སེར་ཏྲེ་ སངས་རྒྱས་རྒྱ་མཚོ།
དོན་གྱི་གཤིས་ལུགས་བཙལ་བའི་ཕ་མཐར་རྟེན་འབྲེལ་སྒྱུ་མའི་ཟླ་གཞོན་གཟུགས། །
གསལ་བར་འཆར་བའི་འཛུམ་ཞལ་འབུམ་ལ་དགྱེས་པའི་བདེ་དགའ་བྱེ་བ་བརྒྱ། །
དམིགས་མེད་མཐའ་བྲལ་དབྱིངས་སུ་བཞད་ཀྱང་ཐུགས་རྗེ་ཟླ་ཞུན་ཟེགས་མ་འབུམ། །
བགྲང་ཡས་མཁའ་ཁྱབ་སྐྱེ་རྒུར་སྤྲོ་བའི་ཕྱག་ན་པདྨོས་སྐྱོང་གྱུར་ཅིག །
ཁ་བའི་མེ་ཏོག་མཛེས་དཔལ་ངོམས་པའི་གནས་མཆོག་དེ་ནས་བྱིས་པའི་སྐབས། །
ཁྱོད་མཚན་སྙན་པའི་འབྲུག་བརྒྱའི་སྒྲ་དབྱངས་ཐོས་འཛིན་བུ་གར་སོན་གྱུར་ཏེ། །
མ་ཎིའི་དབྱངས་རྟ་སྙན་པོ་དེ་དང་ཁྱོད་མཚན་འདྲེས་ནས་རེ་བའི་མིག །
རི་ཆུ་སྟོང་གི་ཕ་རོལ་དེ་ནས་དབང་པོའི་གཞུ་ལྟར་རིང་དུ་བརྐྱངས། །
ཤེལ་གྱི་མཆོད་རྟེན་མུ་ཏིག་དྲ་བའི་དོ་ཤལ་འཕྱང་སྟེ་བརྒྱན་པ་ལ། །
གསེར་འོད་འཁྱུག་པའི་རིན་ཆེན་ཏོག་གིས་བླ་ལྷག་རབ་མཛེས་བྱས་ལྟ་བུའི། །
ས་འཛིན་དཀར་པོ་བྲལ་བའི་ཉིན་ཞིག་རྨི་ལམ་ལྟ་བུའི་རེ་འབྲས་ཏེ། །
གཟུགས་བརྙན་ཇི་བཞིན་ཁྱོད་ཞལ་མཇལ་བའི་སྐལ་བཟང་དེ་ཉིད་མངོན་དུ་གྱུར། །
འབྱམས་ཀླས་རྒྱལ་བའི་མཁྱེན་བརྩེ་ནུས་མཐུ་གཅིག་བསྡུས་མཁན་སློབ་གཟུགས་ཤར་བ། །
ཉིད་ཀྱི་ཞབས་སེན་ཆེ་རྒུ་དག་གི་ཅོད་པན་མཛེས་པའི་རྒྱན་གྱུར་ཀྱང། །
ཉམས་ངའི་འགྲོ་ལ་འཛུམ་པའི་འདབ་སྟོང་རློམ་མེད་རྟག་ཏུ་རྒོད་པ་ནི། །
ཉི་མས་གདུང་ལ་བསིལ་རླུང་ཇི་བཞིན་བདག་ཡིད་དགའ་དད་ཅི་བས་འཕེལ། །
མཁས་བཙུན་བཟང་པོའི་དཔལ་གྱིས་མཐོ་བའི་འདུས་པ་གསེར་གྱི་ས་འཛིན་དབུས། །
མི་འཇིགས་བང་རིམ་རྣམ་པ་བཞི་ཡིས་ཤིན་ཏུ་ལྷམ་མེར་རབ་བརྗིད་པའི། །
མགོན་པོ་ཁྱོད་ཀྱི་འཆད་པའི་གསུང་དབྱངས་ཐོས་འཛིན་ར་བར་སོན་པའི་མོད། །
དོན་གྱི་གོ་བ་བདག་ལ་མེད་ཀྱང་གང་གསུང་བྱིན་གྱིས་དད་འདུན་རྒྱས། །
འོན་ཀྱང་ཟླ་ཕྲེང་དུ་མ་འདས་པ་དེ་རིང་ཁྱོད་ཀྱི་གསུང་དབྱངས་ནི། །
མཁས་རྒུའི་ཡིད་ཀྱི་སྐྱེད་ཚལ་ཉིད་ན་དྲི་ཕྱོགས་ཙམ་ཡང་མ་རྒྱུ་བའི། །
ལེགས་བཤད་འདབ་མ་སྟོང་གིས་བརྒྱན་པའི་སྔོན་མེད་གསེར་གྱི་མེ་ཏོག་ཕྲེང། །
ཡིན་པར་ངེས་ནས་དད་པའི་ལག་ཟུང་མཁས་རྒུའི་རློམ་དང་ཟུམ་པར་འགྲན། །
