འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་༧སྐྱབས་མགོན་ཡིན་བཞིན་ནོར་བུ་མཆོག་ལ་བསྟོད་པ་པདྨ་དཀར་པོ།
—–སྐུའི་འཁྲུངས་སྐར་ལ་ཕུལ།
སྣ་ཚོགས་རང་གྲོལ།
ཀུན་ཉོན་འཁོར་བའི་རྩ་བ་གཏོར་ཏེ་སྲིད་ཞི་གཉིས་ཀྱི་མཐའ་ལས་འདས།།
འཚེ་བ་མེད་པའི་དམ་ཆོས་ཉི་མའི་འོད་ཟེར་གདུལ་བྱའི་ཁམས་སུ་སྤྲོ།།
དོན་གཉིས་མཐར་སོན་ཤཱཀྱའི་རིགས་འཁྲུངས་ཀུན་མཁྱེན་ཉི་མའི་གཉེན་གྱི་ལྷར།།
སོར་བཅུའི་འདབ་མ་སྙིང་གར་སྦྱར་ཏེ་གསོལ་བ་འདེབས་སོ་བྱིན་གྱིས་རློབས།།
འཛམ་གླིང་ས་ཡི་ཡང་ཐོག་བོད་ཀྱི་ནོར་འཛིན་སྒེག་མོའི་སྨད་ཕྱོགས་ན།།
ས་ཡ་དྲུག་གི་འོད་མདངས་འཕྲོ་ས་སྟག་འཚེར་ཞེས་བྱའི་གྲོང་ཚོ་དེར།།
རྟགས་དང་རྟེན་འབྲེལ་ངོ་མཚར་དུ་མས་ཐོག་མར་བལྟམས་པའི་ཁྱེ་འུ་གང་།།
ལྷ་མོ་དོན་གྲུབ་མཚན་སྙན་འཆང་བ་ཁྱེད་ཉིད་གངས་རིའི་དཔལ་དུ་བྱོན།།
དབུས་ཕྱོགས་ལྷ་ལྡན་ཆོས་ཀྱི་ཞིང་ས་གྲུ་འཛིན་རི་བོའི་ཕོ་བྲང་དུ།།
ཞབས་ཀྱི་ཁ་ལོ་བསྒྱུར་བ་དེ་ནས་གངས་ཅན་འགྲོ་བའི་མགོན་པོར་གསོལ།།
ཞུམ་པ་མེད་པའི་ཐུགས་བསྐྱེད་གོ་ཆས་ཆོས་སྲིད་གཉིས་ཀྱི་ཁྲི་ལ་བཞེངས།།
གངས་ཅན་བོད་མིའི་འདི་ཕྱི་གཉིས་ཀྱི་རེ་བའི་སྐྱབས་གནས་ཁྱེད་ལ་བཅོལ།།
གཡོ་སྒྱུ་ཁྲམ་གསུམ་ལས་ལ་གོམས་པའི་ཤར་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་དེས།།
ཞི་དྲག་གཉིས་ཀྱི་བཙན་ཧམ་ཆེན་པོས་བོད་ཁམས་ཡོངས་རྫོགས་མིད་ན་ཡང་།།
གངས་རིའི་བླ་སྲོག་ཆོས་སྲིད་རིག་གཞུང་མི་ཉམས་ཡུན་དུ་བརྟན་པའི་སླད།།
རྒྱ་གར་འཕགས་པའི་ཡུལ་གྲུ་ཆེན་མོར་ཞབས་ཀྱི་ཁ་ལོ་སླར་ཡང་བསྒྱུར།།
ཆོས་སྲིད་རིག་གཞུང་མེ་ཏོག་འཚེར་ས་ཤེས་རིག་ལྡུམ་ར་གསར་དུ་བསྐྲུན།།
མ་འོངས་བོད་ཀྱི་རེ་བ་བཅོལ་ས་ན་གཞོན་མང་པོ་གསོ་སྐྱོང་མཛད།།
ཡང་དག་དམངས་གཙོའི་རིང་ལུགས་གསར་པའི་ལམ་སྟོན་དེད་དཔོན་ཆེན་པོ་སྟེ།།
