད་གལ་ཆེ་ཚུལ། སློབ་དེབ་བློ་གསལ་མགུལ་རྒྱན་ཡར་རྒྱས་འཐུས་ཚང་དུ་བཏང་སྟེ་ཆོས་བརྒྱུད་རིས་མེད་ཀྱི་གྲྭ་བཙུན་ན་གཞོན་སྤྱིའི་སློབ་དེབ་ཏུ་འགྱུར་ཆེད་མཁས་པ་རྣམས་ཀྱིས་དགོངས་འཆར་གནང་གལ་ཆེ་ཚུལ་སོགས་གསུངས།
༧༽ མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། ཀིརྟིའི་བྱེས་པ་གྲྭ་ཚང་ཚུགས་ནས་ལོ་ཉེར་ལྔ་ལས་སོང་མེད་ནའང་ལོ་མང་ཕྱིན་པའི་གདན་ས་ཁག་ལྟར་གྲུབ་འབྲས་བྱུང་ཡོད་ཚུལ་དང་། ཀིརྟི་རིན་པོ་ཆེས་སློབ་དེབ་བློ་གསལ་མགུལ་རྒྱན་བརྩམས་གནང་བར་ཐུགས་རྗེ་ཆེ་ཞུ། རིན་པོ་ཆེ་བླ་ཐོབ་ཆེ་ནའང་གཉོམ་ཆུང་གིས་༸རྒྱལ་བའི་བཀའ་བཞིན་བོད་དོན་ཞབས་འདེགས་སྤྱི་དང་། ལྷག་པར་བོད་མིའི་ཆིག་སྒྲིལ་ལ་ཤུགས་སྐྱོན་མཁན་ཨང་དང་པོ་ཡིན་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཚུལ། ད་ཆ་དགོན་པ་ཆུང་འབྲིང་རྣམས་ལ་གྲྭ་རྒྱུན་གསར་ཞུགས་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པས་སྔར་ཡོད་རྣམས་ཀྱིས་སློབ་གཉེར་གང་ལེགས་བྱེད་གལ་ཆེ་ཚུལ། ད་རེས་ཀྱི་ཚོགས་འདུའི་དམིགས་ཡུལ་འགྲུབ་ཐབས་ཐོག་ཆོས་རིག་ལས་ཁུངས་ནས་གང་ཐུབ་གནང་རྒྱུ་ཡིན་ཚུལ་སོགས་གསུངས།
གསུམ་པ། བགྲོ་གླེང་གི་གྲོས་གཞི་ཁག་ལྔ།
༡༽ རབ་བྱུང་ཕོ་མོ་རང་ལོ་ ༧ ནས་ ༩ བར་ལྟ་བུའི་ཆེས་ན་གཞོན་ཚོའི་དམིགས་བསལ་དགེ་རྒན་གྱི་སློབ་ཁྲིད་གནང་སྟངས་ལ་དུས་བསྟུན་ལེགས་བཅོས་ཇི་ལྟར་མཛད་དགོས་པ་དང་། གྲྭ་བཙུན་ཆེས་ན་གཞོན་ཚོའི་དམིགས་བསལ་དགེ་རྒན་ལ་ངེས་པར་ཚང་དགོས་པའི་ཁྱད་ཆོས་གང་དང་གང་ཡིན། དགེ་རྒན་གྱི་སྦྱོང་བརྡར་དམིགས་བསལ་བ་ཇི་ལྟར་སྤྲོད་དགོས།
ཆེས་ན་གཞོན་ཚོའི་མི་ཚེའི་འགོ་འཛུགས་འདི་རས་ཡུག་དཀར་པོར་ཚོན་དང་པོ་བསྒོ་བའི་སྐབས་ལྟ་བུའི་ཤིན་ཏུ་གལ་གནད་ཆེ་བར་ངོས་འཛིན་གྱིས། དགེ་རྒན་དུ་ཤེས་སྤྱོད་ལེགས་ཤིང་ཐབས་མཁས་པའི་དགེ་རྒན་དག་བཀོད་སྒྲིག་བྱེད་དགོས་པ་དང་། ཤེས་ཡོན་སློབ་གསོའི་ལས་གཞི་ནི་རང་གཞུང་གི་བྱ་བའི་གནས་རིམ་གྱི་དང་པོར་ངོས་འཛིན་དགོས་པ་བཅས་ཕྱི་རྒྱལ་ཡར་ཐོན་ཅན་གྱི་ལམ་ལུགས་ལྟར་འགྱུར་བ་གཏང་དགོས་མིན།
༢༽ རབ་བྱུང་ཕོ་མོ་རང་ལོ་ ༧ ནས་ ༩ བར་ལྟ་བུའི་ཆེས་ན་གཞོན་ཚོའི་སྔོན་འགྲོའི་འཛིན་གྲྭའི་སྐབས་སུ་རབ་བྱུང་རྣམས་ལ་ཉེར་མཁོའི་སློབ་ཚན་དམིགས་བསལ་ཅན་སྒྲིག་སྟངས། རབ་བྱུང་ཕོ་མོ་ཆེས་ན་གཞོན་ཚོའི་བོད་ཀྱི་སྐད་ཡིག་གི་གནས་ཚད་ནི་ན་གཞོན་གཞན་གྱི་གནས་ཚད་ལས་མཐོ་བ་ཡོང་ཐབས་སུ་བློ་ཚོད་དང་བསྟུན་པའི་སྒོ་ནས་སློབ་སྦྱོང་སྤྲོད་སྟངས་ཇི་དགེའི་སྐོར།
༣༽ རབ་བྱུང་ཕོ་མོ་རང་ལོ་ ༡༠ ནས་ ༡༨ བར་ལྟ་བུའི་ན་གཞོན་ཚོའི་འཛིན་གྲྭ་དང་པོ་ནས་དགུ་པའི་བར་གྱི་དགེ་རྒན་རྣམ་པའི་སློབ་ཁྲིད་གནང་སྟངས་ལ་ན་གཞོན་ཚོའི་སེམས་ཁམས་དང་མཐུན་ཞིང་དུས་རབས་དང་མཐུན་པའི་ལེགས་བཅོས་མཛད་སྟངས།
རབ་བྱུང་ཕོ་མོ་ན་གཞོན་ཚོའི་འཛིན་གྲྭ་དང་པོ་ནས་དགུ་པའི་བར་གྱི་སློབ་དེབ་ནང་རབ་བྱུང་ན་གཞོན་རྣམས་ཀྱིས་ངེས་པར་བསླབ་དགོས་པའི་སློབ་གཞི་དམིགས་བསལ་ཅན་སྒྲིག་སྟངས་ཇི་དགེའི་སྐོར།
༤༽ རབ་བྱུང་ཕོ་མོ་ན་གཞོན་ཞིག་ཡིན་ཕྱིན་ཡ་རབས་སྤྱོད་བཟང་ལྡན་པ་དང་ལྷག་པར་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་དམ་ཆོས་འདུལ་བ་དང་མཐུན་ཞིང་ཉམ་ཆུང་ཚུལ་མཐུན་ཅན་གྱི་བག་ཆགས་བཟང་པོ་གཏིང་ཟབ་ཅིག་སྔོན་འགྲོའི་སློབ་སྦྱོང་གི་སྐབས་སུ་ཇི་ལྟར་བསྒོ་བའི་ཐབས་ལམ་དང་བསམ་བློའི་སློབ་གསོ་འབུལ་སྟངས།
