ཐེ་བོ་དཀོན་མཆོག་ཤེས་རབ་ནས།
ཉེ་ ཆར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་མགོན་པོ་གང་ཉིད་ཀྱི་བསྟོད་པ་བདེན་དེན་གསལ་བའི་ཉིན་བྱེད་ཅེས་པ་ཞིག་དྲ་གྲོགས་རྣམ་པའི་སྤྱན་ལམ་དུ་ བསྟར་ཟིན་མོད། རྩོམ་ཡིག་དེའི་མཆན་འགྲེལ་གྱི་ཚུལ་དུ་འདིར་རང་མཆན་ཕྱོགས་སྟོན་འཁོར་ལོ་ཞེས་པ་འདི་འབུལ་ལམ་ཞུས་པ་ལགས།
ན་མོསམུདྲགུརུབྷྱ།
ངོ་མཚར་བྱམས་བརྩེ་པདྨའི་འཛུམ་དཀར་གྱིས།།
མ་ལུས་འགྲོ་བའི་བརྟན་པ་ཡོངས་འཕྲོགས་པས།།
ཆེ་དགུ་ཀུན་ཀྱི་གཙུག་ན་མངོན་མཆོད་པ།།
༧སྐྱབས་མགོན་༧རྒྱལ་བའི་དབང་བོར་ལན་བརྒྱར་འདུད།།
བསྟན་བཅོས་ཀྱི་མཚན་ལ་བསྟོད་པ་བདེན་དོན་གསལ་བའི་ཉིན་བྱེད་ཅེས་པ་ནི་མཛད་རྣམ་དངོས་ལ་སྒྲོ་སྐུར་དང་བྲལ་བ་སོགས་བསྟན་ཏོ། །རྒྱ་སྐད་ཀྱི་མཆོད་བརྗོད་ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། ཞེས་པས་ནི་
མགོན་པོ་གང་ཉིད་རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དངོས་ཡིན་པ་སོགས་བསྟན་ཏོ། །གང་ཞིག་སོགས་ཤོ་ལོ་ཀ་གཅིག་གིས་ནི་གཞུང་འདིའི་མཆོད་པར་བརྗོད་པ་བསྟན་ཏེ། ཀ་མ་ལ་ཤཱི་ལའི་སྒོམ་རིམ་དུ་དྲངས་པའི་མདོའི་ཚིག་སྣ་བསྡུས་པ་ཡིན་ལ། དཔལ་ལྡན་ཟླ་བའི་དབུ་མ་ལ་འཇུག་པའི་མཆོད་བརྗོད་སོགས་དང་ཕྱོགས་མཐུན་ཞིང་། བརྗོད་བྱ་ཤིན་ཏུ་རྒྱ་ཆེན་པོ་དང་ལྡན་ནོ། །གང་གི་རང་མདངས་སོགས་ཤོ་ལོ་ཀ་གཅིག་གིས་ནི་བསྟན་བཅོས་ཀྱི་ལུས་མདོར་བསྟན་པ་སྟེ། ༧རྒྱལ་བའི་དབང་པོ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་རྣམ་པར་རོལ་བ་ཁོ་ནར་སྟོན་ཞིང་། དཔག་བསམ་གྱི་ལྗོན་ཤིང་རིན་པོ་ཆེ་དང་ཆོས་མཚུངས་པའི་སྒོ་ནས་འོག་གི་བསྟན་དོན་མཐའ་དག་མཚོན་པར་བྱེད་དོ། །ཡིད་འོང་སོགས་ཀྱི་ཚིགས་བཅད་གཅིག་གིས་སྐུ་བལྟམས་པ་དང་ཡང་སྲིད་ངོས་འཛིན་སོགས་བསྟན་པ་སྟེ། བཀའ་གདམས་གླེགས་བམ་ལས། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །ཞེས་གསུངས་པ་སོགས་ཀྱི་དགོངས་པ་དང་སྦྱར་ཏེ་བཤད་པ་ཡིན་ནོ། །མདོ་སྔགས་གཞུང་ལུགས་སོགས་ཤོ་ལོ་ཀ་གཉིས་ཀྱིས་འཕགས་བོད་ཀྱི་མདོ་སྔགས་གཞུང་ལུགས་རྒྱ་