འདི་ཕྱིའི་འཕུང་རྩ་གཅེས་འཛིན་རྒུད་མུན་དྲུང་ནས་ཕྱུང་སྟེ་བསྐྲོད་བྱས་ཞིང་། །
དགེ་ལེགས་མ་ལུས་གཅིག་ཏུ་སྡུད་པའི་བདག་པས་གཞན་གཅེས་བྱང་ཆུབ་སེམས། །
བགྲང་ཡས་བསྐལ་པར་གོམས་པར་བྱས་པས་རླབས་ཆེན་རྒྱལ་སྲས་སྤྱོད་པ་ཀུན། །
འཆད་ལ་དབང་བའི་ངང་ཚུལ་འདིས་ནི་སྲས་བཅས་རྒྱལ་བ་བསྡོམས་པའི་ཟླར། །
སྣང་བས་བཏགས་ཙམ་ཡོད་པ་འདི་ཡིས་བཙལ་ན་ཅི་ཡང་མ་མཆིས་ཤིང། །
སྟོང་པས་མ་ལྟོས་མེད་པ་ཉིད་ཀྱིས་རྐྱེན་ཚོགས་སྒྱུ་མའི་སྣང་བ་བཞིན། །
སྣང་སྟོང་འགལ་མེད་གྲོགས་སུ་འཆར་བའི་རྟེན་འབྲེལ་ཟབ་མོའི་གནད་ཀུན་ལ། །
ཀླུ་སྒྲུབ་བློ་བཟང་ཟླ་ཉི་སླར་ཡང་ལྷན་དུ་འཆར་རམ་འཕྱང་མོ་ཉུག །
ཟབ་དང་རྒྱ་ཆེ་ཇི་ཙམ་རྟོགས་དཀའི་གཞུང་ལུགས་འབུམ་གྱི་མཁའ་ཡངས་སུ། །
མཁས་མང་འབུམ་གྱིས་དོགས་སློང་ཙམ་ཡང་སྤྲོ་བ་བཏང་བའི་གནད་རྣམས་ལ། །
གོ་རིག་སྟོང་གི་ཟེར་མ་འཕྲོ་བའི་གསུང་དབྱངས་ཐོགས་མེད་འཇུག་པ་ནི། །
དད་འདུན་བུང་བ་འཕུར་ལྡིང་རྩེན་ལ་པད་དཀར་རྒོད་པས་བསྐུལ་མ་བཞིན། །
དགོས་མེད་ཚིག་གི་སྤྲོས་པ་དོར་བའི་སྙན་འཇེབས་གང་གསུང་ལག་པ་ཡིས། །
གཞུང་བརྒྱའི་དགོངས་པ་གཅིག་ཏུ་བསྡུས་ཏེ་མཐར་ཐུག་གནད་ཀྱི་སྡོམ་ཚིག་སྟེ། །
དབུ་ཞབས་ཀུན་གྱི་དགོངས་དོན་མ་ལུས་ཉུང་ངུའི་ཚིག་གིས་གསལ་མཛད་པ། །
སྐལ་ལྡན་འབུམ་ལ་ཐར་པའི་ལམ་བཟང་ཡིད་ངོར་རི་མོ་བཀོད་པ་བཞིན། །
བློ་གྲོས་དཔལ་གྱིས་མངོན་པར་མཐོ་བ་མཁས་མང་བྱེ་བས་བགྲོ་བ་ཡི། །
རྟོགས་དཀའི་དོགས་གནས་འབུམ་གྱི་མདུད་བརྒྱ་མཁྱེན་རབ་སོར་མོ་གཅིག་ཉིད་ཀྱིས། །
ལྷུག་པོར་བཀྲོལ་ཞིང་མོས་ཁམས་ཇི་བཞིན་ལེགས་བཤད་གསང་མཐོར་སྒྲོག་པ་ནི། །
འདོད་ལྷའི་སྙིང་ལ་མུན་པ་སྟེར་བའི་སྐྱེ་རྒུའི་ཉི་གཞོན་གསར་པ་བཞིན། །
ལེགས་བཤད་ག་བུར་ཟླ་བ་ཞུན་མའི་ཉིང་ཁུ་གསེར་གྱི་ཐིགས་པ་ནི། །
བསིལ་ཟེར་གང་གཱའི་རྡུལ་དང་བསྡོངས་སྟེ་ཐོས་འཛིན་དགའ་ཚལ་ལྷུང་ཙམ་གྱིས། །
རེ་འབྲས་ཀུ་མུད་མངོན་པར་མ་བཞད་དམན་འབྲིང་མཆོག་གི་གདུལ་བྱ་ཞིག །
ཚད་ཡུལ་ལས་འགོངས་དངོས་ཡོད་འཚམ་འདི་ཁྱོད་གསུང་ཁོ་ནའི་ཆེ་བ་ཉིད། །