རབ་བྱུང་ཕོ་མོ་ན་གཞོན་ཚོར་འཆད་ཉན་མཛད་སྟངས་དང་ཁྲིད་གཞི་བཅས་པ་ནང་ཆོས་ཉམས་ལེན་དང་འདྲེས་ནས་ཡོད་པར་བརྟེན། འཛིན་གྲྭའི་དགེ་སློབ་གཉིས་ཀས་ཕན་ཚུན་ལྟ་སྟངས་ནི་འཇིག་རྟེན་རང་ག་བའི་མི་སྐྱ་ཕོ་མོ་དང་མི་འདྲ་བར། དགེ་རྒན་ལ་དགེ་བའི་བཤེས་གཉེན་དུ་ངོས་བཟུང་ནས་དགེ་སློབ་ཕན་ཚུན་གྱི་འབྲེལ་བའམ་ལྟ་སྟངས་མ་ནོར་བའི་ལམ་དུ་འཁྲིད་སྟངས་ཇི་དགེའི་སྐོར།
༥༽ རབ་བྱུང་ཕོ་མོ་རྣམས་ཀྱི་གཞུང་ཆེན་མོའི་སློབ་སྦྱོང་ནི། སློབ་སྦྱོང་གནང་བའི་གནས་སྐབས་ཙམ་མིན་པར་མི་ཚེའི་རིང་གཞུང་ཆེན་མོར་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་གཞན་དོན་མཛད་དགོས་པ་འདི་རབ་བྱུང་ཕོ་མོ་རྣམས་ཀྱི་མི་ཚེའི་མདུན་ལམ་ཉག་ཅིག་ཡིན་པར་ངོས་ཟིན་པའི་ཐུགས་བསྐྱེད་ཀྱི་དམ་བཅའ་ལོ་རེ་བཞིན་གཏིང་ཇེ་ཟབ་དང་ཇེ་བརྟན་དུ་འགྱུར་བའི་ཐབས་ཤེས་སམ་བསམ་བློའི་སློབ་གསོ་འབུལ་སྟངས་ཇི་དགེའི་སྐོར།
གོང་གསལ་བརྗོད་གཞི་ལྔ་པོ་གང་རུང་དང་། གྲྭ་བཙུན་ན་གཞོན་གྱི་སློབ་གྲྭ་ཁག་གི་དགེ་སློབ་གཉིས་ཀར་དངོས་སུ་འཕྲད་པའི་སྐུ་ངལ་གང་ཡོད་དང་དེ་དག་སེལ་ཐབས་དང་འབྲེལ་བའི་སྐོར་བཅས་སོ། །
གྲོས་གཞི་དེ་དག་གི་སྐོར་ལ་གྲོས་ཆོད་བསྡོམས་བརྒྱ་ལྷག་གཏན་འབེབས་གནང་ཡོད་པ་རྣམས་འགྱངས་མིན་འབྲེལ་ཡོད་དགོན་སྡེ་སོ་སོར་འབུལ་རྒྱུ་ཡིན་འདུག་པས་འདིར་འགོད་ཐབས་མ་བྱས་སོ། །
བཞི་པ། སློབ་དེབ་བློ་གསལ་མགུལ་རྒྱན།
བགྲོ་གླེང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༸གོང་ས་མཆོག་ནས་ཞལ་དབྱེ་མཛད་པའི་སློབ་དེབ་འདིའི་ངོ་སྤྲོད་མདོར་བསྡུས་ཤིག་སློབ་དེབ་རྩོམ་སྒྲིག་མཛད་པ་པོ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ཁོང་ཉིད་ཀྱིས་བྲིས་གནང་བ་ཞིག་ཡོད་པ་འདི་ལྟར།
དང་པོ། སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་བྱ་དགོས་པའི་རྒྱུ་མཚན།
བོད་ནང་དུ་ཕྲན་དང་དམིགས་བསལ་འབྲེལ་ཡོད་དགོན་སྡེ་ཁག་ཏུ་གསར་འཛུགས་བྱས་པའི་སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་རྣམས་ཀྱི་ན་གཞོན་དགེ་འདུན་པ་རྣམས་ལོ་རེ་བཞིན་ལུས་སེམས་གཉིས་ཀ་འཚར་ལོངས་ཡོང་བཞིན་ཡོད་ནའང་བསླབ་གཞིའི་སློབ་དེབ་ཆ་ཚང་བ་དང་གཅིག་གྱུར་ཅིག་མེད་པ། ལྷག་པར་དགེ་འདུན་པ་ན་གཞོན་ཚོའི་དགོས་མཁོ་དང་མཐུན་ཞིང་ལོ་ཚོད་དང་འཚམས་པའི་བསླབ་གཞི་ལ་རྒྱུས་མངའ་མེད་པའི་དཀའ་ངལ་དངོས་སུ་ཕྲད་པས། སློབ་དེབ་བློ་གསལ་མགུལ་རྒྱན། ཞེས་པ་སྔོན་འགྲོའི་འཛིན་གྲྭ་དང་གཞི་རིམ་འཛིན་གྲྭ་དང་པོ་ནས་དགུ་པའི་བར་གྱི་བསླབ་གཞིའི་སློབ་དེབ་རྣམས་ཕྲན་ནས་འགན་བླངས་ཏེ་རྩོམ་སྒྲིག་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ། འབྲེལ་ཡོད་སྐོར་ཞིག་གིས་སློབ་དེབ་རྩོམ་སྒྲིག་གནང་ཚེ་དགེ་འདུན་པ་ན་གཞོན་སྤྱི་ལ་དམིགས་པའི་སློབ་དེབ་ཅིག་རྩོམ་སྒྲིག་གནང་ན་དཀའ་ལས་བརྒྱབ་པ་དེས་ཕན་ཐོགས་ཆེ་བ་ཡོད་ཚུལ་གྱི་བསམ་ཚུལ་གནང་བ་ནི་དོན་ལ་གནས་པར་མཐོང་ནས། རང་གི་འཇོན་ཚོད་དང་འཁོས་དཔག་ལ་གཞིགས་པའི་༸རྒྱལ་བསྟན་སྤྱི༌ལ་ཞབས་འདེགས་ཕྲན་བུ་ཞིག་ཞུ་ཐུབ་པའི་གོ་སྐབས་ཏེ། བོད་ཕྱི་ནང་གཉིས་དང། ཧི་མ་ལ་ཡའི་རི་རྒྱུད། ཆོས་བརྒྱུད་རིས་མེད་ཀྱི་གྲྭ་གཞོན་སློབ་གཉེར་པ་རྣམས་ཀྱི་བསླབ་གཞིར་བཞག་ཀྱང་འཇོག་རུང་བ༌ཞིག་ཡོང་ཐབས་སུ་འབད་བརྩོན་བྱས་ཡོད་ལ། དུས་རབས་གསར་པའི་འགྲོས་དང་མཐུན་ཞིང། བོད་ཀྱི་སྐད་ཡིག་གི་གནས་ཚད་མཐོན་པོ་ཅན་གྱི་སློབ་དེབ་ཚད་ལྡན་ཞིག་ཡོང་བར་རྒྱུ་ཚེགས་གཉིས་ཀྱི་འགྲོ་གྲོན་བཏང་ནས་ལོ་མང་རིང་རྩོམ་སྒྲིག་བྱས་པ་ཡིན།
