རེ་མདོ་སེངྒེ།
༄༅།། ཉིད་ཀྱིས་ཁོ་བོས་ཉེ་ཆར་བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་ཞིག་དོགས་སློང་གི་ཚུལ་དུ་བྲིས་པའི་རྩོམ་ཐུང་དེར་ཐུགས་གནང་མཛད་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། ཁོ་བོས་རྩོམ་ཐུང་འདི་དྲ་ཐོག་ཏུ་སྤེལ་དགོས་པའི་རྒྱུ་མཚན་ནི་ཀློག་པ་པོར་རྩོམ་ཡིག་ཏུ་གསལ་བའི་ལོ་རྒྱུས་ཀྱི་གནད་དོན་ཐད་དོགས་པ་སློང་བ་དང། བློ་བསྐྱེད་སྟེར་བའི་གཤམ་མཆན་བཟང་པོ་འགའ་ཤས་ཡོང་རྒྱུར་རེ་བ་བཅངས་པ་ཡིན་ཡང། བོད་མིའི་ཁྲོད་རྩོམ་ཡིག་ཀློག་མཁན་དཀོན་ལ་རྩོམ་ཡིག་གི་བཀླགས་བྱང་འབྲི་མཁན་དེ་བས་ཀྱང་དཀོན་པས། ཁོ་བོར་མཚོན་ན་ཉིད་ཀྱིས་བཀླགས་བྱང་བྲིས་པ་ཙམ་ཡང་རིན་ཐང་དུ་ཚོར་ཡོད། འོན་ཀྱང་འདིར་ཐོག་མར་སྐུ་ཉིད་ལ་གསལ་འདེབས་ཀྱི་ཚུལ་དུ་ཞུ་བར་བྱ་བ་ནི། ཁོ་བོས་རྩོམ་ཡིག་ཏུ་“དེར་ན་གཞོན་སློབ་གཉེར་པ་གང་འཚམས་འདུག་པས་དཔྱད་ཞིབ་ཡོང་བའི་དོན་དུ་གཤམ་གྱི་དོགས་པའི་གཞི་འདི་བསླངས་”ཞེས་བྲིས་ཏེ། རྩོམ་ཐུང་འདིས་བསྟན་དོན་ངའི་ཞིབ་འཇུག་གི་མཐའ་སྡོམ་མ་ཡིན་པ་དང་དོགས་སློང་གི་ཐོག་ནས་བྲིས་པའི་ཚུལ་གསལ་པོར་བཤད་ཡོད་ལ། འདི་ལྟར་དོགས་སློང་བྱ་དགོས་པའི་རྒྱུ་མཚན་ནི། ལོ་རྒྱུས་ཀྱི་གནད་དོན་ཞིག་ཡོངས་གྲགས་ཀྱི་བཤད་སྲོལ་དུ་ཆགས་པའི་སྡོམ་ཚིག་སླ་པོ་ཞིག་གིས་སྒོ་བརྒྱབས་ནས་མི་འཇོག་པར། གཞོན་རབས་ཤེས་ཡོན་པ་རྣམས་ཀྱིས་གནད་དོན་འདི་རིགས་ལ་གཏིང་འབིགས་པའི་ཞིབ་འཇུག་ལེགས་པོ་ཞིག་གནང་ཐུབ་ན་སྙམ་པ་ཙམ་མ་གཏོགས། ཉིད་ཀྱིས་སྐྱོན་འདོགས་བྱས་པ་ལྟར་ཚོགས་སྡེ་བྱེ་བྲག་པ་ཞིག་དཀར་འདོན་བྱ་བའི་ཀུན་སློང་དེ་འདྲ་བདག་ལ་གཏན་ནས་མེད་པས། རྩོམ་ཡིག་གི་བཀླགས་བྱང་འབྲི་བའི་སྐབས་གཞན་པའི་ཀུན་སློང་ལ་འགྲེལ་བཤད་ཡག་ཉེས་གང་ཡང་མེད་པར་ཞུ།
“དེང་སང་གི་ཞིབ་འཇུག་པ་ཚད་ལྡན་ཞིག་ཡིན་ན། ལངས་ཕྱོགས་ཡོད་མ་རེད་”ཟེར། ཞིབ་འཇུག་གི་བྱ་བ་ལ་སྤྲོ་བས་འཇུག་པ་དང། བདེན་དོན་འཚོལ་ཞིབ་བྱ་བ་དེ་ཡང་ཞིབ་འཇུག་པའི་ལངས་ཕྱོགས་མ་ཡིན་ནམ། འདིས་མཚོན་ཉིད་ཀྱི་ཞེ་འདོད་ལ་ཅི་ཞིག་གླེང་འདོད་ཡོད་མེད་བརྡ་སྟོན་གསལ་པོ་མི་ནུས་པའི་ཚིག་སྣ་སྐྱོན་ཅན་འགའ་ཤས་རྩོམ་ཐུང་འདིའི་ཐོག་མཐའ་བར་གསུམ་ན་འདུག་ཀྱང། འདིར་སྐབས་བབ་ཀྱི་གླེང་གཞི་དང་འབྲེལ་བ་དེ་ཙམ་མི་ཆེ་བའི་རིགས་ཚིག་ནག་འབྲུ་འདེད་བྱས་ནས་རེ་རེ་བཞིན་གླེང་མ་དགོས་པར་བྱས་ཡོད།
“ཉམས་ཞིབ་པ་རང་ཉིད་སྤྱི་ཚོགས་གང་གི་ཁོངས་སུ་གཏོགས་པའི་ཕྱོགས་སུ་ལྷུང་མི་ཉན་” ཞེས་པ་ཤིན་ཏུ་བདེན། ཉམས་ཞིབ་པ་རྐྱང་པ་མ་ཡིན་པ་མི་སུ་འདྲ་ཞིག་ཡིན་ནའང་ཕྱོགས་དང་རིས་བཅད་ཀྱི་དབང་དུ་ཕྱིན་ནས་བྱ་བ་བརྩམས་ན། དེར་གྲུབ་འབྲས་ལེགས་པོ་ཞིག་འབྱུང་རྒྱུ་མིན་པ་ཡོངས་གྲགས་ཡིན་པས། སྤྱི་ཚོགས་ནང་རྒྱུག་ཆེ་བའི་ཀུན་སྤྱོད་ཀྱི་གནད་དོན་འདི་རིགས་ལོ་རྒྱུས་ཀྱི་གནད་དོན་དང་བསྲེས་ནས་ངེད་གཉིས་ཀྱིས་འདིར་བསྐྱར་དུ་གླེང་དགོས་པ་མ་མཐོང་།
