ཨེ་མ་ཧོ།
༧ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སམ་ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་དཔལ་བཟང་པོའི་བསྟོད་གསོལ་མགུལ་རྒྱན་རིན་པོ་ཆེ་ཞེས་བྱ་བ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཤཱི་ལ་མ་ཏི་ཡེ།
རྒྱལ་ཀུན་སྤྱི་གཟུགས་པད་འབྱུང་དགོངས་བརྒྱུད་མ་ལུས་ཐུགས་ལ་བཀྲ་ལམ་མེ།།
མདོ་སྔགས་བསྟན་བདག་ཞི་འཚོའི་སྲོལ་རྒྱུན་འཚེ་མེད་དགེ་ཚོགས་ཤིས་ལྷང་ངེ་།།
བསྟན་སྲིད་རིག་པའི་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་རྒྱལ་ཚབ་བདེ་ཆེམས་སེ།།
ཀུན་འདུས་ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་གངས་ཅན་རྒྱན་དུ་ལེགས་ཕེབས་སོ།།
ལྟ་བ་སྤྲོས་བྲལ་ཀ་དག་ཆེན་པོ་དགོངས་པའི་ཀློང་ནས་གཏེར་བཞེས་མཛད།།
སྒོམ་པ་མཁྱེན་བརྩེ་ལྷུན་གྲུབ་ཐོད་རྒལ་གངས་རིའི་མགུལ་ནས་ཉམས་སུ་བླངས།།
སྤྱོད་པ་རྒྱལ་སྲས་ཕྲིན་ལས་རབ་འབྱམས་བསིལ་ལྡན་དཔལ་དུ་བཞུགས་པའི་མགོན།།
འབྲས་བུ་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ཚུལ་ཁྲིམས་བློ་གྲོས་ཡང་ཡང་དྲན།།
དྲི་མེད་འོད་ཟེར་སྙིང་ཐིག་བསྟན་པ་འཇིག་རྟེན་ཁམས་སུ་སྤེལ་བའི་རྗེ།།
ཀུན་མཁྱེན་ཡབ་སྲས་བརྒྱུད་པར་བཅས་ལ་མི་ཕྱེད་དད་པས་གསོལ་བ་འདེབས།།
རྫོགས་པ་ཆེན་པོའི་གཉུག་མའི་ཡེ་ཤེས་འགྲོ་ཀུན་རྒྱུད་ལ་ལེགས་འཁྲུངས་པའི།།
བྱིན་རླབས་དངོས་གྲུབ་དཔལ་ཡོན་མ་ལུས་ད་ལྟ་ཉིད་ལ་སྩོལ་བར་མཛོད།།
ཅེས་པ་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་རྒྱལ་བ་གཉིས་པར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་འདས་མཆོད་སྐབས་སུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་གང་དྲན་དུ་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གསོལ་བ་འདེབས་པར་དགེའོ།།
ཨེ་མ་ཧོ་ལགས། འདིར་དྭོགས་འདྲི་ཞིག་ཡོད།
“ལྟ་བ་སྤྲོས་བྲལ་ཀ་དག་ཆེན་པོ་དགོངས་པའི་ཀློང་ནས་གཏེར་བཞེས་མཛད།།”ཅེས་པར། སྤྲོས་བྲལ་དང་ཀ་དག་གཉིས་དཔེ་དང་དཔེ་ཅན་ལ་མི་འགྲོ་ལ། བཟློས་པའི་སྐྱོན་ཞུགས་སྙམ། དེ་བཞིན་ཀ་དག་ཆེན་པོ་ཞེས་པར། ཀ་དག་ཆུང་ངུ་ཞིག་ཡོད་པ་ཞར་ལ་གོ་བས། འདི་འཇུག་པ་མི་བདེ་བར་འདུག དེ་བཞིན་དགོངས་པའི་ཀློང་ནས་གཏེར་བཞེས་མཛད་ཅེས་པར་བསམ་བློ་ཞིབ་མོ་བཏང་ན་འགལ་འདུ་མང་པོ་འཕྲད་བཞིན་འདུག་པས་བགྲོ་གླེང་གི་ཚུལ་དུ་སྔོན་བསུ་བའོ།
“རྫོགས་པ་ཆེན་པོའི་གཉུག་མའི་ཡེ་ཤེས་འགྲོ་ཀུན་རྒྱུད་ལ་ལེགས་འཁྲུངས་པའི།།”ཞེས་པར་རྫོགས་པ་ཆེན་མོའི་གཉུག་མའི་ཡེ་ཤེས་དང་ཕྱག་རྒྱ་ཆེན་པོའི་གཉུག་མའི་ཡེ་ཤེས་ལ་ཁྱད་པར་ཡོད་དམ། ད་ཞིབ་པར་བསམ་ན། གཉུག་མའི་ཡེ་ཤེས་ལ་དབྱེ་བ་ཇི་ལྟར་འབྱེད་དམ།
ཐུགས་རྗེ་ཆེ།