དེ་ལྟར་ཟོལ་དང་སྒྲོ་སྐུར་བྲལ་བའི་དྲི་མེད་རང་བཞིན་བརྗོད་པའི་ངག །
གྲུ་འཛིན་བདག་པོའི་རྣམ་དག་གསུང་གི་ཡོན་ཏན་རྗོད་ལ་མངོན་ཕྱོགས་པའི། །
ལེགས་ཚོགས་འདི་ཡིས་མཁའ་དང་མཉམ་པའི་ཡིད་ཅན་སྐབས་གསུམ་མ་ལུས་པ། །
གང་གསུང་བདུད་རྩིས་རྟག་ཏུ་འཚོ་ཞིང་འཆི་མེད་དགའ་སྟོན་མྱུར་རྩེན་གསོལ། །
ཁྱད་པར་བསྟན་པའི་བསྟི་གནས་གཅིག་ཉིད་གངས་ཅན་ལྗོངས་སུ་མགོན་ཁྱོད་ཀྱི། །
ཞབས་ཟུང་གསེར་གྱི་བཀྲ་ཤིས་དགེ་མཚན་ཉེར་བཀོད་གདོང་ལྔས་མཐོར་བཏེག་པའི། །
གསེར་ཁྲིར་མངོན་བཞུགས་ཞབས་པད་བསྐལ་བརྒྱར་གཡུང་དྲུང་རིས་སུ་རྟག་བརྟན་བཞིན། །
དྲུག་བཅུའི་དབྱངས་དང་རྫོགས་ལྡན་གསར་པའི་ཟད་མེད་དགའ་སྟོན་མྱུར་འཆར་གསོལ། །
བདག་ཀྱང་དེང་ནས་མགོན་པོ་ཁྱོད་ཀྱི་གསང་གསུམ་མཛད་པ་མ་ལུས་པ། །
མཁའ་མཉམ་མ་ལ་ཕངས་མེད་འགྲེམས་ཕྱིར་མནར་མེད་དུ་ཡང་དགའ་ཚལ་ལྟར། །
རབ་ཏུ་སྤྲོ་དང་དགའ་བས་འཇུག་ཅིང་མགོན་པོས་ཇི་ལྟར་སྨོན་པ་བཞིན། །
ས་སོགས་ཇི་བཞིན་མཁའ་མཉམ་འགྲོ་ལ་ཕན་བདེའི་གཞི་མ་ཉིད་འགྱུར་ཤོག །
ཅེས་ དོན་སླད་མཚན་སྨོས་མཁན་ཆེན་རྡོ་རྗེ་འཆང་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ལ་བསྟོད་ ཅིང་གསོལ་བ་འདི་ཡང་མགོན་པོ་གང་ལ་མི་ཕྱེད་དད་འདུན་ཅན་རྨོངས་རྟུལ་སེར་ཏྲེ་ སངས་རྒྱས་རྒྱ་མཚོས་སྦྱར་བའོ།། །།
ཁྱེད་ཀྱིས།
ཀླུ་སྒྲུབ་བློ་བཟང་ཟླ་ཉི་སླར། །
ལྷན་དུ་འཆར་རམ་འཕྱང་མོ་ཉུག །
ངས་ནི།
ཀླུ་སྒྲུབ་བློ་བཟང་མཉམ་བརྩེགས་ཀྱང་། །
༸བསྟན་འཛིན་རྒྱ་མཚོར་མགྲན་མི་ནུས། །
ཡག་པོ་རེད་ཤེས་ནས་དད་བ་ཐོབ་པའི་བསྟོད་རང་རེད།
རྗེས་སུ་ཡི་རིང་ཡོད།
ཡག་པོ་ཞེ་དྲག་རེད་ཤེས་ནས་ཐོབ་པའི་དད་བ་ཡི་ཀུན་ནས་སླང་བའི་བསྟོད་བ་རང་རེད།
རྗེས་སུ་ཡི་རིང་ཞུ།།
མཛད་པ་ཀུན་ལས་གསུང་གི་ནི། །
མཛད་པ་མཆོག་ཡིན། གསུང་པར་ལྟར།
མཛད་པ་ཀུན་ལས་གསུང་གི་ནི། །
མཛད་པ་མཆོག་ཡིན། ཞེས་གསུང་པ་ལྟར་མཐོང།
རྟོགས་པས་བཏགས་པ་མ་ཡིན་པའི།།
དོན་གནད་བསྟོད་པའི་སྙན་ངག་འདི།།
བློ་དམན་བདག་གིས་ཀློག་ན་ཡང།།
ཡིད་ལ་དད་པའི་སྤུ་ལོངས་རྒྱས།།