“རང་ཉིད་གང་གཏོགས་སྤྱི་ཚོགས་ཀྱི་འདས་པའི་ནོར་འཁྲུལ་དེ་ལོ་རྒྱུས་ཀྱི་ཐོག་ནས་དཀར་འདོན་བྱ་རྒྱུ་དམིགས་འབེན་དུ་བཞག་”འདུག་ཟེར། ངའི་རྩོམ་ཡིག་གི་ཐོག་མཐའ་བར་གསུམ་ལ་ནག་པོར་ཆགས་ཟིན་པའི་ལོ་རྒྱུས་ཀྱི་གནད་དོན་ཞིག་དཀར་འདོན་བྱ་བའི་འབད་བརྩོན་གཏན་ནས་བྱས་མེད། འདིས་མཚོན་པའི་ཉིད་ཀྱི་བཤད་སྟངས་མང་པོའི་ཐོག་ནས་ཁོ་བོའི་རྩོམ་ཐུང་དེ་ལ་ཞིབ་ཏུ་གཟིགས་ཨེ་ཡོད་སྙམ་པའི་དོགས་པ་བྱུང་ཡང། འདིར་སྐུ་ཉིད་ལ་ལན་འདེབས་དང་འབྲེལ་བའི་གསལ་བཤད་ཀྱི་རྩོམ་ཐུང་ཞིག་འབྲི་རྒྱུ་ཐག་གཅོད་བྱས། ལན་འདེབས་ཀྱི་རྩོམ་ཡིག་འདི་འབྲི་བ་ནི་ཉིད་ཀྱི་བཀླགས་བྱང་སྣང་མེད་དུ་མ་བསྐྱུར་བའི་རྣམ་འགྱུར་མཚོན་པ་ཙམ་ལས་རྒྱལ་ཕམ་གྱི་རྩོད་གླེང་བྱ་བའི་དོན་དུ་གཏན་ནས་མིན།
ཁོ་བོའི་རྩོམ་ཡིག་ཏུ་“དབྱིན་ཇིའི་སློབ་གྲྭ་གཉིས་ཀ་རིམ་བཞིན་ལོ་ཤས་དང་བདུན་ཕྲག་འགའ་ཤས་ལས་གནས་ཐུབ་མེད། འོན་ཀྱང་དེ་ནི་གདན་ས་ཁག་གི་བླ་མ་གྲྭ་པ་རྣམས་ཆོས་ལུགས་ལ་ཞེན་འཁོག་ཆེ་དྲགས་པ་དང། ཀླད་རྙིང་མཁྲེགས་འཛིན་གྱི་དབང་གིས་རེད་ཅེས་ལས་སླ་པོས་བསྡོམས་བརྒྱབ་ཆོག་པ་ཞིག་ཨེ་ཡིན་ནམ་”ཞེས་དང། “སྐབས་དེར་གདན་ས་ཁག་གི་བླ་མ་དང་གྲྭ་པ་ཚོར་ལྷ་ས་ཁུལ་དུ་ཁ་ཆེ་ཨ་རབ་ཀྱི་སྐད་ཡིག་དང་དེའི་བརྒྱུད་ལམ་ནས་ཀོ་རན་ལ་སློབ་སྦྱོང་བྱེད་འཇུག་པའི་སྤོབས་པ་ཡོད་ན། དབྱིན་ཇིའི་སྐད་ཡིག་ཙམ་སློབ་སྦྱོང་སྤྲོད་པ་ལ་དེ་ཙམ་དངངས་སྐྲག་བྱེད་དགོས་པའི་རྒྱུ་མཚན་མེད་པ་ལྟ་བུ་ཡིན་ཡང། སྐབས་དེར་དབྱིན་ཇི་པས་བོད་ཐོག་ལ་བཟུང་བའི་སྲིད་བྱུས་ནི་ལྷག་བསམ་ཡོད་པ་དང་ཁ་གསལ་གཏིང་གསལ་ཅན་ཞིག་མིན་པས། སྐབས་དེར་དབྱིན་ཇི་པ་ཚོར་ཐོག་མར་སྐད་ཡིག་སློབ་ཁྲིད་ཀྱི་གོམ་སྟབས་ནས་བོད་ཀྱི་སེམས་ཁམས་དང་རིག་གཞུང་ཡོངས་རྫོགས་ལ་དབང་བསྒྱུར་བྱ་བའི་ཆབ་སྲིད་ཀྱི་ཀུན་སློང་གཡོ་སྒྱུ་ཅན་ཞིག་ཡོད་སྲིད་པས། བོད་ཀྱི་བླ་མ་གྲྭ་པ་ཚོར་དངངས་སྐྲག་བྱེད་སའི་དབྱིན་ཇི་པའི་སྲིད་བྱུས་མངོན་གསལ་མིན་པ་གཞན་ཅི་ཞིག་ཡོད་སྲིད་པར་ཡང་དཔྱད་ཞིབ་བྱ་དགོས།”ཞེས་སྐབས་དེའི་སྲིད་དོན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མང་པོའི་ཐོག་ནས་གདན་ས་ཁག་གི་བླ་མ་གྲྭ་པ་རྣམས་ཀྱིས་དབྱིན་ཇིའི་སློབ་གྲྭར་གནོན་ཤུགས་སྤྲོད་དགོས་པའི་རྒྱུ་མཚན་གཞན་ཞིག་ཡོད་སྲིད་པའི་དོགས་སློང་བྱས་པ་ཙམ་མ་གཏོགས། ཁོང་ཚོས་དབྱིན་ཇི་སློབ་གྲྭ་རྒྱུན་གནས་ཐུབ་པར་གནོད་ཤུགས་སྤྲད་ཡོད་པ་མ་རེད་ཅེས་ངས་གཏན་ནས་བཤད་མེད་ལ། དེ་བས་ཀྱང་ཁོང་ཚོས་བརྩམས་པའི་བྱ་བ་དེ་འགྲིག་འདུག་སྙམ་པ་སེམས་ལ་ཡང་གཏན་ནས་འཁོར་མ་མྱོང་བས། “འདས་པའི་ནོར་འཁྲུལ་དེ་ལོ་རྒྱུས་ཀྱི་ཐོག་ནས་དཀར་འདོན་བྱ་”རྩིས་ཡོད་པ་རེད་ཅེས་པ་ནི་ཉིད་ཀྱི་རྣམ་རྟོག་ཙམ་ལས་མ་འདས།