གཉིས་པ། སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་བྱེད་སྟངས།
༡༽ བརྡ་སྤྲོད། བོད་ཕྱི་ནང་གཉིས་ཀར་བོད༌ཀྱི་སྐད་ཡིག་ཉམས་ཆག་ཏུ་འགྲོ་བའི་རྒྱུའི་གཙོ་བོ་ཞིག་ནི་བོད་སྐད་ཀྱི་མིང་ཚིག་དང་ཚིག་སྦྱོར་སྤེལ་སྟངས་ཏེ་བརྡ་དག་གི་རིག་གནས་ཉུང་ངུ་ཞིག་ལས་མ་ཤེས་པས་ལན་པར་མཁས་པ་ཚོས་ངོས་འཛིན་གནང་བཞིན་པ་ལྟར། བརྡ་དག་གི་རིག་གནས་འདི་བོད་ཀྱི་རིག་གནས་སྤྱིའི་རྨང་གཞི་ཡིན་པས་ཤིན་ཏུ་གལ་ཆེ་ཞིང། ལྷག་པར་གཞུང་ཆེན་མོའི་སློབ་སྦྱོང་བྱེད་པ་ལ་བརྡ་དག་དང་བརྡ་སྤྲོད་ཀྱི་ཤེས་ཡོན་འདི་མེད་དུ་མི་རུང་བའི་རྨང་གཞིའི་རིག་གནས་ཤིག་ཡིན༌པས་སུམ་རྟགས་ཀྱི་གཞུང་སྤྱི་དང་ལྷག་པར་སུམ་རྟགས་གཉིས་རིགས་ལམ་གྱི་འགྲོས་དང་སྦྱར་ཏེ་སློབ་སྦྱོང་བྱེད་སྟངས་ཀྱི་ཁྱབ་མཐའི་རྣམ་གཞག་དང།
ཆུང་བྱིས་པའི་དུས་སུ་ཐོག་དང་པོར་སྲོལ་རྒྱུན་གྱི་ཡི་གེའི་སྦྱོར་ཀློག་བྱེད་སྟངས་ཆ་ཚང་བ་དང་སྒྲ་ཟུར་མ་ཉམས་པ་ཞིག་སྔ་མོར་ཡོད་པ་དེ་སླར་གསོ་བྱེད་དགོས་པ་འདི་ཤིན་ཏུ་གལ་ཆེ་བར་མཐོང་ནས་སྦྱོར་ཀློག་བྱེད་སྟངས་རྒྱས་པ་དང། སློབ་ཚན་སོ་སོའི་མཇུག་ཏུ་མིང་ཚིག་གོ་དཀའ་བ་རྣམས་ཟུར་འདོན་གྱིས་མིང་ཚིག་སོ་སོར་ཚིག་འགྲེལ་དང། སློབ་ཚན་སོ་སོའི་ནང་དོན་དང་འབྲེལ་བའི་དྲི་བ་དང་དྲིས་ལན་སོགས་ཀྱི་ལམ་ནས་རང་སྦྱོང་ངམ་ནང་སྦྱོང་ཐུབ་པའི་འཆར་བཀོད་ཀྱང་བྱས་ཡོད།
དུས་གསུམ་དང་ས་མཐའི་རྣམ་གཞག མིང་གཅིག་དོན་མང། ཆོས་ཀྱི་རྣམ་གྲངས། མིང་ཚིག་འབྱར་མ། རྒྱུན་དུ་བེད་སྤྱོད་ཡོད་པའི་ཡིག་བསྐུར་རྣམ་གཞག་སོགས་བརྡ་དག་དང། བརྡ་སྤྲོད་དང་འབྲེལ་བའི་སློབ་ཚན་རྣམས་འཛིན་གྲྭ་དགུ་པའི་བར་སློབ་མའི་ལོ་ཚོད་དང་མཐུན་པར་དཀའ་སླ་རིམ་པར་བསྒྲིགས་ཏེ། འཛིན་གྲྭ་དགུ་པའི་སློབ་སྦྱོང་ཐོན་པའི་སྐབས་གཞུང་ཆེན་མོའི་སློབ་སྦྱོང་གི་འཇུག་སྒོ་ལྟ་བུའི་བོད་ཀྱི་བརྡ་དག་གསར་རྙིང་དང་བརྡ་སྤྲོད་ཀྱི་ཤེས་ཡོན་རྩ་བ་བརྟན་པོར་ཚུགས་ཐུབ་པ་ཞིག་ཡོང་ཐབས་ལ་འབད་ཡོད། བརྡ་སྤྲོད་དང་བརྡ་དག་གི་ཁྲིད་གཞུང་རྣམས་གནའ་དེང་གི་བོད་ཀྱི་མཁས་པ་ཚད་ཐུབ་དག་གིས་མཛད་པའི་གཞུང་ཤ་སྟག་ཡིན།
སྲོལ་རྒྱུན་གྱི་ཡིག་གཟུགས་སྦྱོང་སྟངས་ལྟར་ཡིག་གཟུགས་དགེ་རྒན་ཞིག་མ་འབྱོར་ཡང་ཡིག་གཟུགས་བྲི་ཐུབ་པ་ལྟ་བུའི་ཡིག་གཟུགས་ཀྱི་མ་དཔེ་དང་འབྲི་དེབ་དཔེ་གསར་ཅན་བསྒྲིགས་ཏེ་ན་གཞོན་ཚོས་ཡིག་གཟུགས་ཀྱི་འདྲ་བྲིས་བྱས་པ་ཙམ་མིན་པར་ཡིག་གཟུགས་ཚད་ལྡན་ཞིག་འབྲི་ཤེས་པའི་ཐབས་ལ་འབད་བརྩོན་བྱས་ཡོད།
༢༽ སྙན་ངག་དང་མངོན་བརྗོད། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་ནང་ནས༌རྩོམ་པའི་བྱ་བ་ལ་འཇུག་པར་སྙན་ངག་དང་མངོན་བརྗོད་ཀྱི་ཤེས་ཡོན་མེད་ན་བོད་ཀྱི་རྩོམ་པ་པོ་ཚད་ལྡན་ཞིག་ཡོང་དཀའ་བར་མ་ཟད། རྒྱ་བོད་ཀྱི་གཞུང་ཆེན་མོ་ལ་སློབ་སྦྱོང་བྱེད་པ་དང་བོད་ཀྱི་རིག་གཞུང་རྙིང་པ་གཏིང་ཟབ་འཆད་ཁྲིད་མཛད་པ་ལའང་སྙན་ངག་དང་མངོན་བརྗོད་ཀྱི་ཤེས་ཡོན་མེད་དུ་མི་རུང་བ་ཡིན་པས་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། དེས་ན་འཛིན་གྲྭ་དང་པོའི་སྐབས་སྙན་ངག་གི་སྤྱི་དོན་རོབ་ཙམ་ལས་སླ་པོས་ངོ་སྤྲོད་བྱས་པ་ནས་བཟུང་སྟེ་འཛིན་གྲྭ་དགུ་པའི་སློབ་སྦྱོང་ཐོན་པའི་བར་སྙན་ངག་མེ་ལོང་མའི་ལེའུ་གཉིས་པ་དཔེ་བརྗོད་དང་བཅས་པ་རྫོགས་ཐུབ་པ་དང།
