འཇམ་གཅེས།
རིགས་དྲུག་འགྲོ་བ་ཡོངས་ཀྱི་སེམས་ཁོང་གི་ནོར་བུ།།
ས་ཆེན་གོ་ལའི་སྟེང་གི་ལམ་སྟོན་གྱི་སྒྲོན་མེ།།
མགོ་ནག་བོད་པ་ཚང་གི་འདི་ཕྱི་ཡི་སྐྱབས་གནས།།
དགུང་གྲངས་བརྒྱད་ཅུར་ཕེབས་པའི་རྗེས་དྲན་འདི་རྨད་དོ།།
སྙིགས་དུས་འགྲོ་བ་སྤྱི་དང་མཐའ་འཁོབ་ཀྱི་གདུལ་བྱ།།
སངས་རྒྱས་གྲངས་མེད་བྱོན་རུང་མ་ཐུལ་པའི་སྐལ་དམན།།
འཁོར་བའི་འདམ་ལས་བསྒྲལ་ཞེས་སྔོན་ཚེ་ཡི་དམ་བཅའ།།
གཡོ་མེད་རྒྱལ་ཀུན་སྙིང་རྗེ་རང་གཟུགས་ཀྱི་མགོན་པོ།།
མཚན་དཔེའི་མྱུ་གུ་མདོ་སྨད་སྟག་འཚེར་དུ་བཞད་སྟེ།།
གསན་བསམ་དབུས་འགྱུར་ཆོས་ཀྱི་ཞིང་ས་རུ་མཛད་རྗེས།།
ཕྱི་ནང་གསང་བ་གསུམ་གྱི་རྨད་བྱུང་གི་མཛད་འཕྲིན།།
གླིང་བཞི་འཛིན་མའི་ཁྱོན་ལ་སྦྲང་ཆར་བཞིན་ཕབས་སོང་།།
གངས་ལྗོངས་ཆོས་སྲིད་ལུགས་གཉིས་ཀླ་ཀློ་ཡིས་བཅོམ་དུས།།
བསམ་བཞིན་ངུར་སྨྲིག་འཛིན་པའི་ངང་ཚུལ་དུ་སྤྲུལ་ནས།།
སྐྱོབ་མཛད་སྙིང་སྟོབས་ཆེན་པོ་ཁྱེད་ཉིད་ཀྱི་བཀའ་དྲིན།།
སྟོང་གསུམ་ནོར་གྱིས་བཀང་རུང་བསབ་ཐབས་ཤིག་མི་འདུག།
གཞོན་ནུའི་དུས་ནས་བགྲང་བྱ་བརྒྱད་ཅུ་ཡི་བར་དུ།།
སྐད་ཅིག་རེ་རེ་ལ་འང་བསྟན་འགྲོ་ཡི་བདེ་རྩར།།
བརྩེ་ཆེན་དབྱིངས་ལས་མ་དོར་བླང་དོར་གྱི་ལམ་བཟང་།།
སྟོན་མཛད་བསམ་འཕེལ་དབང་གི་རྒྱལ་པོ་ཁྱེད་བཀུར་རོ།།
ཡངས་པའི་ས་ཆེན་ཟླུམ་གཟུགས་གོ་ལ་འདིའི་ཁྱོན་དུ།།
ཞབས་ཟུང་གསེར་གྱི་འཁོར་ལོའི་མཚན་དཔེ་དང་བཅས་པ།།
བཀོད་ཙམ་ཉིད་ནས་སྣ་ཚོགས་བགྲང་ཡས་ཀྱི་གདུལ་བྱར།།
མོས་ངོར་འཚམས་པའི་ལེགས་བཤད་རྣ་རྒྱན་དུ་བཀོད་སོང་།།
བྱམས་བརྩེའི་སྤྱན་ཟུང་ཡངས་པོས་འགྲོ་ཀུན་ལ་གཟིགས་དུས།།
གཟུར་གནས་དྲན་དབང་ཀུན་གྱིས་སྒོ་གསུམ་གྱི་དབང་པོ།།
ཉིད་ལ་ཤོར་ཏེ་འཇིག་རྟེན་ཞི་བདེ་ཡི་དེད་དཔོན།།
མཚན་སྙན་བ་དན་དཀར་པོ་གོ་ལའི་རྩེར་འཕུར་སོང་།།
རྟེན་འབྱུང་ལྟ་གྲུབ་འཚེ་མེད་བྱང་སེམས་ཀྱི་མཛད་བཟང་།།
ཕྱི་ནང་ལྟ་གྲུབ་སྨྲ་བའི་མཁས་དབང་གི་དཀྱིལ་ནས།།
མི་འཇིགས་སྨྲ་བའི་མཆོག་གྱུར་རི་དྭགས་ཀྱི་རྒྱལ་པོ།།
མཉམ་མེད་སྟོན་མཆོག་གཉིས་པ་ཁྱེད་ཉིད་ལ་འདུད་དོ།།
སྲིད་འདིར་འགྲོ་བའི་སྡུག་བསྔལ་མ་ཟད་ཀྱི་བར་དུ།།
མགོན་པོ་ཁྱེད་ཀྱི་སྐུ་གསུང་ཐུགས་གསུམ་གྱི་མཛད་པ།།
སྐད་ཅིག་ཙམ་ཡང་རྒྱུན་མི་ཆད་པ་རུ་སྨོན་པས།།
འབྲས་བཟང་དམ་ལྡན་ཆོས་སྲུང་ཚོགས་རྣམས་ཀྱིས་སྐྱོངས་ཤིག།
འདི་ལྟར་བགྱིས་པའི་བསོད་ནམས་ཡེ་ཤེས་ཀྱི་འབྲས་བུས།།
བདག་གཞན་སྒོ་གསུམ་ལས་བྱུང་མི་འདོད་པའི་ཉེས་ཚོགས།།
ཞི་ནས་མར་གྱུར་འགྲོ་ཀུན་གཏན་བདེ་ཡི་གོ་འཕང་།།
འགོད་ནུས་ཁྱེད་ཉིད་ལྟ་བུའི་རྟེན་བཟང་ཞིག་སྨོན་ནོ།།
བསྟོད་ཚིག་སེམས་ཀྱི་ནོར་བུ་ཞེས་པ་འདི་བཞིན་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག དོན་གྱི་སླད་དུ་མཚན་ནས་སྨོས་ན་བདག་གི་མཁན་རིན་པོ་ཆེ་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་ཆེད་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་རྩོམ་བརྡ་གནང་དོན་བཞིན། བརྡ་དག་དང་ཚིག་སྦྱོར་ལེགས་མིན་ཇི་ལྟར་ཡང་༸མགོན་པོ་གང་ཉིད་ཀྱི་བཀའ་དྲིན་དྲན་པའི་སྒོ་ནས་མཚན་ཙམ་སྨོས་པར་ཡང་བསོད་ནམས་ཀྱི་རྒྱུར་འགྱུར་བར་བསམ་ནས་མདོ་ཁམས་འདན་ཆོས་འཁོར་དགོན་གྱི་བཙུན་གཟུགས་པ་འཇམ་གཅེས་ཀྱིས་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌི་ནས་བྲིས་པའོ།། །།