གངས་ཅན་པ་ཡི་དཔྲལ་བའི་མིག་གཅིག་མགོན་པོ་ཁྱེད་ལས་གཞན་སུ་ཞིག །
དངོས་པོའི་ཡར་རྒྱས་དགུང་ལ་རེག་པའི་ཤར་ནུབ་ཡུལ་གྲུ་དུ་མ་ན།།
ཕྱི་རོལ་ཞིག་ནས་བདེ་སྐྱིད་འཚོལ་གྱིན་སྡུག་གི་ཁུར་པོ་བརྩེག་ས་ན།།
རེ་ཐག་ཆད་པའི་གྲངས་མེད་གདུལ་བྱར་སེམས་ཀྱི་བདེ་སྐྱིད་སྐྲུན་པའི་ཐབས།།
ཡང་དག་རིིགས་པས་ལམ་སྟོན་མཛད་པར་ཀུན་གྱིས་བསྔགས་བརྫོད་མེ་ཏོག་འཐོར།།
གནའ་དེང་རིག་པའི་གཞུང་ལུགས་མ་ལུས་ཐོགས་མེད་འཆད་ལ་སྤོབས་པ་དགེ །
ཕ་རོལ་རྒོལ་བའི་ལོག་རྟོག་འཇོམས་ལ་ལུང་རིགས་རྩོད་པའི་རྡོ་རྗེ་སྲ།།
གདུལ་བྱའི་བློ་མུན་སེལ་བར་མཛད་པའི་གསུང་རྩོམ་གངས་རིའི་གཏོས་ལ་འགྲན།།
ངེས་དོན་མཁས་པའི་མཚན་སྙན་གྲགས་པ་གླིང་བཞིའི་གོ་ལ་ཡོངས་སུ་ཁེངས།།
ཕྱི་རོལ་དངོས་པོའི་གནས་ལུགས་འཚོལ་བའི་ཚན་རྩལ་རིག་པའི་གཞུང་ལུགས་དང་།།
ནང་སེམས་ཚོར་བའི་རྒྱུ་རྐྱེན་སྨྲ་བའི་ནང་བསྟན་རིག་པའི་གཞུང་ལུགས་གཉིས།།
གཅིག་ཕན་གཅིག་གྲོགས་ཟུང་འབྲེལ་སྟོན་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་སྟེ།།
སྔར་མེད་ལེགས་བཤད་འོད་ཟེར་སྟོང་གིས་ལུས་ཅན་འགྲོ་བའི་མུན་པ་སེལ།།
ཕྱོགས་རིས་ཆགས་སྡང་ཟབ་ས་དེ་ནས་མཐུན་སྒྲིལ་ལག་གདང་མཉམ་པོར་སྦྲེལ།།
མགོན་སྐྱབས་མེད་པའི་མུན་ཁུང་དེ་ནས་བྱམས་བརྩེའི་འོད་སྣང་སྒྲོན་མེ་སྤར།།
དྲག་པོའི་འཇིགས་སྣང་བསྐུལ་ས་དེ་ནས་ཞི་བདེ་ཉི་མའི་འོད་ཟེར་བཀྱེ།།
ཨེ་མ་ཁྱེད་ནི་རྩོད་པ་མེད་པའི་ཞི་བདེའི་དེད་དཔོན་ཆེན་པོ་ཉིད།།
སྟོབས་ཆེན་ཡུལ་གྱི་ཆེ་དགུའི་མི་སྣ་ཁྱེད་ཀྱི་མདུན་ན་ཐལ་མོ་སྦྱོར།།
ཆེན་པོར་རློམ་པའི་ཆོས་སྲིད་བདག་པོ་ཁྱེད་ཀྱི་དྲུང་དུ་པུས་མོ་བཙུགས།།
འགྲན་གྱི་ཟླ་མེད་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་གང་ཉིད་།།
ཕྱི་ལུགས་དགུང་གྲངས་དོནབརྒྱད་ཕེབས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།།