སྙན་ངག་དང་འབྲེལ་བའི་དམིགས་བསལ་གྱི་ཚིག་མཛོད་དམ་མངོན་བརྗོད་དང། མངོན་བརྗོད་དང་འབྲེལ་བའི་གཏམ་རྒྱུད། མིང་གཅིག་དོན་མང། གྲངས་ཀྱི་མངོན་བརྗོད། ཟློས་གར་གྱི་བསྟན་བཅོས། གཏམ་བརྗོད་གསར་རྙིང་གི་འཁྲབ་གཞུང། སྔ་མོའི་སྙན་རྩོམ་ལེགས་ཤོས༌ཀྱི་རྟོགས་བརྗོད་དང་ཆབ་ཤོག དེང་རབས་བོད་ཀྱི་སྙན་རྩོམ་གསར་པ་འགའ་ཤས་ཀྱང་ཁ་སྣོན་བྱས་ཏེ་སྙན་ངག་གསར་རྙིང་གཉིས་ཀར་སློབ་སྦྱོང་བྱ་ཐུབ་པའི་ཐབས་ལ་འབད་བརྩོན་བྱས་ཡོད།
༣༽ རྒྱལ་རབས། སྔ་མོའི་རྒྱལ་རབས་སྒྲིག་སྟངས་དང་ཅུང་མི་འདྲ་བར། གནའ་དེང་གི་འཇིག་རྟེན་ཆགས་ཚུལ་སྣ་ཚོགས། བསྐལ་པ་ཡ་ཐོག་གི་དུས་རབས། རྡོ་ཆས་ཀྱི་དུས་རབས། བོད་ཀྱི་ཡུལ་ལུང་ཆགས་སྟངས། བོད་ཅེས་པའི་མིང་ཐོགས་སྟངས། བོད་ཀྱི་བཙན་པོ་མ་བྱོན་གོང་གི་བོད་ཀྱི་རྒྱལ་རབས་ཏེ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་རྒྱལ་ཕྲན་བཞི་བཅུ། བུད་མེད་ཀྱིས་བོད་ལ་དབང་བསྒྱུར་བའི་དུས་རབས། བོད་ཀྱི་བཙན་པོའི་སྐབས་ཀྱི་རྒྱལ་རབས། བོད་སིལ་བུའི་སྐབས་ཀྱི་རྒྱལ་རབས། མདོ་དབུས་ཁམས་གསུམ་གྱི་གནད་ཆེ་བའི་ས་ཁུལ་གྱི་རྒྱལ་ཕྲན་རྣམས་ཀྱི་རྒྱལ་རབས་དང་དཔོན་རབས། ཡུལ་ཕྲན་སོ་སོའི་ལོ་རྒྱུས་ས་ཁྲ་དང་སྦྱར་བ། མི་སྣ་སྙན་གྲགས་ཅན་ཚོའི་ངོ་སྤྲོད་པར་རིས་དང་སྦྱར་བ། བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱི་རི་ཆུ་མཚོ་གསུམ་སྙན་གྲགས་ཅན་རྣམས་ཀྱི་ལོ་རྒྱུས། བོད་ཀྱི་ཁྱིམ་མཚེས་ཡུལ་ཁག་རྒྱ་དཀར་ནག་དང་སོག་པོའི་རྒྱལ་རབས་བཅས་རོབ་ཙམ་ཆ་ཚང་བ་ཞིག་བསྒྲིག་ཐུབ་པར་འབད་བརྩོན་བྱས་ཡོད།
༤༽ ཆོས་འབྱུང་། སྔ་མོའི་ཆོས་འབྱུང་སྒྲིག་སྟངས་དང་ཅུང་མི་འདྲ་བར་སློབ་དེབ་བློ་གསལ་མགུལ་རྒྱན་དུ། གནའ་རབས་ཨེ་ཇིབ་ཀྱི་ཆོས་ལུགས། འཛམ་གླིང་འདིར་དར་ཁྱབ་ཆེ་བའི་ཡེ་ཤུའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས། བྷ་བུ་ལུང། ཏོའུ་སི། འཇང་པ། སིག་གི་ཆོས་ལུགས། ཕྱི་རོལ་མུ་སྟེགས་པའི་ཆོས་ལུགས་སོགས་དེང་སྐབས་ཡོད་པའི་ཆོས་ལུགས་མང་ཆེ་བའི་ལྟ་གྲུབ་དང་བྱུང་བ་རོབ་ཙམ་ཤེས་ཐུབ་པའི་ཐབས་ལ་འབད་ཡོད།
རྒྱ་གར་འཕགས་པའི་ཡུལ་ནས་བོད་གངས་ཅན་པའི་ལྗོངས་སུ་ནང་པ་སངས་རྒྱས་པའི་བསྟན་པ༌རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་དང་བསྟན་པའི་མེ་རོ་སྨད་ནས་གསོས་ཚུལ། བོད་ཀྱི་ཁྱིམ་མཚེས་ཡུལ་གྲུ་རྒྱ་བལ་འབྲུག་གསུམ། རྒྱ་ནག་དང། ཆེན་པོ་ཧོར་གྱི་ཡུལ་བཅས་པར་བོད་གངས་ཅན་གྱི་ལྗོངས་ནས་བོད་བརྒྱུད་ནང་བསྟན་དར་སྤེལ་ཇི་ལྟར་མཛད་པའི་ཚུལ། བོད་བཙན་བྱོལ་བའི་གནས་སྐབས་སུ་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་གིས་གཙོས་འཛམ་གླིང་ཡོངས་ལ་བོད་བརྒྱུད་ནང་བསྟན་དར་སྤེལ་མཛད་ཚུལ།
ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་ཆོས་འབྱུང། བསྟན་ལ་མཛད་རྗེས་ཆེ་བའི་གནའ་དེང་གི་སྐྱེས་བུ་དམ་པ་མཁས་དབང་དང་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱི་རྣམ་ཐར། གྲྭ་བཙུན་སྔགས་གསུམ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་དང། རྒྱ་གར་དང་བོད་ཀྱི་གནས་ཆེན་ཁག་གི་ངོ་སྤྲོད་སོགས་འཛིན་གྲྭ་སོ་སོའི་སློབ༌མའི་ལོ་ཚོད་དང་མཐུན་པར་བསྒྲིགས་ཡོད།
