ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
བསྟན་འཛིན་ཆོས་གྲགས་ལགས་བཙོན་འོག་ཏུ་མནར་གཅོད་མྱངས་པར་བརྟེན་འདས་གྲོངས་སུ་གྱུར་བ།
དྷ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། རྒྱ་གཞུང་གིས་ཟླ་འདིའི་ཕྱི་ཚེས་༢ ཉིན་ཆབ་སྲིད་བཙོན་པ་བསྟན་འཛིན་ཆོས་གྲགས་ལགས་ཕྱིར་ནང་མིར་རྩིས་སྤྲོད་བྱས་ཡོད་ཀྱང་། ཕྱི་ཚེས་༥ ཉིན་གྱི་བོད་ནང་གི་ཆུ་ཚོད་༡ ཙམ་ལ་ཁོང་འདས་གྲོངས་སུ་གྱུར་འདུག
དེ་ཡང་རྒྱ་ནག་གཞུང་གིས་བསྟན་འཛིན་ཆོས་གྲགས་ལགས་སུ་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་༡༥ བཙོན་འཇུག་ཁྲིམས་ཐག་བཅད་རྗེས་ལྷ་སའི་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད། བཙོན་ཁང་ནང་ཁོང་ལ་རྒྱ་མིའི་ཉེན་རྟོག་མི་སྣས་ལོ་༦ ལྷག་གི་རིང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་མཐར། བཙོན་འོག་ཏུ་འདས་གྲོངས་ཕྱིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ནག་ཉེས་ལས་གཡོལ་ཐབས་སུ་ཁོང་འཆི་ཁར་ནང་མིར་སྤྲོད་བྱས་འདུག
དེ་ཡང་གནས་ཚུལ་དེའི་ནང་མུ་མཐུད་འཁོད་དོན། ཕྱི་ལོ་༢༠༠༨ ལོའི་ཕྱི་ཟླ་༣ ཚེས་༡༤ གྱི་ལྷ་སའི་ངོ་རྒོལ་ཁྲོད་མཉམ་ཞུགས་གནང་མཁན་གཙོ་བོ་ཡིན་པའི་ཉེས་མིང་འོག་བསྟན་འཛིན་ཆོས་གྲགས་ལགས་སུ་རྒྱ་ནག་གཞུང་གིས་ལོ་༡༥ དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ནས་ལྷ་སའི་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ཁོང་རང་ལོ་༣༣ སོན་འདུག བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟེ་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་ཏེ། ཉེ་བའི་ཟླ་གཅིག་གི་སྔོན་ཙམ་ལ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ནང་བསྐྱལ་ཡོད་འདུག
སྐབས་དེར་བསྟན་འཛིན་ཆོས་གྲགས་ལགས་ཀྱི་སྐུ་གཟུགས་ཧ་ཅང་སྐྱོ་པོ་ཆགས་ནས་ཤ་མདོག་ནག་པོ་ཆགས་པ་དང་། ཡར་མར་འགྲོ་བསྐྱོད་མི་ཐུབ་པར་ཆབ་གཅིན་ཡང་མལ་ཁྲིའི་སྟེང་ཤོར་འགྲོ་བ་ཆགས་ཡོད་པ་མ་ཟད། ཁ་ནས་ཁྲག་ནག་པོ་སྐྱུག་པ་དང་དྲན་ཤེས་ཉམས་ཏེ་མི་ངོ་མི་ཟིན་པར་གྱུར་ཡོད་ནའང་། སྨན་བཅོས་སྐབས་ཀྱང་ཁོང་ལ་སྔར་བཞིན་རྐང་ལྕགས་བརྒྱབ་ཡོད་པ་མ་ཟད། བཙོན་སྲུང་བ་མི་བཞིས་སྐོར་སྲུང་ལྟ་རྟོགས་འོག་ཡོད་འདུག
