ཨོ་རྒྱན་ཉི་མ།
བོད་གངས་ཅན་པའི་ལུགས་གཉིས་ཀྱི་དེད་དཔོན་ཆེན་པོ་མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་གི་འཁྲུངས་སྐར་ལ་ཕུལ་བའི་བསྟོད་སྨོན་བཀྲ་ཤིས་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭཱ་སྟི།
ཕན་བདེ་འབྱུང་གནས་རྒྱལ་བསྟན་འོད་པོ་ཆེ།།
སྲིད་འདིར་འདྲེན་པའི་མཉམ་མེད་ཟས་གཙང་སྲས།།
གང་གི་རྗེས་འཇུག་གཞན་དོན་ཁུར་འཁྱེར་བའི།།
རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས་ལ་འདུད།།
སྡོམ་བརྩོན་དམ་པ་མཁན་ཆེན་ཞི་འཚོའི་ཞབས།།
གྲུབ་བརྒྱའི་གཙུག་ནོར་པཎ་ཆེན་དྲི་མེད་བཤེས།།
སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་།།
རྣམ་གསུམ་བྱང་ཆུབ་ཐོབ་ཀྱང་སྐྱབས་སུ་བསྙེན།།
བོད་ཀྱི་བཀའ་བབ་ཆོས་བརྒྱུད་ཆེན་པོ་བཞིའི།།
རིས་མེད་མཁས་གྲུབ་བྱེ་བའི་ཞབས་ཀྱི་རྡུལ།།
དད་གསུམ་སྙིང་དུ་སྡུག་པའི་ལྕང་ལོའི་རྩེར།།
དུས་རྣམས་ཀུན་དུ་འབྲལ་མེད་འཆང་ལ་བྲེལ།།
ངེས་འབྱུང་ཚུལ་ཁྲིམས་གཙང་མས་རྒྱུད་བསྡམས་ཤིང་།།
འདུལ་ལུང་སྡེ་བཞིའི་དགོངས་དོན་མ་ལུས་ཀུན།།
འཆད་རྩོད་རྩོམ་ལ་གཞན་དྲིང་མི་འཇོག་པའི།།
སློབ་དཔོན་ཁྱེད་ནི་ཡོན་ཏན་འོད་ལ་འགྲན།།
གཞལ་བྱ་ལྐོག་གྱུར་གཏན་ཚིག་གསུམ་གྱིས་བསྟན།།
མངོན་གྱུར་མངོན་སུམ་ཚད་མ་བཞི་ཡིས་གཟིགས།།
སྟོན་དང་བསྟན་པ་ཚད་གྲུབ་རིགས་པས་འཕུལ།།
ཆོས་ཀྱི་གྲགས་པ་ལྗོངས་འདིར་ཕེབས་དང་མཚུངས།།
ཕུང་ཁམས་སྐྱེ་མཆེད་ཕྱི་ནང་རྟེན་འབྲེལ་ཀུན།།
གནས་དང་གནས་མིན་རྒྱུ་རྐྱེན་འདུས་བྱས་དང་།།
འདུས་མ་བྱས་པའི་ཟག་བཅས་ཟག་པ་མེད།།
འཆད་ལ་མཁས་པར་དབྱིག་གཉེན་རྗེས་སུ་འགྲོ །
བདེན་གཉིས་ཟུང་འཇུག་མཁྱེན་པའི་བདག་ཉིད་མཆོག །
ཚོགས་གཉིས་ལམ་མཆོག་མ་ལུས་ཡོངས་སུ་རྫོགས།།
སྐུ་གཉིས་རྒྱལ་སར་གཤེགས་པའི་འགྲོ་བའི་མགོན།།
ཀླུ་སྒྲུབ་གཉིས་པ་ཁྱེད་མིན་སུ་ཞིག་མཆིས།།
ཤེས་བྱ་མཁྱེན་གསུམ་གཟིགས་པའི་སྤྱན་ཡངས་ཤིང་།།
ཉམས་ལེན་སྦྱོར་བཞིས་ཐུགས་རྒྱུད་ཡོངས་སུ་གཏམས།།
འབྲས་བུ་ཆོས་སྐུའི་དགོངས་པ་མངོན་གྱུར་པའི།།
སྐྱེས་མཆོག་ཁྱེད་ནི་འཕགས་པ་ཐོགས་མེད་དངོས།།
གཞི་ཡི་གནས་ལུགས་རིམ་གཉིས་རྫོང་ཆེན་ཟིན།།
ལམ་གྱི་བགྲོད་པ་རྩ་རླུང་ཐིགས་ལེ་དག།
འབྲས་བུ་བྱ་རྩོལ་ལས་འདས་རྫོགས་པ་ཆེར།།
དོན་གྱི་རྒྱལ་ས་ཟིན་པ་ཀློང་ཆེན་དངོས།།
དགེ་བཅུའི་ཁྲིམས་ཀྱིས་བོད་འབངས་བདེ་ལ་བཀོད།།
ཕྱོགས་མེད་དད་ལྡན་རིགས་པའི་འཕྲུལ་གྱིས་བསྡུས།།
མགོན་མེད་ད་ཕྲུག་ཀུན་གྱི་མགོན་པོ་ཉིད།།
སྲོང་བཙན་སྒམ་པོ་ཁྱེད་ལས་གཞན་མ་དམིགས།།
སྐྱེ་འགྲོ་དུང་ཕྱུར་ཚེ་སྲོག་འཕྲོག་ཟིན་ཅིང་།།
སྨན་དང་བཅོས་ཀའི་གཉེན་པོ་གཏན་དབེན་པའི།།
ནད་ངན་རག་དུག་སྲུང་བའི་ཐབས་ལམ་བསྐྲུན།།
གཡུ་ཐོག་ཡོན་ཏན་མགོན་པོ་ཁྱེད་ཉིད་ཙམ།།