མཚོ་ལྟ་བུ་སྤྱི་དང་། བྱེ་བྲག་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་སོ་སོའི་ཐུན་མིན་བཞེད་རྒྱུན་ཕྲ་མོ་ཚུན་ལའང་གསན་བསམ་སྒོམ་གསུམ་གྱིས་ཐུགས་སུ་ཆུད་པར་མཛད་ཅིང་། ཐུགས་ཉམས་སུ་བཞེས་པས་སོ་སོའི་གཞུང་ནས་བཤད་པ་ལྟར་ཉམས་རྟོགས་མཐར་ཕྱིན་པ་འཁྲུངས་ཏེ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོར་བཞེངས་པའི་ཚུལ་ལས་བརྩམས་པའི་བསྟོད་པའོ། །དེ་ལྟར་དམ་པའི་ཚུལ་དགུ་སོགས་ཤོ་ལོ་ཀ་གཅིག་གིས་ནི་གསང་གསུམ་གྱི་ཡོན་ཏན་སྤྱི་དང་ཁྱད་པར་གསུང་གི་ཡོན་ཏན་ལ་བསྟོད་པ་སྟེ། དེ་ཡང་ཐོས་བསམ་སྒོམ་གསུམ།
མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་བཅས་དམ་པའི་ཚུལ་དགུར་གྲགས་པའི་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་པ་མངའ་ཞིང། ཁྱད་པར་དུ་འཛམ་གླིང་ཡུལ་གྲུ་གང་སར་མདོ་སྔགས་ཀྱིས་བསྡུས་པའི་ཆོས་ཀྱི་ཆར་ཕབ་པས། ཐུབ་པའི་བསྟན་པ་རིན་པོ་ཆེ་སྔར་རྣ་བར་ཐོས་མ་མྱོང་བའི་ཡོ་རོབ་དང་ཨ་མེ་རི་ཀའི་གླིང་ཆེན་སོགས་སུའང་དབྱར་གྱི་ཆུ་གཏེར་རྒྱས་པ་བཞིན་དུ་དར་ཁྱབ་བྱུང་བ་སོགས་ཀྱི་མཛད་པ་ལ་བསྟོད་པའོ། །ཟབ་ཡངས་སོགས་ཚིགས་བཅད་གཅིག་གིས་ལུགས་ཟུང་གསེར་གྱི་འཁོར་ལོ་ཕྱག་ཏུ་བཞེས་པའི་ཚུལ་བསྟན་ཏེ། དེ་ཡང་མགོན་པོ་གང་གི་ཐབས་མཁས་ཀྱི་མཛད་པ་མཐའ་དག་ནི་འཁོར་ལོ་རིན་པོ་ཆེའི་རྩིབས་དང་ཆོས་མཐུན་པར་སྦྱར་ལ། དེ་དག་མཁྱེན་པ་དང་བརྩེ་བའི་རྒྱ་ལས་ནམ་ཡང་འགོངས་པ་མེད་པའི་ཕྱིར་མུ་ཁྱུད་དང་ཆོས་མཚུངས་པ་སྟེ། གཞན་དག་གོ་བར་ཟད་དོ། །དེ་ནས་ཤོ་ལོ་ཀ་གཅིག་གིས་ལུགས་གཉིས