༥༽ ནང་པའི་ལྟ་གྲུབ། སློབ་དེབ་བློ་གསལ་མགུལ་རྒྱན་འདི་ན་གཞོན་དགེ་འདུན་པ་ཚོའི་ཆེད་དུ་དམིགས་ནས་བསྒྲིགས་པ་ཞིག་ཡིན་དུས། ནང་ཆོས་ཀྱི་རྨང་གཞི༌ལྟ་བུའི་ནང་ཆོས་ཀྱི་སྤྱིར་བཏང་ཤེས་བྱའི་ངོ་སྤྲོད། འཛིན་གྲྭ་སོ་སོའི་སློབ་མའི་བློ་ཚོད་དང་བསྟུན་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག བདེན་གཉིས་དང་བདེན་བཞི་ངོ་སྤྲོད༌སླ་ས་ནས་དཀའ་སའི་བར་རིམ་བཞིན་དང། ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་དང་བཅས་པའི་ལྟ་གྲུབ་ཀྱི་སྙིང་དོན་གནད་བསྡུས། བསྡུས་གྲྭ་དང་བློ་རྟགས་ཀྱི་སྡོམ། མཚན་ཉིད་ཀྱི་རིགས་ལམ་སྟེ་བསྡུས་གྲྭ་དང་བློ་རྟགས་སོགས་ཀྱི་ནང་གསལ་བའི་མཚན་མཚོན་གྱི་ངོས་འཛིན་དང་གྲངས་འདྲེན། སྐྱབས་འགྲོ་དང་ལས་འབྲས། སེམས་སེམས་བྱུང་དང་ས་ལམ་གྱི་རྣམ་གཞག ལས་དང་པོ་བ་རྣམས་ཀྱིས་རྟགས་གསལ་གཏོང་སྟངས་ཏེ་བློ་རྟགས་བསྡུས་གྲྭ་སོགས་ཀྱི་ཁྱབ་མཐའི་རྣམ་གཞག
དགེ་འདུན་པ་ན་གཞོན་ཚོས་ངེས་པར་མཁྱེན་དགོས་པའི་སྤྱིར་བཏང་གི་འགྲོ་ལུགས་ཏེ་དགེ་ཚུལ་གྱི་བསླབ་བྱ་བླངས་འདས་སོ་དྲུག་གི་ངོ་སྤྲོད་ཀྱིས་མཚོན། ཟ་སྟངས། འཐུང་སྟངས། འདུག་སྟངས། ཉལ་སྟངས་ཏེ་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་དམ་ཆོས་འདུལ་བ་དང་མཐུན་པའི་གོམས་གཤིས་དང་ཡ་རབས་ཀྱི་སྤྱོད་ལམ་འཇགས་ཐབས༌སྤྱི་དང། ལྷག་པར་དགེ་འདུན་པ་ཞིག་གིས་ངེས་པར་མཁྱེན་དགོས་པ། བཤེས་གཉེན་བསྟེན་ཚུལ། རྒན་གཞོན་བརྩི་བཀུར་དང་འབྲེལ་བའི་ཞེ་སའི་རྣམ་གཞག སྐུ་གསུང་ཐུགས་རྟེན། མཆོད་པ་དང་མཆོད་ཆས། ཆོས་ཕྱོགས་ཀྱི་རྒྱན་གོས༌དང་ན་བཟའ། ཕྱག་རྒྱ་བྱེད་སྟངས་ཚུན་ཆད་ཀྱི་ངོ་སྤྲོད་སློབ་མའི་བློ་ཚོད་དང་མཐུན་པར་བསྒྲིགས་ཡོད།
༦༽ ཟུར་བཀོལ་གྱི་སློབ་དེབ། འཛིན་གྲྭ་བཞི་པ་ཡན་ལ་འཛིན་གྲྭ་སོ་སོར་ཟུར་བཀོལ་ཞེས་པའི་སློབ་དེབ་དམིགས་བསལ་ཅན་རེ་ཡོད་པ་འདི་ནི། དམའ་རིམ་འཛིན་གྲྭ་སོ་སོའི་སློབ་མ་དབང་རྣོན་ཚོའི་ཆེད་དུ་བསྒྲིགས་པ་ཞིག་སྟེ། འཛིན་གྲྭ་སོ་སོའི་དངོས་གཞིའི་སློབ་དེབ་ཀྱི་ནང་དུ་མེད་པའི་འབྲེལ་ཡོད་སློབ་ཚན་དེ་ལས་མང་བ་དང་གཞུང་གཞན་དང་གཞན་ཤེས་འདོད་ཡོད་པའི་སློབ་མ་དབང་རྣོན་ཚོའི་ལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་འགྲོ་བའི་ཆེད་དང། ཤེས་ཡོན་གྱི་གནས་ཚད་གཏིང་ཟབ་ཏུ་འགྲོ་བའི་ཆེད་དུ་འཛིན་གྲྭ་སོ་སོའི་དངོས་གཞིའི་སློབ་ཚན་རེ་རེའི་རྒྱབ་ལྗོངས་དང་འབྲེལ་ཡོད་ཀྱི་ཤེས་བྱ་མང་པོ་ཞིག་དང། སྨན་དང་རྩིས། འཕྲོད་བསྟེན་དང་འབྲེལ་བའི་ཤེས་བྱ་སོགས་ཟུར་བཀོལ་སློབ་དེབ་ཀྱི་ནང་དུ་བསྒྲིགས་ཡོད།
དེ་བཞིན་དུ་བཟོ་རིག་པ་སྟེ་ལུས་བཟོ་དང་ངག་བཟོ། ལག་རྩལ་སྤྱི་དང་ལྷག་པར་བོད་ཀྱི་སྲོལ་རྒྱུན་རི་མོ་འབྲི་སྟངས་དང་ཐིག་རྩ། དེང་རབས་ཀྱི་ལག་རྩལ་སྐྱེ་དངོས་སོགས་ཀྱི་འདྲ་བྲིས་བྱེད་སྟངས། འཛམ་གླིང་སྤྱི་ལ་ཁྱབ་པའི་དེང་དུས་ཀྱི་ལམ་རྟགས་སོགས་ཉེ་བར་མཁོ་བའི་སྤྱིར་བཏང་ཤེས་བྱའི་རིགས་ཏེ་སྤྱི་ཚོགས་ཚན་རིག་སྣ་ཚོགས་ཤིག་སློབ་དེབ་འདིའི་ནང་རྩོམ་སྒྲིག་བྱས་ཡོད།
༧༽ བློ་འཛིན་གྱི་སློབ་དེབ། སྤྱི་ཚོགས་རྙིང་པའི་སྐབས་དགོན་པའི་ནང་དུ་གྲྭ་པ་ན་གཞོན་མང་ཆེ་བར་འདོན་ཁ་ཁྲལ་ཏེ་བློ་འཛིན་བྱེད་པའི་ལམ་སྲོལ་ཤུགས་ཆེ་བ་དང། དེང་སྐབས་རྩ་འགྲེལ་གང་ཡང་བློ་འཛིན་མི་དགོས་པའི་ལྟ་ཚུལ་འཛིན་པ་གཉིས་ཀ་མཐའ་ལ་ལྷུང་བ་ཞིག་ཡིན་པར་བརྟེན། གཞུང་ཆེན་མོ་ཁག་ཅིག་གི་རྩ་ཚིག་བློ་ལ་བཟུང་བའི་ཐོག་ནས་སློབ་སྦྱོང་གནང་དགོས་པའི་རིགས་ཀྱི་རྩ་བ་དང་གནད་ཆེ་བའི་སྡོམ་ཚིག་འགའ་ཤས༌དང། སྤྱི་ལ་ཁྱབ་པའི་ཞལ་འདོན་གྱི་རིགས་ཉུང་ཤས་ཤིག་གྲྭ་པ་ན་གཞོན་ཐམས་ཅད་ཀྱིས་བློ་ཐོག་ནས་གཅིག་གྱུར་གསུང་ཐུབ་པ་ཞིག་དགོས་པ་འདི་གཉིས་གལ་ཆེ་བར་མཐོང་ནས། འཛིན་གྲྭ་སོ་སོའི་ཐད་དུ་མང་ཉུང་འཚམས་པའི་བློ་འཛིན་གྱི་དེབ་ཆུང་རེ་རྩོམ་སྒྲིག་བྱས་ཡོད།
གསུམ་པ། སློབ་དེབ་བློ་གསལ་མགུལ་རྒྱན་གཞི་བཅོལ་ས།