ལོ་རྒྱུས་ནི་བྱུང་ཟིན་པའི་གནད་དོན་ཞིག་ཡིན་པས་དེའི་དཀར་ནག་དང་དྲང་འཁྱོག་ནམ་ཡང་དེ་གར་གནས་རྒྱུ་མ་གཏོགས། “དོགས་སློང་ཙམ་ཞིག་གིས་འདས་པའི་ལོ་རྒྱུས་ཀྱི་ནོར་འཁྲུལ་དེ་ཡོ་བསྲང་གཏན་ནས་མི་བཏུབ་”པ་ཁོ་བོས་གསལ་པོ་ཤེས་ཀྱི་ཡོད། དེ་བས་ན་ལོ་རྒྱུས་ལ་བཟོ་བཅོས་གཏོང་འདོད་པའི་ཀུན་སློང་བདག་ལ་གཏན་ནས་མེད། འོན་ཀྱང་ལོ་རྒྱུས་ཀྱི་ཐོག་ཁྱེད་རང་གི་ལྟ་ཚུལ་དང་འབྲེལ་བའི་དོགས་སློང་བྱས་ན་མི་འགྲིག་ཅེས་སྐུ་ཉིད་ཀྱིས་གསུངས་མི་སྲིད་ལ། སྐུ་ཉིད་ལ་དེ་ལྟ་བུའི་ལྟ་ཚུལ་ཡོད་ན་དེ་སྐུ་ཉིད་ཀྱི་སྐྱོན་ཡིན་པ་མ་གཏོགས་ཁོ་བོའི་སྐྱོན་མིན་པས། ཁོ་བོས་ལོ་རྒྱུས་ལ་དོགས་སློང་བྱས་པ་ཙམ་སྐྱོན་དུ་ནམ་ཡང་འགྱུར་མི་སྲིད་སྙམ་མོ། །
“ལོ་རྒྱུས་ཀྱི་བཟང་ངན་དེ་ལོ་རྒྱུས་རང་གིས་ཁ་གྲག་རྒྱུ་”རེད་ཟེར། ནང་དོན་གྱི་ཆ་ནས་ཉིད་ཀྱི་གཏམ་དེ་བདེན་བདེན་ལྟ་བུར་སྣང། འོན་ཀྱང་དུས་ཀྱིས་བསྐལ་བའི་འདས་དོན་གྱི་གནས་ཚུལ་མང་པོ་ཞིག་ང་ཚོས་ལོ་རྒྱུས་ཀྱི་བསྟན་བཅོས་ལ་བརྟེན་ནས་ཤེས་དགོས་པ་ལས་ཐབས་གཞན་མེད་པ་དང། བོད་ལ་འཐུས་སྒོ་ཚང་བའི་སྲིད་དོན་ལོ་རྒྱུས་ཀྱི་བསྟན་བཅོས་ཤིན་ཏུ་དཀོན་ཞིང་ཕལ་ཆེར་མེད་པ་ལྟ་བུ་ཡིན་པ་ཡང་ཉིད་ཀྱིས་མཁྱེན་དགོས། ང་ཚོས་དེང་སང་གཞི་བཅོལ་སའི་ལོ་རྒྱུས་ཀྱི་བསྟན་བཅོས་དེ་དག་གིས་ང་ཚོར་སྐབས་སོ་སོའི་བྱུང་བ་དང་དེའི་བྱུང་རྐྱེན་དང་འབྲེལ་བའི་རྒྱབ་ལྗོངས་ཀྱི་གནས་ཚུལ་མཐའ་དག་ཁ་གསལ་གཏིང་གསལ་ཅན་ཞིག་མཁོ་སྤྲོད་བྱེད་ཐུབ་ཀྱི་ཨེ་འདུག།ལར་ནས་མི་དཀར་པོ་ནག་པོ་དང་ནག་པོ་དཀར་པོར་བསྒྲུབས་པའི་ལོ་རྒྱུས་ཀྱི་བསྟན་བཅོས་གཏན་ནས་མེད་པ་ག་ལ་ཡིན། དེར་བརྟེན་“ལོ་རྒྱུས་ཀྱི་བཟང་ངན་དེ་ལོ་རྒྱུས་རང་གིས་ཁ་གྲག་རྒྱུ་”རེད་ཟེར་ནས་ལོ་རྒྱུས་ཀྱི་བསྟན་བཅོས་ལ་དོགས་སློང་ཙམ་ཡང་མི་བྱེད་པར་ཁག་འདོགས་བྱས་ཏེ་འཇོག་ས་གཏན་ནས་མེད།
ཁོ་བོས་“སྔ་མོ་ནས་བོད་ཀྱི་གདན་ས་ཁག་ཏུ་ཆོས་ལུགས་མ་ཡིན་པའི་རིག་གནས་སྣ་མང་དར་ཁྱབ་བྱུང་ཡོད་“ཅེས་པ་ལས། “ནང་བསྟན་ཆོས་ལུགས་དང་རྩ་བ་ནས་མ་འབྲེལ་བའི་ལྟ་གྲུབ་དང་སྨན་རྩིས། བཟོ་རིག་སོགས་”བོད་ཀྱི་དགོན་སྡེ་ཁག་ལ་ཡོད་པ་རེད་ཅེས་ངས་གཏན་ནས་བཤད་མ་མྱོང་ཡང། འདི་ཡང་སྐབས་འདིའི་བརྗོད་གཞི་དང་དེ་ཙམ་འབྲེལ་མི་ཆེ་བས་རྩོད་གླེང་བྱེད་འདོད་མེད།