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་དང་དེ་དག་སྒྲུབ་བྱེད་ལུང་རིགས་དང་བཅས་པ་ནི་༧རྒྱལ་དབང་མཆོག་གི་གསུང་རབ་རིན་པོ་ཆེའི་ནང་དུ་ཤིན་ཏུ་གསལ་བར་བསྟན་ཏོ། །དེ་ནས་ཤོ་ལོ་ཀ་གཅིག་གིས་ཆོས་སྲིད་ཟུང་འབྲེལ་བསྟན་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱི་གསུང་རབ་རིན་པོ་ཆེ་རྣམས་སུ་རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་ཚུལ་མང་དུ་གསུངས་པ་དེ་དག་དོན་དངོས་ཐོག་ཆོས་སྲིད་ཟུང་འབྲེལ་རིག་པ་ཡིན་ལ། མདོ་སྡེ་ལང་ཀར་གཤེགས་པར་ཐེག་པའི་ཚུལ་མང་དུ་གསུངས་པའི་ནང་འདི་ལ་ལྷ་མིའི་ཐེག་པ་ཞེས་གསུངས་ཤིང་།
ཀླུ་སྒྲུབ་ཞབས་ཀྱིས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པའང་གམ་ན་འདུག །ཅེས་སོགས་རྒྱ་ཆེར་གསུངས་པའི་དགོངས་པ་ལྟར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་སོགས་ཀྱིས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་པ་ཡིན་ལ། མགོན་པོ་གང་གི་གསུང་རབ་རིན་པོ་ཆེ་རྣམས་སུ་ཡང་ཆོས་སྲིད་གཉིས་ཟུང་འབྲེལ་དགོས་པའི་ཚུལ་ལུང་རིགས་ཤིན་ཏུ་མང་པོས་རྒྱས་པར་གསུངས་སོ། །དེ་ནས་ཚིགས་སུ་བཅད་པ་གསུམ་གྱིས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཡང་དག་པའི་མང་གཙོའི་རིང་ལུགས་ནི་འདིའི་མན་ངག་ཁོ་ན་ལ་རག་
ལས་པ་དང་། འདིས་རང་ཉིད་ཀྱི་མི་མང་རྣམས་དེ་ལ་རིམ་ལ་རིམ་གྱིས་བཀོད་པ་དང་། རང་དང་གཞན་གྱི་མང་གཙོའི་ཁྱད་པར་བཅས་བསྟན་ཏོ། །དེ་ནས་ཤོ་ལོ་ཀ་གཅིག་གིས་ཕྱི་ནང་ལྟ་གྲུབ་ལ་མཁས་པའི་ཁྱད་པར་བསྟན་ཏེ། ཕྱི་བའི་ཁོངས་སུ་དེང་དུས་ཡོངས་སུ་གྲགས་པའི་ཡི་ཤུ་དང་། མུ་སི་ལིམ་དང་། ཚན་རིག་བཅས་ཀྱང་བསྡུས་སོ། །དེ་ནས་ཤོ་ལོ་ཀ་གཅིག་གིས་སངས་རྒྱས་པའི་ཆོས་ལུགས་དང་ཚན་རིག་གཉིས་ཀྱི་འབྲེལ་བ་སྟོན་པའི་གསུང་གིཁྱད་པར་ལ་བསྟོད་པ་སྟེ། དེ་ཡང་སྔོན་གྱི་ཚན་རིག་པ་མཁས་པར་གྲགས་པ་ཕལ་མོ་ཆེས་ཆོས་ལུགས་ནི་རང་ཉིད་ཀྱི་དཔྱད་བྱའི་ཡུལ་དུ་མི་འདོད་ཅིང་། ཡང་འགའ་ཞིག་གིས་ཆོས་ལུགས་ནི་རྫུན་གྱི་གོང་བུར་བསམས་ཏེ་དགག་པ་རྒྱག་མཁན་ཡང་ཡོད་མོད། ༧གོང་ས་༧རྒྱལ་བའི་དབང་བོས་ལེགས་པར་གསུངས་པའི་སངས་རྒྱས་པའི་རྟེན་འབྱུང་ཟབ་མོའི་རིགས་ལམ་དང་། སེམས་ཁམས་རིག་པའི་ཚུལ་ལ་བརྟེན་ནས་དེང་སང་ཚན་རིག་མཁས་པ་ཕལ་མོ་ཆེས་ནང་ཆོས་ནི་ཚན་རིག་དང་མཐུན་པར་ཁས་ལེན་པ་མ་ཟད། ད་དུང་ཚན་རིག་པ་མང་པོས་ནང་ཆོས་ནི་ཤར་ཕྱོགས་ཀྱི་ཚན་རིག་རེད་ཅེས་ཀྱང་བཤད་དེ། དེ་ནི་མགོན་པོ་གང་གི་ལེགས་པར་གསུངས་པ་ཁོ་ན་ལ་ལྟོས་པ་ཡིནནོ། །དེ་ནས་སྣ་ཚོགས་ཆོས་ལུགས་སོགས་ཤོ་ལོ་ཀ་གཅིག་གིས་ཆོས་ལུགས་མཐུན་ལམ་གྱི་མཛད་པ་ལ་བསྔགས་ཏེ་ཚིག་ཉིད་ཀྱིས་ཆེས་གསལ་ལོ། །དེ་ནས་ཀུན་སྙོམས་སོགས་ཤོ་ལོ་ཀ་གཅིག་གིས་བྱམས་བརྩེའི་མཛད་འཕྲིན་འགྲོ་བ་ཀུན་ལ་སྙོམས་པས། འཇིག་རྟེན་འདིར་ཀུན་ཀྱིས་གཙུག་གི་ནོར་བུ་ལྟར་བཀུར་བའི་ཚུལ་ལ་བསྟོད་པའོ། །དེ་ནས་ཚིགས་སུ་བཅད་པ་གསུམ་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཛད་པ་ལས་བརྩམས་པའི་བསྟོད་པ་སྟེ། འདིར་ཡུམ་ནི་ས་གཞི་ཆེན་པོ་ལ་གོ་བར་བྱ་ཞིང་། དེ་བཞིན་དུ་ཀུན་བཟོད་མ་དང་ནོར་འཛིན་མ་ཡང་དེའི་མངོན་བརྗོད་དེ། དོན་ཆེན་པོ་ཅན་ཡིན་ནོ། །འཇིག་རྟེན་དཀའ་རྙོག་ཇི་སྙེད་པ་སོགས་ཚིགས་སུ་བཅད་པ་གསུམ་གྱིས་མགོན་པོ་གང་གི་འཚེ་མེད་ཞི་བའི་རྣམ་པར་ཐར་པ་ལས་བརྩམས་པའི་བསྟོད་པ་སྟེ། ཤིན་ཏུ་རྒྱ་ཆེའོ། །དེ་ནས་ཤོ་ལོ་ཀ་གཅིག་གིས་འཇིག་རྟེན་ན་ཆེ་དགུ་མཐའ་དག་གིས་གཟེངས་བསྟོད་སྣ་ཚོགས་པ་ཕུལ་དང་འབུལ་བཞིན་པས་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་བའི་ཚུལ་ལ་བསྟོད་པའོ། །མཁྱེན་རབ་སྤྲིན་གྱི་རྒྱ་མཚོ་སོགས་ཤོ་ལོ་ཀ་གཅིག་གིས་སླར་ཡང་བཀའ་དྲིན་དྲན་པའི་སྒོ་ནས་བསྟོད་ཅིང་། འདིའི