སྨན་པས་བརྟག་དཔྱད་བརྒྱུད་ཁོང་རང་གསོན་ཐབས་མེད་པ་ཤེས་རྗེས། རྒྱ་གཞུང་འབྲེལ་ཡོད་མི་སྣས་ཁོང་གི་ནང་མི་སྐད་བཏང་ཡོད་འདུག སྐབས་དེར་ནང་མིའི་ངོས་ནས་བསྟན་འཛིན་ཆོས་གྲགས་ལགས་དེ་སྔོན་འཇུ་བཟུང་སྐབས་གཟུགས་པོ་ཐང་པོ་ཡིན་པ་དང་། ད་ལྟ་བཙོན་འོག་ནས་གཟུགས་པོའི་གནས་སྟངས་འདི་འདྲ་ཆགས་པའི་སྐོར་རྩོད་པ་བྱས་པར་བརྟེན་སྨན་ཁང་གཞན་ཞིག་ཏུ་གནས་སྤོ་བྱས་ཡོད་ཀྱང་། དེ་གའི་སྨན་པས་ཀྱང་ཁོང་ཉིད་གསོན་རེ་མེད་པའི་ངོས་འཛིན་བྱས་ཡོད་འདུག
ཁོང་གི་ནང་མིས་བསྟན་འཛིན་ཆོས་གྲགས་ལགས་ཕྱིར་ནང་མིར་རྩིས་སྤྲོད་ཡོང་བའི་རེ་འདུན་བཏོན་ཡང་། བཙོན་སྲུང་ཉེན་རྟོག་པས་ཁོ་ཚོར་དེའི་དབང་ཆ་མེད་པས། འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་འབུལ་དགོས་སྐོར་བརྗོད་པ་ལྟར། སྡེ་བའི་གྲོང་སྡེ་ལྷན་ཁང་གིས་རྒྱབ་སྐྱོར་ཁག་ལེན་འོག་ནང་མིས་ངོས་ནས་སྙན་ཞུ་རེ་སྐུལ་བྱས་མཐར། ཕྱི་ཟླ་༡༢ ཚེས་༢ ཉིན་ནང་མིར་རྩིས་སྤྲོད་བྱས་རྗེས། ནང་མིས་སྨན་ཁང་གཞན་ལ་བསྟེན་གཏུགས་བྱས་ཀྱང་། ཕན་ནུས་མ་ཐོན་པར་གྲོངས་ཡོད་འདུག
བསྟན་འཛིན་ཆོས་གྲགས་ལགས་མ་གྲོངས་སྔོན་ལ་གཟུགས་པོར་གཅོང་ནད་དང་ཀླད་པར་སྐྱོན་ཤོར་ཡོད་འདུག ལོ་སྔོན་མའི་ཕྱི་ཟླ་༧ པའི་ནང་གཅར་རྡུང་འོག་ཁོང་གི་མིག་ལ་སྐྱོན་བྱས་ཏེ་མི་མཐོང་པ་ཆགས་པར་བརྟེན། སྨན་ཁང་ཞིག་ནང་མིག་གཤག་བཅོས་བྱེད་དགོས་བྱུང་འདུག
བསྟན་འཛིན་ཆོས་གྲགས་ལགས་༢༠༠༨ ཟླ་༣ ཚེས་༡༤ ཉིན་གྱི་ལྷ་སའི་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་གཙོ་བོའི་གྲས་སུ་ངོས་འཛིན་གྱིས་ལོ་དེའི་ཕྱི་ཟླ་༤ པའི་ནང་ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ། གཅར་རྡུང་འདྲི་གཅོད་ཚ་ནན་བྱས་མཐར། ལོ་དེའི་ཕྱི་ཟླ་ ༩ པའི་ནང་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཁོང་ལ་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་ ༡༥ གི་ཁྲིམས་ཐག་དང་རྒྱ་སྒོར་ ༡༠༠༠༠ ཆད་པ་བཅད་དེ་ལྷ་ས་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག
བསྟན་འཛིན་ཆོས་གྲགས་སམ་བསྟན་ཆོས་ལགས་ནི། ༡༩༨༡ ཟླ་༡༠ པའི་ནང་ལྷ་ས་གྲོང་ཁྱེར་བྱང་ཕྱོགས་གྲོང་ལྷན་རྒྱ་འབུམ་སྒང་ཁོངས་སུ་སྐྱེས་པ་དང་། ཕའི་མིང་མཁས་གྲུབ་དང་མའི་མིང་པ་སངས་ཞུ་བ་དང་། ཁོང་ཕྱི་ལོ་༡༩༩༠ ལོར་རྒྱ་གར་དུ་འབྱོར་ཏེ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཁོངས་སུ་འཛིན་རིམ་བཅུ་པ་བར་སློབ་གཉེར་བྱས་ཡོད་པ་དང་། ༢༠༠༥ ལོར་བོད་དུ་ཕྱིར་ལོག་གིས་ཡུ་རོབ་ཁུལ་འབྲེལ་བ་ཡོད་པའི་རྒྱ་གྲམ་དམར་པོའི་ཚོགས་པ་ཞིག་གི་ནང་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བྱས་ཡོད་འདུག ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་རྗེས། བསྟན་འཛིན་ཆོས་གྲགས་ལགས་ལྷ་སའི་ཞི་རྒོལ་ནང་གཙོ་བོ་སྣེ་ཁྲིད་བྱེད་མཁན་གྱི་གྲས་སུ་བརྩིས་ཏེ་ལོ་༡༥ བཙོན་འཇུག་ཁྲིམས་ཐག་བཅད།
བསྟན་ཆོས་ལགས་ཀྱི་ཕ་མཁས་གྲུབ་ལགས་ཀྱང་། རྒྱ་གཞུང་གིས་ཆབ་སྲིད་ཉེས་མིང་འོག་ལྟ་རྟོགས་སུན་གཙེར་སྣ་ཚོགས་བཟོས་པར་བརྟེན་ནས། བོད་ནང་གནས་མ་ཐུབ་པར་ལོ་ངོ་༢༠ ཡར་སྔོན་ཙམ་ནས་བཙན་བྱོལ་དུ་འགྲོ་དགོས་བྱུང་ཡོད་ཅིང་། བསྟན་འཛིན་ཆོས་གྲགས་འཇུ་བཟུང་སྐབས་སུའང་ཁོང་གི་ཕ་ལགས་དང་འབྲེལ་བ་ཡོད་མེད་ཚ་འདྲི་བྱས་ཡོད་འདུག དེ་བཞིན། ལྷ་སའི་ཞི་རྒོལ་སྐབས་སུ་བསྟན་འཛིན་ཆོས་གྲགས་ལགས་ཀྱི་སྲིང་མོ་བསོད་ནམས་ཀྱི་མཇིང་པར་རྒྱ་དམག་གིས་མེ་མདས་བརྒྱབ་སྟེ་རྨས་སྐྱོན་བཟོས་པ་མ་ཟད། རྗེས་སུ་འཇུ་བཟུང་བཀག་བསྐྱིལ་འོག་གཅར་རྡུང་འདྲི་གཅོད་བྱས་ཡོད་པ་དང་། ཁོང་མོའི་བུ་མོ་ཡང་དེ་དུས་འཇུ་བཟུང་གིས་གཅར་རྡུང་དྲག་པོ་བཏང་མཐར་གློད་ཡོད་འདུག
ལྟེ་གནས་ཁང་གི་གནས་ཚུལ་ནང་འཁོད་དོན། རྒྱ་གཞུང་གིས་བོད་ནང་བཙོན་འོག་སྡུག་སྦྱོང་མནར་གཅོད་འོག བོད་མི་བཙོན་པ་མང་པོ་འདས་གྲོངས་གཏོང་བཞིན་པའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཐད། འདི་ག་ལྟེ་གནས་ཁང་གི་ངོས་ནས་སྐྱོན་བརྗོད་དྲག་པོ་བྱེད་ཀྱིན་ཡོད་པ་མ་ཟད། རྒྱ་གཞུང་གིས་བཙོན་འོག་ཏུ་འདས་གྲོངས་ཕྱིན་པའི་བོད་མི་བཙོན་པ་དེ་དག་གི་ཐད་ལ་ཞིབ་འཇུག་དགོས་པའི་རེ་སྐུལ་བྱེད་བཞིན་ཡོད།