སློབ་དེབ་བློ་གསལ་མགུལ་རྒྱན་འདི་རྩོམ་སྒྲིག་བྱེད་སྐབས་ཀྱི་གཞི་འཛིན་ས་གཙོ་བོ་ནི། བཙན་བྱོལ་བོད་གཞུང་གིས་རྩོམ་སྒྲིག་གནང་བའི་སློབ་དེབ་གསར་རྙིང་རྣམས་དང་རྒྱ་བོད་ཀྱི་མཁས་པས་མཛད་པའི་གཞུང་ཚད་ལྡན། དེ་བཞིན་དུ་རྒྱ་གར་ནང་བཞུགས་པའི་ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཁག་གི་སློབ་གྲྭའི་སློབ་དེབ། ཧི་མ་ལ་ཡའི་རི་རྒྱུད་ལ་དྭགས་དང། འབྲས་ལྗོངས། འབྲུག་ཡུལ་སོགས་ཀྱི་སློབ་དེབ་གསར་རྙིང་སྣ་ཚོགས། ལྷག་པར་བོད་ནང་གི་དེང་དུས་ཀྱི་བོད་རིགས་རྩོམ་པ་པོ་ན་གཞོན་མཁས་པ་ཚོས་བརྩམས་པའི་རྩོམ་དེབ་དང་བསྒྱུར་རྩོམ་སྣ་ཚོགས། བོད་ནང་གི་ཞིང་ལྗོངས་ལྔའི་སློབ་དེབ་གསར་རྙིང། བོད་ཕྱི་ནང་ནས་བོད་སྐད་དུ་བསྒྱུར་བའི་ཚན་རིག་གི་སློབ་དེབ་སོགས་ནས་ལེགས་ཆ་དང་དགོས་མཁོ་ཆེ་བའི་རིགས་བླངས་ཏེ་རྩོམ་སྒྲིག་བྱས་ཡོད།
སློབ་དེབ་འདིར་རྒྱ་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་བྲིས་སྐུ་སོགས་ཀྱི་རི་མོ་རྣམས་དེང་དུས་ཀྱི་འདྲ་བྲིས་འབྲི་སྟངས་ལྟར་མིན་པར་བོད་ཀྱི་སྲོལ་རྒྱུན་གྱི་རི་མོ་འབྲི་སྟངས་ལྟར་བྲིས་པར་མ་ཟད། བྲིས་སྐུ་དེའང་རང་བཟོ་མིན་པར་བོད་ཀྱི་དཔེ་རིས་རྙིང་པ་གང་རྙེད་ཀྱི་ཁུངས་དང་ལྡན་པར་འབྲི་གང་ཐུབ་བྱས་ཡོད།
མདོར་བསྡུས་ན། སློབ་དེབ་བློ་གསལ་མགུལ་རྒྱན་ཞེས་པ་འདིར་སློབ་དེབ་གྲངས་ ༦༩ སློབ་ཚན་གྲངས་ ༢༡༩༠ རི་མོ་གྲངས་ ༢༩༤༦ ཤོག་གྲངས་ ༡༧༦༤༠ བཅས་ཡོད་ལ། སློབ་དེབ་སོ་སོའི་ནང་གི་ཤོག་གྲངས་ཙམ་འཕར་བ་ལ་ལྟོས་མེད་ཀྱིས་མགོ་མཇུག་དང་ཐིག་ཕྲེང་བར་གྱི་ཤོག་བུའི་སྟོང་ཆ་དང། འདྲ་རིས། ཡིག་གཟུགས་ཀྱི་ཆེ་ཆུང་སོགས་གང་དགོས་མཛེས་པར་བཀོད་ཡོད་པས༌འཛམ་གླིང་སྤྱིའི་སློབ་དེེབ་ཀྱི་འགྲོས་དང་མཐུན་ཞིང་བོད་ཀྱི་སྐད་ཡིག་གི་གནས་ཚད་མཐོན་པོ་ཡིན་པའི་སློབ་དེབ་ཚད་ལྡན་ཞིག་གི་ངོ་བོར་རྩོམ་སྒྲིག་བྱས་ཡོད།
འདི་ནི་བོད་ཕྱི་ནང་གི་སློབ་གྲྭ་ཁག་གི་གཞི་རིམ་འཛིན་གྲྭའི་བོད་ཀྱི་སྐད་ཡིག་སློབ་དེབ་ལྟ་བུ་མིན་པར་ཆེས་གཏིང་ཟབ་པའི་བོད་བརྒྱུད་ནང་བསྟན་དཔལ་ནཱ་ལེནྡྲའི་ལྟ་གྲུབ་སློབ་སྦྱོང་གི་སྔོན་འགྲོའི་འཛིན་གྲྭའི་གནས་ཚད་ཅན་གྱི་སློབ་དེབ་དམིགས་བསལ་ཅན་ཞིག་ཡིན་པར་བརྟེན། ཆུང་བྱིས་པའི་དུས་ནས་བཟུང་ཡིག་གཟུགས་དཀར་ནག་གཉིས་དུས་གཅིག་ཏུ་ཀློག་ཤེས་པ། ཡུལ་སོ་སོའི་ཁ་སྐད་དམ་ཟུར་ཆག་གི་སྐད་མ་འདྲེས་པ༌སློབ་ཚན་གང་ཉུང་དང་ཚིག་དོན་ལས་གང་སླ་ཁོ་ན་གཙོར་འདོན་བྱས་མེད༌པས། བོད་ཀྱི་སྐད་ཡིག་གི་གནས་ཚད་མཐོན་པོར་སློབ་སྦྱོང་གནང་འདོད་ཡོད་མཁན་གྱི་སློབ་མ་ཚོར་རན་ཞིང་འཚམས་པ་ཞིག་གི་ངོ་བོར་བསྒྲིགས་ཡོད།
འོན་ཀྱང་ཡིག་གཟུགས་ཀྱི་སློབ་དེབ་དང། སྔོན་འགྲོའི་སློབ་དེབ་ཁག འཛིན་གྲྭ་དང་པོ་ནས་གསུམ་པའི་བར་གྱི་སློབ་དེབ་རྣམས་སྤྱིར་བཏང་བོད་ཀྱི་སྐད་ཡིག་གི་རྨང་གཞིའི་སློབ་སྦྱོང་བྱེད་མཁན་ཞིག་གིས་སྦྱངས་ནའང་བོད་ཀྱི་སྐད་ཡིག་ལེགས་པར་ཤེས་པ་དང་ཕན་ཐོགས་ངེས་ཅན་ཞིག་ཡོང་བའི་ཆེད་དུའང་དམིགས་ཡོད།
བཞི་པ། སློབ་དེབ་བློ་གསལ་མགུལ་རྒྱན་གྱི་ནང་དུ་བཀོད་པའི་ལུགས་ཟུང་བསླབ་བྱའི་སྐོར།
མི་གཤིས་ཡ་རབས་སྤྱོད་བཟང་ཅན་དུ་འགྱུར་བར་ནང་སེམས་ཀྱི་འཕྲོད་བསྟེན་ནི་དེང་དུས་ཀྱི་འཛམ་གླིང་འདིར་ཤིན་ཏུ་དགོས་མཁོ་ཆེ་ཞེས་༸གོང་ས་༸སྐྱབས་མགོན་ཆེན་པོས་ཡང་ཡང་བཀའ་སློབ་ཕེབས་པའི་དགོངས་དོན་ལྟར། སློབ་དེབ་བློ་གསལ་མགུལ་རྒྱན་དུ༌གནའ་དེང་གི་མཁས་པས་མཛད་པ༌ལུས་སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ལུགས་ཟུང་གི་བསླབ་བྱ་སྟེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་ཐིགས། སློབ་དཔོན་ཙནྡྲ་གོ་མིའི་སློབ་སྤྲིངས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་མི་ཆོས་གནད་ཀྱི་ཕྲེང་བ། བླ་མ་ངྷརྨ་རཀྵི་ཏའི་བློ་སྦྱོང་མཚོན་ཆའི་འཁོར་ལོ། ས་སྐྱའི་ལེགས་བཤད། དགེ་ལྡན་ལེགས་བཤད། འཇུ་མི་ཕམ་པའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན། གུང་ཐང་བསྟན་པའི་སྒྲོན་མེའི་ཆུ་ཤིང་གི་བསྟན་བཅོས་དང། སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ། ནོམ་ཆི་མཁན་པོས་མཛད་པའི་མེའི་བསྟན་བཅོས་དང། ལྕགས་ཀྱི་བསྟན་བཅོས། རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་ལུགས་ཟུང་གི་བསླབ་བྱ་མུ་ཐི་ལའི་ཕྲེང་བ། གཞན་ཡང་དགེ་ཚུལ་གྱི་བསླབ་བྱ། སི་ཏ་ལེན་སོགས་འཛམ་གླིང་འདིར་སྙན་གྲགས་ཆེ་བའི་ཆབ་སྲིད་ཀྱི་མི་སྣ་འགའ་ཤས་ཀྱིས་གསུངས་པའི་བསླབ་བྱ། ཡ་རབས་སྤྱོད་བཟང་གི་ནང་དོན་ལྡན་པའི་སྒྲུང་དང་ལྡེའུ། གླུ་གཞས། གཏམ་དཔེ་སོགས་སློབ་ཚན་རེ་རེའི་བར་དུ་སྤེལ་ནས་བཀོད་པར་མ་ཟད། རྒྱ་བོད་ཀྱི་མཁས་པས་མཛད་པའི་ལུགས་ཟུང་བསླབ་བྱའི་གཞུང་དེ་རྣམས་ཆ་ཚང་བར་བཀོད་པ་འདིས་བསླབ་བྱའི་གཞུང་ཞེས་པ་ཟུར་དུ་སློབ་ཁྲིད་བྱ་མི་དགོས་པར་སྐབས་སོ་སོའི་སློབ་ཚན་གཙོ་བོ་དེ་སྦྱང་བ་དང་མཉམ་དུ་བསླབ་བྱའི་གཞུང་དེ་དག་སྦྱང་ཐུབ་པ་དང། ཆུང་བྱིས་པའི་དུས་ནས་ལུས་ངག་ཡིད་གསུམ་ཡ་རབས་སུ་བསྒྱུར་བའི་བསླབ་བྱ་མང་པོ་ཞིག་སློབ་ཚན་གྱི་ཞོར་དུ་རྣ་བར་བྱང་ཞིང་ཡིད་ལ་འཇགས་པ་ལ་བརྟེན་ནས་མི་གཤིས་ཡ་རབས་ཅན་ཏེ་ལུས་ངག་གི་སྤྱོད་པ་ནི་ཡ་རབས་བཟང་སྤྱོད་ལྡན་པ། ལྷག་པར་ནང་པ་སངས་རྒྱས་པའི་དགེ་འདུན་པའི་སྤྱོད་པ་སྟེ་ནང་སེམས་ཀྱི་བདེ་སྐྱིད་ལྡན་ཞིང། གཞན་ཕན་དང་ལྷག་བསམ་ལྡན་པ། ཞི་དུལ་བག་ཡོད། འདོད་ཆུང་ཆོག་ཤེས་ཅན་ཞིག་ཏུ་རིམ་གྱིས་འགྱུར་ཐུབ་པའི་ཐབས་ལ་འབད་བརྩོན་བྱས་ཡོད།
ལྔ་པ། དགེ་རྒན་ལ་ཉེ་བར་མཁོ་བའི་ལག་དེབ།
ནང་བསྟན་སྔོན་འགྲོའི་སློབ་གཉེར་ཁང་གི་དགེ་འདུན་པ་ན་གཞོན་ཚོ་བསྟན་འཛིན་གྱི་སྐྱེས་བུར་སྐྱེད་སྲིང་མཛད་པ་ལ་དམིགས་བསལ་གྱི་དགེ་རྒན་འོས་སྦྱོང་མཛད་མྱོང་བའི་དགེ་རྒན་ཞིག་དགོས་ངེས་ཡིན་ནའང་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ཀར་དེ་ལྟ་བུའི་མཐུན་རྐྱེན་འཛོམས་དཀའ་བར་བརྟེན། ལྷག་བསམ་དང་ཉམས་མྱོང་ཕུན་སུམ་ཚོགས་ཤིང་སྙིང་སྟོབས་ཆེན་པོས་དགེ་འདུན་པ་དང་བཙུན་མ་ན་གཞོན་ཚོར་དམིགས་བསལ་གྱིས་སློབ་ཁྲིད་མཛད་ནས་བསྟན་པའི་ཁུར་བཞེས་བཞིན་པའི་དགེ་བའི་བཤེས་གཉེན་རྣམ་པ་ཚོར་དགེ་རྒན་འོས་སྦྱོང་གནང་བ་དང་མཚུངས་པའི་དགེ་རྒན་གྱི་བྱེད་སྒོ་ཁག་ངོ་སྤྲོད་དང་འབྲེལ༌ནས། དམ་པའི་ཆོས་དང་མཐུན་ཞིང་དེང་དུས་དང་ཡང་མཐུན་པར་སློབ་མ་སྐྱོང་སྟངས་ཀྱི་ཚུལ་མདོ་སྔགས་ཀྱི་གཞུང་ཆེན་མོ་རྣམས་སུ་གསལ་བ་དང། དེང་དུས་ཀྱི་སློབ་གསོའི་ལམ་ལུགས་སོགས་དགེ་རྒན་གྱི་བྱེད་སྒོའི་ལམ་སྟོན་ཡིག་ཆ་ཁག་ཕྱོགས་བསྒྲིགས་བྱས་པ་ཞིག་སྟེ་དགེ་རྒན་རྣམས་ཀྱིས་དགེ་རྒན་བྱེད་པ་ལ་ངེས་པར་མཁོ་བའི་ལག་དེབ་ཅིག་ཡིན། ཕྱི་རྒྱལ་པའི་སློབ་དེབ་ཀྱི་འགྲོས་ལྟར་སློབ་དེབ་སོ་སོའི་ནང་དུའང་སྐབས་འགར་སློབ་ཁྲིད་གནང་སྟངས་ཀྱི་ལམ་སྟོན་ཕྲན་བུ་རེ་བྱས་ཡོད་པ་བཅས་སློབ་དེབ་བློ་གསལ་མགུལ་རྒྱན་གྱི་ངོ་སྤྲོད་མདོར་བསྡུས༌སུ། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ལ། ཞེས་སོ།།(ཀིརྟིའི་བྱེས་པ་གྲྭ་ཚང་གི་དྲ་རྒྱ་ལས།)