ཡང་སྐུ་ཉིད་ཀྱིས། “ཁྱེད་ཀྱིས་ན་རེ། (སྔ་མོ་ནས་བོད་དུ་གོར་ཥའི་སྐད་ཡིག་དང། རྒྱ་ནག་གི་སྐད་ཡིག། ཁ་ཆེ་ཨ་རབ་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སའི་སློབ་གྲྭ་ཡོད་པ་དེ་དག་ཀྱང་བོད་ཀྱི་གདན་ས་ཁག་གིས་བཀག་འགོག་བྱས་ཏེ་ཤུལ་མེད་དུ་བཏང་དགོས་པ་ཡིན་ཡང།) ཟེར་བ་འདི་ནི། ཁྱེད་ཀྱིས་བསྒྲུབ་བྱ་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པ་དང་བཞི་བཅུ་པའི་ནང་བོད་ཀྱི་སྤྱི་ཚོགས་ཁྲོད་དབྱིན་ཇིའི་སྐད་ཡིག་དང་ཤེས་རིག་གསར་པ་དར་འཕེལ་ཡོང་བར་འགོག་རྐྱེན་བཟོས་མེད་སྐོར་ལ་སྒྲུབ་བྱེད་དུ་བཀོད་”པ་རེད་ཟེར། དེ་ནི་སྐུ་ཉིད་ཀྱིས་ཁོ་བོའི་རྩོམ་ཡིག་ལ་འགྲེལ་ལོག་བྱས་པ་མ་གཏོགས། ཁོ་བོའི་རྩོམ་ཡིག་ཏུ་བོད་ཀྱི་གདན་ས་ཁག་གིས་“དབྱིན་ཇིའི་སྐད་ཡིག་དང་ཤེས་རིག་གསར་པ་དར་འཕེལ་ཡོང་བར་འགོག་རྐྱེན་བཟོས་མེད་སྐོར་”གཏན་ནས་བྲིས་མེད་པར་མ་ཟད། “དབྱིན་ཇིའི་སློབ་གྲྭའི་ཐོག་གདན་ས་ཁག་གིས་གཞན་དག་དང་མ་འདྲ་བར་ཚོར་ཤུགས་ཆེན་པོས་དགག་པ་བྱས་ཡོད་སྲིད་ཀྱང། འདི་ལྟར་དགག་བྱ་བྱེད་པ་ནི་དབྱིན་ཇིའི་སྐད་ཡིག་དང་ཤེས་ཡོན་བོད་དུ་དར་བ་ལ་ཐུགས་མོས་མེད་པའི་རྒྱུ་མཚན་གྱིས་མ་ཡིན་པར། དབྱིན་ཇིའི་སྐད་ཡིག་གི་བརྒྱུད་ལམ་ནས་བོད་དུ་དར་ཁྱབ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་བསམ་སྤྱོད་གོམས་གཤིས་ངན་པའི་རིགས་མང་པོ་ཞིག་བཀག་སྡོམ་བྱ་དགོས་པ་གཟིགས་ཀྱི་ཡོད་པ་འདི་རྒྱུ་མཚན་ཞིག་ཡིན་ངེས་་་་་་”ཞེས་སོགས་གསལ་པོར་བྲིས་ཡོད། འོན་ཀྱང་སྐུ་ཉིད་ཀྱིས་ཁོ་བོའི་རྩོམ་ཡིག་ལ་གོ་བ་ལྡོག་ཕྱོགས་སུ་བླངས་ནས་གླེང་འདུག་པས་ཁོ་བོའི་རྩོམ་ཐུང་དེར་ཞིབ་ཏུ་གཟིགས་པར་ཞུ།
“ཐང་ནས་རྡོ་ལེན་ཞོར་རུམ་གྱི་གྲོ་ལྷུང་བའི་དཔེ་ཟླར་གྱུར་འདུག”ཟེར། ཐང་ནས་རྡོ་ཅི་ཞིག་བླངས་པ་དང་རུམ་ནས་བྲོ་ཅི་ཞིག་ལྷུང་སོང་བའི་དཔེ་དོན་ཇི་བཞིན་ངོ་སྤྲོད་པ་མ་བྱུང་ཡང། ཚིག་སྐྱོན་དང་དོན་སྐྱོན་ཟེར་ནས་རེ་རེ་བཞིན་བདག་ལ་གླེང་འདོད་མེད་པ་གོང་དུ་བཤད་པ་ལྟར་ཡིན། དེའི་མུར་རྒྱུ་མཚན་ལྟ་བུར་“གང་ཡིན་ཟེར་ན། དུས་སྐབས་དེར་གོར་ཥ་དང་རྒྱ་ནག ཨ་རབ་སོགས་ཀྱི་སློབ་གྲྭ་གང་གང་ན་ཡོད་དམ། སུ་སུས་བཙུགས་པ་རེད། ནམ་ཞིག་ལ་སློབ་གྲྭ་དེ་དག་མེད་པ་ཇི་ལྟར་གྱུར་བ་རེད་དམ།”ཞེས་དྲི་བའི་ཚུལ་དུ་བྲིས་འདུག། འདི་གང་གི་རྒྱུ་མཚན་དུ་བགྲངས་པ་མ་ཤེས་ཀྱང། ཁོ་བོའི་རྩོམ་ཡིག་ཏུ་“སྔ་མོ་ནས་བོད་དུ་གོར་ཥའི་སྐད་ཡིག་དང། རྒྱ་ནག་གི་སྐད་ཡིག། ཁ་ཆེ་ཨ་རབ་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སའི་སློབ་གྲྭ་ཡོད་”ཅེས་པ་བྲིས་པ་ཉིད་ཀྱིས་ཁོ་བོའི་རང་བཟོའི་གཏམ་དུ་མཐོང་ཡོད་ཚོད་འདུག་པས། འདིར་ལོ་རྒྱུས་གནད་བསྡུས་དང་འབྲེལ་ལུང་ཁུངས་འགའ་ཤས་ངོ་སྤྲོད་ཞུ་བར་བྱ། ༡༽ ལྷ་སའི་གོར་ཡིག་སློབ་གྲྭ་ནི། ལོ་དུས་ནམ་ཞིག་ལ་བཙུགས་པ་གསལ་པོ་མ་ཤེས་ཀྱང་མ་མཐའ་༸རྒྱལ་དབང་བཅུ་གསུམ་པའི་སྐུ་དུས་སུ་ཡོད་པ་གཤམ་དུ་བཀོད་པའི་ལོ་རྒྱུས་རྣམས་ལས་ཤེས་ཐུབ། གོར་ཥའི་མི་ཀ་ནི་ཞེས་པས་གསར་འཛུགས་བྱས། འདིའི་སྐོར་བོད་ཀྱི་སྲིད་དོན་རྒྱལ་རབས་དང། ཆོས་འཕེལ་རྡོ་རྗེའི་དེ་སྔའི་བོད་ཀྱི་སློབ་གྲྭའི་སློབ་གསོའི་སྐོར་ཆེ་ལོང་ཙམ་གླེང་བ་ཞེས་པ་སོགས་སུ་གསལ། ༢༽ རྒྱ་ནག་གི་སྐད་ཡིག་སློབ་གྲྭ་ནི། ཆིན་སྲིད་གཞུང་གི་བོད་སྡོད་ཨམ་བན་ཀྲང་དབྱིན་ཐང་དང་ལེན་ཡུས་སོགས་ཀྱིས་ཐོག་མར་བཙུགས་འདུག་པ་དང། ཁོ་ཚོས་ཕྱི་ལོ་ ༡༩༠༦ ལོ་ནས་ཕྱི་ལོ་ ༡༩༡༠ ལོའི་བར་ལྷ་སར་རྒྱའི་སྐད་ཡིག་སློབ་གྲྭ་བཅུ་དྲུག་ཡས་མས་ཤིག་བཙུགས་པ་སོགས་ཀྱི་སྐོར་བཀྲ་ཤིས་ཚེ་རིང་སོགས་ཀྱིས་རྩོམ་བསྒྲིགས་བྱས་པ་བོད་སྤྱི་བཤད་ཅེས་པ་སོགས་སུ་གསལ། ༣༽ ལྷ་སའི་ཁ་ཆེའི་སློབ་གྲྭ་ནི། ྋགོང་ས་བཅུ་གསུམ་པ་ཆེན་པོའི་སྐུ་དུས་སུ་ཁ་ཆེའི་ལྷ་ཁང་གིས་འགན་བླངས་ཏེ་གསར་འཛུགས་བྱས། ལྷ་སར་ཁ་ཆེའི་སློབ་གྲྭ་གཉིས་དང། གཞིས་ཀ་རྩེར་གཅིག་ཡོད། སློབ་གྲྭ་དེ་དག་ཏུ་ཨ་ལ་པོའི་སྐད་ཡིག་དང༌། ཁ་ཆེའི་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་སོགས་བསླབ་ཀྱི་ཡོད་པའི་སྐོར། ཕྱི་ལོ་ ༡༩༨༥ ལོའི་བོད་ལྗོངས་ཞིབ་འཇུག་དེབ་ཕྲེང་བཞི་པ་དང། ཁོ་བོས་བྲིས་པའི་བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས། འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ལྷ་སའི་ཁ་ཆེའི་ཞིབ་འཇུག ལྷ་སའི་དངོས་བྱུང་བདེན་དཔང་ཞེས་པ་སོགས་སུ་གསལ་བས་རྒྱས་པ་དེ་དག་ཏུ་གཟིགས་པར་ཞུ།
ཡང་ཉིད་ཀྱིས། “གྷན་ངྷི་མཆོག་གིས་”ཞེས་སོགས་ཚིག་སྣ་རིང་པོ་ཞིག་བྲིས་འདུག་པ་ངས་གོ་བ་གཏན་ནས་མ་ལོན། ངའི་རྩོམ་ཡིག་ཏུ་ཁོང་རྣམ་པས་སྐད་ཡིག་གཉིས་པ་གསུམ་པ། དེབ་རབས་ཤེས་ཡོན་གསར་པ་སོགས་མཁྱེན་གྱི་མ་རེད་ཅེས་གཏན་ནས་བཤད་མེད།
ཁོ་བོའི་རྩོམ་ཡིག་ཏུ་“རྒྱལ་རྩེའི་དབྱིན་ཇིའི་སློབ་གྲྭ་འདི་༸རྒྱལ་དབང་(བཅུ་གསུམ་པ་)མཆོག་གིས་བཙུགས་པའི་དབང་དུ་བྱས་ཀྱང། དབྱིན་ཇིའི་སློབ་གྲྭ་འདི་བརྒྱུད་ནས་བོད་ལ་དགོས་ངེས་མཁོ་ངེས་ཀྱི་ཤེས་རིག་དང་ལག་རྩལ་མང་པོ་ནང་འདྲེན། བོད་ཀྱི་ཕྱི་འབྲེལ་ཁོར་ཡུག་སྔར་ལས་རྒྱ་བསྐྱེད་དང་སྟབས་ཇེ་བདེ་ཡོང་བ། མདོར་ན། བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་གནས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་སྐུལ་འདེད་ཐུབ་པར་ཐུགས་རེ་གནང་ཡོད་ངེས་ཀྱང། དོན་དངོས་སུ་རྒྱ་གར་དབྱིན་ཇིའི་སྲིད་གཞུང་དང་འབྲེལ་བ་ཆེ་ཞིང་འགྲོགས་འདྲིས་གཏིང་ཟབ་ཡོད་མཁན་དམག་སྤྱི་ཚ་རོང་བ་སོགས་ཀྱིས་དབྱིན་ཇི་དང་ངན་འབྲེལ་བྱས་ཏེ་༸རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་ཀྱི་སྐུ་དབང་འཕྲོག་རྒྱུ་དང། བོད་གཞུང་མགོ་རྟིང་སློག་རྒྱུའི་ལྐོག་ཇུས་གཤམ་གྱི་ཡོད་པའི་གསང་བའི་མཐིལ་བརྡོལ་བ་ནི། ༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་དབྱིན་ཇི་པ་དང་དེའི་སྐུལ་སློང་འོག་ཏུ་ལག་བསྟར་བྱེད་བཞིན་པའི་ལས་གཞི་ཁག་ལ་ཐུགས་དོགས་འབྱུང་གཞིར་གྱུར་ཡོད་པ་གོར་མ་ཆག་སྟེ། སེར་མོ་བའི་རྒྱལ་ཁབ་ཀྱི་ཉམས་འཇིག་ཅེས་པར། གང་ཉིད་ནས་ཕྱི་ལོ་ ༡༩༢༣ ལོར་རྒྱལ་རྩེར་དབྱིན་ཇི་པ་ཕེ་རན་ཁེ་ལུ་ཌོ་ཡིས་དགེ་རྒན་བྱས་པའི་དབྱིན་ཇིའི་སློབ་གྲྭ་ཞིག་འཛུགས་གནང་མཛད། འོན་ཀྱང་ཕྱི་ལོ་ ༡༩༢༤ ལོར་རྒྱལ་དབང་རིན་པོ་ཆེ་དམག་དོན་གྱི་ཚོགས་སྡེ་ལ་མི་མཉེས་པ་བྱུང་རྗེས་དེ་སྔའི་མཛད་ཕྱོགས་རྣམས་མེད་པ་བཟོ་གནང་མཛད། ཅེས་བྲིས་ཡོད་པ་ལས་རྒྱལ་རྩེའི་དབྱིན་ཇིའི་སློབ་གྲྭ་མཇུག་བསྡུ་བ་དེ་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་ཡོངས་སུ་འགལ་བ་ཞིག་མིན་པ་དོན་གྱིས་རྟོགས་ཐུབ་”ཅེས་བྲིས་ཡོད། འདིའི་ཐད་སྐུ་ཉིད་ཀྱིས་“རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཚང་གིས་རྒྱ་དཀར་ནག་གཉིས་ཀ་དང་སོག་ཡུལ་བཅས་སུ་དངོས་སུ་ཕེབས་ནས་ཉམས་མྱོང་རང་གི་ཐོག་ནས་ཁོང་གི་མིག་རྒྱང་དེ་སད་པ་མ་རེད་དམ།”ཞེས་བྲིས་འདུག་པ་ནི་ཁོ་བོའི་སྐད་ཆ་འདི་དག་དང་འབྲེལ་བ་ཅི་ཞིག་ཆགས་ཀྱི་ཡོད་མེད་མ་ཤེས།
དེ་བཞིན་ཁོ་བོའི་རྩོམ་ཡིག་ཏུ་“མཧཱ་གྷན་ངྷི་མཆོག་གིས་ཀྱང་དབྱིན་ཇི་པའི་བཙན་འཛུལ་གྱི་དཔུང་ཤུགས་ལ་ངོ་རྒོལ་བྱས་པ་ཙམ་མ་ཡིན་པར། དབྱིན་ཇི་པའི་ཆབ་སྲིད་དང་འཛིན་སྐྱོང་ལམ་ལུགས། དཔལ་འབྱོར་ལམ་ལུགས། སྤྱི་ཚོགས་དང་ཤེས་ཡོན་གྱི་ལམ་སྲོལ་མང་པོ་ཞིག་ལ་དགག་པ་ཤུགས་ཆེན་མཛད་དེ། དབྱིན་ཇི་པའི་ཞི་དྲག་གི་ལམ་ལུགས་དེ་དག་རྒྱ་གར་པའི་སྤྱི་ཚོགས་ནང་དུ་དར་འཕེལ་ཡོང་བར་མཐའ་གཅིག་ཏུ་དགག་བྱ་མཛད་ཡོད་པ་ནི། དམ་པ་ཁོང་ཉིད་རྙིང་ཞེན་མཁྲེགས་འཛིན་ཆེ་བའི་གནང་བབ་ཅིག་ག་ལ་ཡིན་ཏེ། གྷན་ངྷི་ཁོང་ཉིད་ཀྱི་རང་རྣམ་དང་རྒྱ་གར་རང་སྲིད་རང་སྐྱོང་སོགས་ལ་ཞིབ་ཏུ་བལྟས་ན་ཁོང་གི་དགོངས་པའི་མཐིལ་རྟོགས་ངེས་ཡིན།”ཞེས་བྲིས་པ་ལ། ཉིད་ཀྱིས་“གྷན་ངྷི་མཆོག་གིས་དབྱིན་ཡུལ་ནས་དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཀྱི་སློབ་གསོ་ཆ་ཚང་སྦྱངས་འབྲས་ཐོན་པ་མ་རེད་དམ།”ཞེས་ཁོ་བོར་དྲི་བ་འདི་གཞི་གང་ནས་བསླངས་ཏེ་དྲིས་པ་མ་ཤེས།