མ་འོངས་སྐྱེ་འགྲོའི་ཚེ་སྲོག་འཚོ་ཕྱིར་དང་།།
ཁྱད་པར་བོད་འབངས་བདེ་སྐྱིད་སྙན་གསུམ་ཆེད།།
སྐུ་ཚེ་མི་འགྱུར་རྡོ་རྗེའི་ཆོས་སུ་བརྟན།།
རླབས་ཆེན་ཐུགས་ཀྱི་བཞེད་དོན་འགྲུབ་པར་ཤོག །
སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་ཤིང་ཀླུབས།།
གསུང་ལས་སྡེ་སྣོད་གསུམ་གྱི་སྒྲ་དབྱངས་སྒྲོག།
ཐུགས་ལ་བསླབ་པ་གསུམ་གྱི་ཡོན་ཏན་ཕྱུག།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཞབས་བརྟན་གསོལ།།
ཅེས་པ་འདི་ནི་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཉི་མ་འབོད་པས་དམ་པ་གང་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་བཅས་ཕུལ།
ཚུལ་ཁྲིམས་བློ་གྲོས་འདི་བ་ཚང་དང་བསོད་་དར་རྒྱས་འདི་གཉིས་ཀྱིས་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་དེང་གི་འགྲོ་བའི་ཁམས་དང་བསྟུན་ནས་དར་བ་མཛད་པ་ལ་མཁས་ཤིང་བརྩོན་པས་དེར་རྗེས་སུ་ཡི་རང་ཡོད། ཡིན་ན་ཡང་འཇིག་རྟེན་པའི་ཁྲིམས་ལ་བརྟེན་ནས་དམ་པ་ལྷ་ཆོས་དར་བར་བྱེད་པ་དེ་ཅུང་ཟད་ཐལ་དྲག་སྙམ། ལྷ་ཆོས་དར་གྱི་མདུད་པ་དང་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གི་དོན་ལ་གོ་འཛོལ་བྱུང་བ་ན་མི་འགྲིག
ཡོད་ཚད་རང་དབང་རེད། བཙན་གནོན་བྱེད་མཁན་སུ་གཅིག་ཀྱང་མེད་པ་རེད། གལ་སྲིད་དེ་ལྟར་འདོད་མཁན་ཡོད་ན་ལྐུགས་པ་རེད། ཧཧཧཧཧ
བོད་ཁ་བ་ཅན་གྱི་ཡུལ་ཕྱོགས་ནས།
བྱ་ཁུ་ལོ་རེ་གཉིས་ཨ་རིར་ཐོན།
བྱ་རྒྱལ་བོ་ཁྱུང་ལ་མི་དོ་རུང་།
སྐད་སྙན་མོ་གོ་ན་ཡིད་སེམས་སྐྱིད།
གནས་བླ་རུང་སྒེར་གྱི་དཀྱིལ་འཁོར་ནས།
ཁྱེད་དཔོན་སློབ་ཆ་བོས་བསྟན་པ་སྐྱོང་།
རྒྱའི་བློ་ཁ་ཆོས་ལ་བསྒྱུར་ན་བཟང་།
གདོང་དམར་བའི་ཤ་སྐལ་མ་གཅོད་རོགས།
མེད་མུ་གེའི་སྟེང་ལ་ཟླ་ལྷག་ལྟར།
བོད་མགོན་མེད་ལུས་པའི་སྐྱེས་འགྲོ་ཚོར།
ལྷ་དམ་པའི་ཆོས་ཀྱི་ཁ་གཡར་ནས།
དེར་མནར་གཅོད་མ་བྱེད་རེ་བ་ཡིན།
སྤྱིར་ཐར་བའི་གོ་འཕང་མཆོག་གི་མཆོག
ནང་སྒོས་སུ་རང་དབང་བདེ་བའི་མཆོག
ཆོས་སྲིད་ཀྱི་སྙིང་བོ་འདི་ལ་ཐུག
གནད་དེ་ལས་མ་འདའ་བླ་རུང་བ།
ཆོས་ལ་མཁས་པས་དཔྱོད་ལྡན་ཡིད་ལ་མཛའ།།
ཆོས་བཞིན་སྤྱོད་པས་རྟོགས་ལྡན་དུང་ཞིང་དད།།
ཆོས་དང་ཆོས་ཅན་མ་ལུས་བློར་ཆུད་པའི།།
ཆོས་པ་རྣམ་དག་ཅིག་གིས་རྟོགས་པར་ངེས།།
ཀླུ་སྒྲུབ། ཀློང་ཆེན། གཡུ་ཐོག སྲོང་བཙན་དང་བཞི་ཀ་རེད་ཨེ།
ཤ་མི་ཟ་ཟེར་ན་ཡག་པོ་རེད།
ཤ་མ་ཟ་ཟེར་ན་སྡུག་རྐྱལ་རེད།
ཆོས་ཉམས་སུ་ལེན་ན་ཡག་པོ་རེད།
གཞན་དམ་ལ་བཏགས་ན་སྡུག་རྐྱལ་རེད།
སྤྲུལ་ཨོ་རྒྱན་ཉི་མ་བཀའ་དྲིན་ཆེ་།
གངས་ཅན་པ་ལ་སྐྱོན་གཅིག་ཡོད་པ་སྟེ།།
རང་ཉིད་དགའ་སའི་མི་དེ་གནམ་ལ་བཀུར།།
མི་དགའ་ས་དེ་རྐང་ནས་མར་ལ་འཐེན།།
གནའ་ནས་དར་བའི་གཤིས་འདི་བསྒྱུར་ན་ལེགས།།
དོན་གྱིས་བསྟོད་པ་ཡིན།