སློབ་དེབ་འདི་དག་ད་རེས་བགྲོ་གླེང་ཚོགས་འདུར་ཕེབས་པའི་དགོན་སྡེ་གྲྭ་ཚང་སོ་སོའི་གཞུང་ལ་ཚར་གཅིག་རེ་ཐུགས་མཁོ་ལྟར་ཕུལ་ཡོད་པ་དང་། ཐུགས་མཁོ་མཆིས་རིགས་གཞན་ལའང་གང་ཐུབ་འབུལ་རྒྱུ་ཡིན་པར་མ་ཟད། སློབ་དེབ་ཆ་ཚང་འཕྲུལ་དེབ་ཏུའང་བཟོས་ཡོད་པ་འགྲེམས་སྤེལ་གནང་འཆར་ཡོད་དོ།།
ལྔ་པ། གལ་ཆེའི་དོན་སྙིང་།
བགྲོ་གླེང་ཚོགས་འདུ་འདི་ནི་གོང་དུ་བཀའ་སློབ་གསུང་བཤད་ཁག་ཏུ་གསལ་བ་ལྟར། གསར་གཏོད་རང་བཞིན་ལྡན་པའི་རླབས་ཅན་གྱི་བྱ་བ་ཞིག་དང་། ༸རྒྱལ་བའི་བཀའ་སློབ་ལམ་སྟོན་རྣམས་དོན་དམ་པའི་ལག་ལེན་དུ་འགེལ་ཐབས་ཕྱོགས་སུ་མདུན་བསྐྱོད་ཀྱི་གོམ་སྟབས་ཆེན་པོ་ཞིག བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ནུས་སྟོབས་གོང་དུ་སྤེལ་བའི་དུས་བབ་ཀྱི་ལས་འགུལ་ཞིག སྐྱེ་འགྲོའི་ཕན་བདེའི་གཞི་རྩ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམས་ཡུན་དུ་གནས་པའི་ཐབས་ཚུལ་དུ་མ་གསར་བཏོད་དགོས་པའི་འབོད་སྐུལ་ཞིག ཆོས་བརྒྱུད་རིས་མེད་དང་གྲྭ་བཙུན་དབྱེར་མེད་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་གི་འགན་འཁྲི་གཅིག་གྱུར་མཉམ་སྒྲུབ་གནང་རྒྱུའི་དམ་བཅའ་ཞིག དགོན་སྡེ་ཁག་གི་སྔོན་འགྲོའི་སློབ་སྦྱོང་གི་ལམ་སྲོལ་ལ་དུས་བསྟུན་ལེགས་བཅོས་སྔར་བས་གཏིང་ཟབ་གཏོང་བའི་འགོ་འཛུགས་ཤིག དགོན་སྡེ་ཁག་གི་ལས་སྣེ་དང་དགེ་རྒན་རྣམས་ལ་རང་མདུན་གྱི་རབ་བྱུང་ཕོ་མོ་ན་གཞོན་རྣམས་ཤེས་ཡོན་དང་ཀུན་སྤྱོད་གཉིས་ཐད་ནས་གསོ་སྐྱོང་ལེགས་པར་གནང་དགོས་པའི་ཡོངས་ཁྱབ་ཀྱི་གསལ་བརྡ་ཞིག མདོར་ན་མཁས་མཆོག་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་རྒྱལ་བའི་བསྟན་པ་ལུང་རྟོགས་གཉིས་འཛིན་པའི་ཚུལ་ནི་བཤད་པ་དང་སྒྲུབ་པ་གཉིས་སུ་ངེས་ཤིང་། བཤད་པ་དང་སྒྲུབ་པའི་སྒོ་ནས་འཛིན་མཁན་ནི་གཙོ་བོ་དགེ་འདུན་གྱི་སྡེ་ཡིན་པས། ད་ལྟའི་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་ལེགས་པར་མཛད་མ་ཐུབ་ཚེ་མ་འོངས་པར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་གནང་བའི་བསྟན་འཛིན་གྱི་སྐྱེས་བུ་མུ་མཐུད་འབྱོན་ཐུབ་པའི་གནས་མེད་པར་བརྟེན། དེ་སྐྱེད་སྲིང་མཛད་སྟངས་མ་ནོར་བ་ཞིག་ད་ལྟ་ནས་ལག་ལེན་དུ་བསྟར་དགོས་པ་དང་། དེའང་བསྟན་འཛིན་གྱི་སྐྱེས་བུ་སྐྱེད་སྲིང་མཛད་སྟངས་སྐོར་ད་ཕན་མེད་པ་མིན་ནའང་། སྔར་ཡོད་ལ་ལེགས་བཅོས་ཀྱིས་དུས་རབས་གསར་པའི་འགྱུར་འགྲོས་དང་མཐུན་ཞིང་དམ་པའི་ཆོས་དང་ཡང་མཐུན་པའི་སྐྱེད་སྲིང་མཛད་སྟངས་ཚང་ལ་མ་ནོར་བ་ཞིག་དགོས་པས། དེའི་སྐོར་ལ་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་བརྒྱ་ལྷག་གི་སྐུ་ཚབ་རྣམས་ལྷན་ཅིག་ཏུ་འདུས་ནས་བཀའ་བསྡུར་ལྷུག་པོ་གནང་མཐར་གྲོས་ཆོད་ཀྱི་ལམ་ནས་བྱེད་ཕྱོགས་མང་པོ་ཞིག་ལམ་སྟོན་མཛད་ཐུབ་ཡོད་པ་ནི་ད་རེས་ཀྱི་བགྲོ་གླེང་ཆེན་མོ་འདིའི་དོན་གྱི་སྙིང་པོ་ཡིན་ཞིང་། གྲོས་ཆོད་རྣམས་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་སོ་སོས་ཕྱག་ལེན་དུ་བསྟར་ནས་དོན་གྱི་འབྲས་བུ་སྨིན་པར་མཛད་རྒྱུ་ནི་དོན་གྱི་སྙིང་པོའི་ཡང་སྙིང་པོ་ལགས་སོ། །
འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༤ ལ།
ཕྲན་གྱིས་གོ་སྟངས་ནོར་མེད་ན། སློབ་དེབ་དེ་དག་འཕྲུལ་དེབ་ཐོག་ནས་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག་ན། དྲ་རྒྱ་ག་རེའི་ཐོག་ལ་ཡོད་ན།
བསྟན་དགྲ་ཚར་མ་བཅད་ན། བསྟན་འཛིན་གྱི་སྐྱེས་བུ་་སངས་མི་རྒྱས།
རྣམ་པ་ཚོའི་མཛད་བཟང་ལ་ཡི་རང་གུས་བསྟོད་འབུལ།