དེ་བཞིན་ཁོ་བོའི་རྩོམ་ཡིག་ཏུ་“དགེ་འདུན་ཆོས་འཕེལ་གྱིས་ཀྱང། གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང། །རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས། །དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ། །སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་མཛོད། །ཅེས་སྐྲ་སེར་པོའི་རིགས་ཀྱི་མིའི་རིན་ཐང་གི་ལྟ་ཚུལ་དང་བསམ་སྤྱོད་གོམས་གཤིས་ལ་བསྡོམས་ཆེན་པོ་ཞིག་བརྒྱབས་པར་མ་ཟད། མི་རིགས་འདི་དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་མཁན་ཞིག་ཡིན་པས་དོགས་ཟོན་བྱ་དགོས་པའི་སློབ་སྟོན་མཛད་ཡོད།”ཅེས་བྲིས་པ་ལ། ཉིད་ཀྱིས་“དགེ་ཆོས་ལ་ཆ་མཚོན་ན་རྒྱལ་ཁམས་རིག་པས་བསྐོར་ནས་དབྱིན་ཇིའི་སྐད་ཡིག་གིས་མཚོན་པའི་སྐད་ཡིག་སྣ་མང་ལ་བྱང་ཆུད་པ་ཞིག་མ་རེད་དམ།”ཞེས་ཁོ་བོར་དྲི་བ་འདི་འདྲ་ཅིའི་ཕྱིར་དྲིས་པ་མ་ཤེས།
དེ་བཞིན་ཁོ་བོའི་རྩོམ་ཡིག་ཏུ་“བོད་ནང་དུ་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས་ཀྱིས་དེང་རབས་རྩོམ་རིག་དང་སྤྱི་ཚོགས་ཀྱི་རིག་གནས་མང་པོ་ཞིག་ལ་དགག་པ་ཤུགས་ཆེན་པོ་བསྐྱོན་ཡོད་ལ། བོད་ཕྱི་ལོགས་སུ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་དེང་རབས་ཀྱི་རྩོམ་རིག་དང་བསམ་བློ་གཉིས་ཀ་ལ་དགག་པ་ཤུགས་ཆེན་པོ་མཛད་ཡོད། ལྷག་པར་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་་་་་་སྔ་མོ་དབྱིན་ཇིའི་སློབ་གསོ་པ་ལོ་ཊི་མར་ཀེ་ལིས་རྒྱ་གར་གྱི་སྤྱི་ཚོགས་ནང་ལག་བསྟར་བྱས་པའི་ཤེས་ཡོན་སྲིད་བྱུས་དེ་བོད་ཀྱི་སློབ་གྲྭ་ཁག་གི་ནང་དུ་ལག་བསྟར་བྱས་དང་བྱེད་བཞིན་པར་ཕྱི་ལོ་བརྒྱད་ཅུ་གྱ་གྲངས་ནས་དགག་པ་ཤུགས་ཆེན་མཛད་ཡོད་ལ། བར་ལམ་ནས་བོད་རང་གི་ཁྱད་ཆོས་ལྡན་པའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གྲོས་ཚོགས་བརྒྱུད་གཏན་ལ་ཕབ་སྟེ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་ཡོང་བར་འབད་བརྩོན་ཆེན་པོ་གནང་བཞིན་པར་རྒྱུ་མཚན་མེད་པ་གཏན་ནས་མིན།”ཞེས་བྲིས་པ་ལ། ཉིད་ཀྱིས་“ཟམ་གདོང་རིན་པོ་ཆེ་ཡིན་ན་དབྱིན་ཇི་དང་ལེགས་སྦྱར་སྐད་ཡིག་ལ་ནང་བྱན་ཆུད་པ་ཞིག་དེ་བས་ཀྱང་མ་རེད་དམ། དོར་ཞི་ཚང་ཡིན་ན་རྒྱ་སྐད་དང་དབྱིན་ཡིག་སོགས་ཀྱི་ཡོན་ཚད་ག་འདྲ་ཡོད་མེད་དེ་ངས་མ་བཤད་རུང་ཁྱོད་ཀྱིས་ཀྱང་ལོས་ཤེས།”ཟེར། ཉིད་ཀྱི་ཚིག་སྔ་ཕྱི་འདི་དག་ཁོ་བོའི་རྩོམ་ཡིག་གི་ནང་དོན་དང་འབྲེལ་བ་གཏན་ནས་མེད་པ་ཤ་སྟག་ཡིན། མཐར་གཏུགས་ན་ཉིད་ཀྱི་ཞེ་འདོད་ལ་དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཤེས་ཡོན་གྱི་གནས་ཚད་མཐོ་པོ་ཡོད་མཁན་ཞིག་ཡིན་ན། དབྱིན་ཇི་པའི་ཤེས་ཡོན་དང་སྤྱི་ཚོགས་ཀྱི་ལམ་ལུགས་སོགས་ལ་དགག་བྱ་མི་མཛད་མཁན་ཞིག་དང། དེང་རབས་ཀྱི་དཔལ་ཡོན་ལ་དེ་བས་ཀྱང་དགག་བྱ་མི་མཛད་མཁན་ཞིག་ཡིན་དགོས་པའི་ངོས་འཛིན་ཡོད་པ་ཤུགས་ཀྱིས་འབྱུང། དེ་ལྟར་ཡིན་ན་སྐུ་ཉིད་ཡོངས་སུ་ནོར་བའི་ལམ་དུ་ཕྱིན་པ་རེད། སློབ་དཔོན་ཟླ་བས་ཀྱང་བྲམ་ཟེའི་རིག་བྱེད་ལ་མཁས་པར་སྦྱངས་ནས་བྲམ་ཟེའི་རིག་བྱེད་བཀག་པ་མ་རེད་དམ། ལར་ནས་ནང་པའི་དབུ་མའི་གཞུང་ལུགས་རྣམས་སུ་དགག་བྱ་ངོས་འཛིན་གལ་གནད་ཆེན་པོར་མཛད་དགོས་པའི་རྒྱུ་མཚན་ཡང་དགག་བྱ་ངོས་མ་ཟིན་པར་དགག་བྱ་འགོག་ལུགས་མི་ཤེས་པའི་གནད་ཀྱིས་ཡིན། ཕྱོགས་སྔའི་རྩོམ་ཡིག་གི་ནང་དོན་ཇི་བཞིན་མ་ཤེས་པར་ཕྱོགས་སྔ་ཇི་ལྟར་འགོག།བོད་ཀྱི་གནའ་བོའི་མཁས་པ་རྣམས་ཀྱི་གསུང་སྲོལ་ལ་ཡོད་པ། ཕྱོགས་སྔའི་གནམ་མ་ལངས་གོང། དགག་བཞག་གི་ཉི་མ་ཤར། ཞེས་པ་འདིས་དགག་བྱའི་ཕྱོགས་སྔ་སུ་ཡིན་པ་དེའི་རྩོམ་ཡིག་གི་ཚིག་དོན་ཇི་བཞིན་ཤེས་དགོས་པའི་གནད་བསྟན་པ་ཡིན།
ཉིད་ཀྱིས་མུ་མཐུད་དེ། “གལ་ཏེ་ཁོང་ཅག་གིས་དབྱིན་ཇིའི་སྐད་ཡིག་དེ་མ་སྦྱངས་ཤིང་དེང་རབས་སློབ་གསོ་བེད་སྤྱོད་གཏོང་མྱོང་མེད་ན། ཁོང་ཅག་གི་བཞེངས་ཕྱོགས་དེ་ཁྱེད་ཀྱི་རྩོམ་ཡིག་འདིའི་རྒྱབ་རྟེན་དུ་ཧ་ཅང་མཐུན་པོ་འདུག་”ཟེར། འདི་ཡང་ལྡོག་ཕྱོགས་ཀྱི་སྐད་ཆ་ཏག་ཏག་ཏུ་གྱུར་ཡོད། ཁོང་ཅག་དབྱིན་ཇིའི་སྐད་ཡིག་དང། དབྱིན་ཇི་པའི་ཤེས་ཡོན་དང་སྤྱི་ཚོགས་ཀྱི་ལམ་ལུགས། དེང་རབས་དཔལ་ཡོན་བཅས་ལ་ཐུགས་རྒྱུས་མེད་མཁན་ཞིག་ཡིན་ན། ཁོང་དག་གིས་དབྱིན་ཇི་པའི་ཤེས་ཡོན་ལམ་ལུགས་དང། དེང་རབས་ཀྱི་དཔལ་ཡོན་སོགས་ལ་དགག་བྱ་མཛད་མི་སྲིད་ལ། དགག་བྱ་མཛད་པའི་དབང་དུ་བྱས་ཀྱང་དེ་ལ་ཡིད་ཆེས་སུ་ཡིས་བྱེད་དེ། དེ་ནི་སྙན་ངག་མེ་ལོང་མར། སྐྱེ་བོ་བསྟན་བཅོས་མི་ཤེས་པས། །ཡོན་ཏན་སྐྱོན་དག་ཇི་ལྟར་དབྱེ། །གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས། །ལོང་བ་དག་ལ་ཡོད་དམ་ཅི། །ཞེས་གསུངས་པའི་རང་བཞིན་དུ་མ་གྱུར་གྲང།
བསྐྱར་ཞིབ་བྱེད་ལོངས་མ་བྱུང་བས་ཚིག་དོན་ལ་ནོར་བ་བྱུང་ཡོད་ན་དགོངས་འགལ་མེད་པར་ཞུ་ཞེས། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༠ ཚེས་ ༦ ཉིན་ཏེ་རེས་གཟའ་ཉི་མར་རེ་མདོ་སེངྒེས།
ལུས་ངག་ཡིད་གསུམ་པོ་ཉིན་མཚན་དུས་དྲུག་ཏུ་གླུ་དབྱངས་ལ་གླན་ནས་འཚོ་བའི་མྱི་དག་གིས་ཉོན་དང་། རྣམ་ཤེས་གང་ཞིག་ལ་འཁྲིད་འགྲོ།
https://www.youtube.com/watch?v=YCR6m-aZQLs
རྒོལ་ནི་སྔ་རྒོལ་ཕྱི་རྒོལ་ལ།།
ཉན་པའི་འདུན་པ་ཁ་སྐོམ་པའི།།
ཆུ་ལ་སྲེད་པ་ཇི་བཞིན་མཆིས།།
བསྟན་འཛིན་དབྱིངས་གསལ་ལན་ཐོངས་ཤིག །