་ནང་དུ་ཏཱ་ལའི་བླ་མ་སྟེ་རྒྱ་མཚོའི་བླ་མ་ཞེས་པའི་མཚན་གསལ་བར་བྱས་པའོ། ། དེ་ནས་གང་སྐུ་སོགས་ཤོ་ལོ་ཀ་གཅིག་གིས་ནི་སླར་ཡང་དོན་བསྡུས་ཏེ་བསྟོད་པའོ། །དེ་ནས་ཤོ་ལོ་ཀ་གཉིས་ཀྱིས་དེ་ལྟར་བསྟོད་པའི་དགེ་བ་བསྔོ་བའོ། །མགོན་པོ་གང་གི་སོགས་ཤོ་ལོ་ཀ་གཅིག་གིས་གཉེར་དུ་གཏད་པའོ། །
སླར་སྨྲས་པ། གསང་གསུམ་དཔལ་ཡོན་མཁའ་ཡི་རྗེས་སོང་ཕྱིར།།
བདག་བློའི་བྱེའུའི་རྩལ་གྱིས་ག་ལ་ཞིག།།
དེ་ལྟར་ན་ཡང་བསོད་ནམས་རྫིང་བུའི་ངོགས། །
བརྒྱན་སླད་བསྟོད་བསྔགས་མེ་ཏོག་ཕྲེང་བ་སྤེལ། །
འདི་ལས་འོང་བའི་རྣམ་དཀར་ཇི་མཆིས་དེས། །
ཚེ་རབས་ཕྲེང་བར་གངས་ཅན་མགོན་པོ་ཡི། །
ཞབས་ཀྱི་ཆུ་སྐྱེས་རྟག་ཏུ་གུས་བསྟེན་ནས། །
ཁྱོད་གསུང་སྒྲུབ་པ་སྙིང་བོར་བྱེད་པར་ཤོག །ཅེས་བསྟོད་པ་དོན་ལྡན་མའི་རང་མཆན་ཕྱོགས་སྟོན་འཁོར་ལོ་ཞེས་བྱ་བ་འདི་ཡང་རྩ་བའི་ནང་དོན་མཚོན་པའི་ཆེད་དུ་བསམས་ཏེ། བོད་ལྕགས་ཡོས་ལོའི་༧རྒྱལ་བའི་དབང་བོའི་བླ་གཟའ་དང་འཁྲུངས་འཁེལ་བ་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་སྦྱར་བ་དགེའོ།།
བསྟོད་པ་བདེན་དོན་གསལ་བའི་ཉིན་བྱེད། ཅེས་པ་ཐེ་བོ་དཀོན་མཆོག་ཤེས་རབ་མཆོག་གིས་མཛད་པ་དེ་ད་ལྟ་མི་དྲན། མཆན་འགྲེལ་འགྲེལ་འདི་ཤིན་ཏུ་ལེགས། ཡི་གེ་འགའ་ཞིག་ལ་མཐའ་དཔྱད་ཞུ་བ་འདི་ལྟ་སྟེ།
ན་མོསམུདྲགུརུན་མས་ཞེས་པ་སྡེ་པའི་ཡི་གེ་གསུམ་པ་བཞི་པ་དག་དང་ཤ་དང་ས་སོགས་རྗེས་སུ་ཡོད་ན། རྣམ་བཅད་མེད་པར་ཨ་ཡིག་ཨོ་རུ་འགྱུར་བ་མེད་པས། ན་མས་དང་བྷྱ་ལ་རྣམ་བཅད་སྦྱར་ན་དག ཕྱི་བ་ཞེས་བདག་སྒྲ་ཡིན་པས་ཕྱི་པ་ཞེས་དག་པར་སེམས་ཤིང་སི་ཏུའི་དགོངས་པ་དེ་དང་ལ་དྭགས་ལུང་ཁུག་ཏུ་སྔོན་གྱི་འདོན་ཚུལ་ལུས་ཡོད་པ་དང་མཐུན། ཁས་ལེན་པ་མ་ཟད། ཞེས་པར་ལེན་པར་མ་ཟད་ཅེ་ན་སྔར་ཡོད་ཡིག་སྐད་དང་མི་འགལ། ་ཕྲེང་བ་ཞེས་པ་དང་འཕྲེང་བ་ཞེས་གཉིས་ཀ་གཞུང་དཔེ་དག་ན་གསལ་བས་ཡོད་པ་གཙོ་བོར་བཟུང་སྟེ། འཕྲེང་བ་ཞེས་དག་པར་སེམས། འབྲེལ་བ་ཞེས་བྱ་ཚིག་དང་། འབྲེལ་པ་ཞེས་མིང་ཚིག་ཏུ་ངོས་གཟུང་ན་གཞུང་དཔེ་དག་ན་གསལ་བ་དང་རྗེས་སུ་འབྲངས་་པ་ཡིན་བསམ་མོ།།