རྒྱ་གཞུང་གིས་༡༩༨༦ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙོན་འོག་མནར་གཅོད་བཀག་སྡོམ་ཐད་ཀྱི་ཁྲིམས་གཞིར་མིང་རྟགས་བཀོད་ཡོད་པ་དང་། ༡༩༨༨ ལོར་དངོས་སུ་ངོས་འཛིན་ལག་བསྟར་ཁས་ལེན་བྱས་ཡོད། ཁྲིམས་གཞི་དེའི་ནང་ལ་འཛམ་གླིང་རྒྱལ་ཁབ་ཚང་མའི་ནང་བཙོན་འོག་མནར་གཅོད་མཚམས་འཇོག་དགོས་པ་གཏན་འབེབས་བྱས་ཡོད། བསྟན་འཛིན་ཆོས་གྲགས་ལགས་ནི་རྒྱའི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་བཏང་སྟེ་འདས་གྲོངས་ཕྱིན་པ་དང་པོ་མིན། དེ་སྔོན་སྒོ་ཤུལ་བློ་བཟང་ལགས་ལའང་སྡུག་སྦྱོར་མནར་གཅོད་དང་། དུག་ཁབ་སོགས་བརྒྱབ་སྟེ་རྐྱེན་ལམ་དུ་བཏང་ཡོད། དེ་དག་གིས་མཚོན་པའི་རྒྱ་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་མང་པོ་ཞིག་ལ་མནར་གཅོད་བཏང་སྟེ་བཙོན་ཁང་ནང་འདས་གྲོངས་དང་། ཡང་ན་གསོན་ཐབས་མེད་པ་བཟོས་རྗེས་ནག་ཉེས་ལ་གཡོལ་ཐབས་སུ་ནང་མིར་རྩིས་སྤྲོད་རྗེས་འདས་གྲོངས་འགྲོ་བཞིན་ཡོད།
རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་བཙོན་འོག་མནར་གཅོད་བཀག་སྡོམ་ཁྲིམས་གཞིར་མིང་རྟགས་བཀོད་ཡོད་ནའང་། བཙོན་འོག་མནར་གཅོད་བཀག་སྡོམ་ཚོགས་ཆུང་ངོས་ལེན་བྱེད་ཀྱི་མེད། དེའི་རྒྱུ་མཚན་ནི། བཙོན་འོག་མནར་གཅོད་བཀག་སྡོམ་ཁྲིམས་གཞི་དོན་ཚན་༢༠ པའི་ནང་། ཚོགས་ཆུང་དེར་བཙོན་འོག་མནར་གཅོད་གཏོང་བཞིན་པའི་ཐད་ཞིབ་འཇུག་བརྩད་གཅོད་ཀྱི་དབང་ཆ་ཡོད་པ་གསལ་བོར་བཀོད་ཡོད་པ་ལྟར། ཚོགས་ཆུང་དེའི་ལས་འགན་གཙོ་བོ་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་བཙོན་འོག་མནར་གཅོད་བཀག་སྡོམ་གྱི་ལས་གཞི་ལག་བསྟར་བྱས་ཡོད་མེད་ཐད་ཞིབ་འཇུག་བྱ་རྒྱུ་དེ་ཆགས་ཡོད།
དེར་བརྟེན། ཕྱི་ལོ་༢༠༡༤ ལོར་བྷར་རྫིད་རྒྱལ་ཁབ་ནང་རྒྱལ་ཚོགས་ཀྱིས་བཙོན་འཇུག་མནར་གཅོད་འོག་འདས་གྲོངས་ཕྱིན་པའི་བཙོན་པའི་གནས་སྟངས་སྐོར་ལ་ཚོགས་འདུ་འཚོགས་འཆར་གྱིས། བཙོན་འོག་དང་བཙོན་གྲོལ་རྗེས་འདས་གྲོངས་ཕྱིན་པའི་བཙོན་པ་རྣམས་ཀྱི་ཐད་ཞིབ་འཇུག་ཀྱི་གྲོས་འཆར་ཞིག་བཏོན་འཆར་བྱས་པའི་ཐད། རྒྱ་གཞུང་གིས་གྲོས་འཆར་དེར་ངོ་རྒོལ་བྱས་ཡོད། གནས་ཚུལ་འདི་དག་ལས་རྒྱ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་ཐབས་ཙམ་ལས། དོན་དངོས་ཐོག་བཙོན་འོག་མནར་གཅོད་མཚམས་འཇོག་བྱེད་ཀྱིན་མེད་པ་གསལ་འདོན་བྱས་ཡོད། ཞེས་སོགས་འཁོད་འདུག
ཨ་ཁ། སྙིང་རྗེ་ཁོང་། བོད་ཀྱི་དཔའ་བོ་རང་རེད། ཁྱེད་ཚོའི་མཛད་རྗེས་ནམ་ཡང་ང་ཚོའི་ཡིད་ངོར་ཡལ་གྱིན་མ་རེད། བདེ་མོར་བཞུད་རོགས། ཨོཾ་མ་ཎི་པདྨེ་ཧུཾ།
དགྲ་གཏེ་རྒྱ་སྤྱང་གི་མཆེ་བ་དུག་ཅན་འོག་ནས་ཉེས་མེད་རྒྱལ་གཅེས་བོད་མི་བགྲང་ལས་འདས་པ་ཞིག་གི་ཚེ་སྲོག་བཙན་གྱིས་འཕྲོག་པ་ནི་ཇི་འདྲའི་བཟོད་དཀའ་་བ་ལ་ཨང་་་་་་་་
ཇི་སྐད་དུ།
མཆེ་ཅན་སྤྱང་ཀིར་སྙིང་རྗེ་ན།།
ཞི་བའི་ལུག་ལ་གདུག་ཅན་ཡིན།། ཞེས་པ་ནི་དོན་ལ་གནས་འདུག
བསྟན་འཛིན་ཆོས་གྲགས་ལགས་༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་ནང་སྐེ་ལ་མཇལ་དར་གསེར་པོ་གྱོན་པའི་དཔའ་རྒོད་དེ་ཁོང་ཡིན་གཟུགས་མཐོང་བརྙན་པར་ནང་མངོན་གསལ་དོད་པོར་གསལ་བས་གཡོལ་ཐབས་མ་བྱུང་བར་བཙོན་དུ་ཚུད་།་འདྲི་གཅོད་པས་ཉེས་བརྡུང་ཚབས་ཆེན་བཏང་ཞིང་ལྷག་པར་མགོ་བོར་རྡུང་རྡེག་འཁེལ་བས་རིམ་བཞིིན་མིག་གཉིས་ལོང་བར་གྱུར་ཏེ་ན་ནིང་ལོར་མིག་གཉིས་གཤགས་བཅོས་བྱས་འདུག འོན་ཀྱང་ཀླདད་པར་སྐྱོན་ཚབས་ཆེ་བས་ཀླད་རྩ་སྐམས་ནས་ད་རེས་འདས་གྲོངས་ཕྱིན་པ་རེད
དབུགས་མ་ཕྱིན་གོང་དེར་ཁོང་གིས་་བོད་ཀྱི་རྒྱལ་གླུ་བཏང་བ་དང་དེ་རྗེས་ཁྲག་ནག་པོ་ཞིག་སྐྱུགས་ནས་འདས་གྲོངས་སུ་ཕྱིན་འདུག
བསྟན་འཛིན་ཆོས་གྲགས་ལགས་ངའི་འཛིན་གྲོགས་ཡིན། ང་ཚོ་འཛིན་གྲྭ་གསུམ་པ་ཡིན་དུས་ཁོང་ལ་བར་ཆད་ཐོག་མ་བྱུང་སོང་། དགོང་མོའི་རང་སྦྱོང་གི་སྐབས་ཤིག་ཏུ་ཁོང་ཉིད་ང་ཚོའི་འཛིན་གྲྭའི་ཐོག་བརྩེགས་གསུམ་ཅན་ཞིག་གི་སྟེང་ནས་ལྷུང་སྟེ་རྐང་ལག་གཉིས་ཀ་ཆགས་པ་མ་གཏོགས་སྲོག་སྐྱོན་གྱི་བར་ཆད་ལ་གྲོལ་སོང་། དེ་ནི་གྲོགས་པོ་ཁོང་ཉིད་བོད་མིའི་དཔའ་བོ་ཞིག་གི་རྣམ་ཐར་སྐྱོང་རྒྱུའི་འཇུག་ལྷག་ཡོད་པའི་ལྐོག་འགྱུར་གྱི་གནད་དོན་ང་ཚོས་མི་ཤེས། དེ་རིང་། ཁོང་ཉིད་མི་ཚེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་དགྱའི་མུན་ནག་གི་བཙོན་དུ་གཅེས་པའི་ཚེ་སྲོག་གི་དབུགས་རྒྱུན་མཐའ་མ་དེ་འགགས་དུས་ང་ཚོའི་སེམས་ཁམས་གྲང་ལྷང་ལྷང་གི་སེམས་ཚོར་ཞིག་གི་སྐྱེལ་མ་བྱེད་དགོས་བྱུང་། ཨོཾ་མ་ཎི་པདྨེ་ཧཱུཾ།