བཀུར་འོས་རྒན་ལགས་ནས།
ཉེ་ཆར་ཕྱག་རྩོམ་གནང་བའི་༧གོང་ས་མཆོག་གི་བསྟོད་པ་འདི་འདྲ་ཞིག་དེ་སྔར་དྲ་རྒྱ་འདིའི་ནང་ལ་སླེབས་མྱོང་མེད་པ་འདི་ལྟར་ཡང་། དྲ་གྲོགས་གང་མང་ཞིག་གིས་འདིའི་ཚིག་དོན་རེ་རེའི་བསྟན་དོན་དང་ཚིག་གི་སྙན་ཆ་འདོན་སྟངས་བཅས་ཧ་མ་གོ་བ་ཡིན་ནམ་གང་ལྟར་ཡང་། ལེགས་ཉེས་ཀྱི་མཆན་སྤེལ་གནང་མཁན་ཉུང་ངུ་ཞིག་ལས་མ་བྱུང་བ་འདིས། ད་དུང་དྲ་རྒྱ་འདིའི་ནང་ན་སྙན་ངག་ངོ་མའི་བྲོ་བ་མྱོང་མཁན་ངོ་མ་ཞིག་མེད་པ་སོང་བ་ཡིན་ནམ། གང་ལྟར་ཡང་ད་རེས་གང་ཉིད་ནས་གཞན་ཕན་གྱི་ལྷག་བསམ་ཆེར་བསྐྱེད་ཀྱིས་་ཚིག་བཅད་རེ་རེའི་བསྟན་དོན་བཅས་གོ་བདེ་མཛད་གནང་བར་བཀའ་དྲིན་ཆེ་ཞེས་ཞུའོ།
གཞན་ཡང་་་་་རྒན་ལ་དྭགས་པས་ཚིག་ཁ་ཤས་ལ་དོན་དཔྱོད་མཛད་གནང་འདུག་པར་མི་ཆུང་ཁོ་བོའི་བློ་ངོར་འཐད་མིན་འགའ་ཡོད་ན་ཡང་། མཁས་པ་མཁས་པའི་དབུས་ན་མཛེས་་་གསུངས་བ་ལྟར་ཅི་ཡང་མི་ཤེས་པའི་ང་ལྟར་བས་ལན་འདེབས་མི་རུང་བར་མཐོང་ནས་རང་སོར་བཞག་ཡོད།
དོན་གྱི་སྙན་ངག་སྨྲ་བའི་ཕྱག་སོར་ལས། །
འཁྲུངས་པའི་སྙན་ཚིག་ཉི་གཞོན་གསར་བའི་ཟེར། །
དྲ་རྒྱ་པདྨའི་དགའ་ཚལ་ལ་འཕོས་པར། །
གཟུར་གནས་བུང་བའི་ཚོགས་དག་དགའ་བར་རིགས། །
འགྲེལ་སྟངས་འདི་ཚིག་འགྲེལ་རེད་དམ་དོན་འགྲེལ་རེད། ངས་བལྟས་ན་འདི་ལ་ཡང་འགྲེལ་ཞིག་དགོས་འདུག སྙན་ངག་གི་རྩོམ་ཞིག་ཡིན་ན། ཚིག་དོན་གྱི་འགྲེལ་བ་མ་ཟད་རྒྱན་ངོས་འཛིན་ལ་སོགས་པ་ཡང་དགོས་རྒྱུ་རེད་སྙམ།
འགྲེལ་སྟངས་འདིས་ཚིག་བཅད་རེ་རེའི་བསྟན་དོན་འདི་དང་འདི་རེད་ཅེས་དངོས་བཟུང་བྱས་འདུག་པ་ལས། ཚིག་གི་འགྲེལ་བ་དང་། དོན་གྱི་འགྲེལ་བར་སོང་འདུག་མིན་མི་ཤེས་ཀི་་་་་ཨ་ཁུ་ལེ་ལེ།