ཁྲོ་གཏུམ།
རླུང་བུ་གཡུགས་སྟངས་བརྗེས་པའི་ལམ་ཕྱོགས་སུ།།
ནད་ཀྱི་དམག་འཁྲུགས་འཐིབས་པའི་ཡོ་ལངས་སུ།།
ལས་དབང་སྐྱོ་བའི་མིག་ཆུའི་རླབས་ངོས་སུ།།
དྲན་པ་འགུལ་བའི་ལོ་མ་རླུང་ལ་སྤུར།།
རང་སྐད་ཉུང་ཉུང་གྲགས་པའི་ཁང་སྐད་ལ།།
གཞན་སྐད་བྲག་ཅར་འཁོར་བའི་སྒྲ་གཅིག་པུ།།
རྣ་བའི་བུ་ག་གཏོར་བའི་འོན་ལྐུག་ཅིག།
ང་ཡི་སེམས་པས་བཙན་གྱིས་མུད་བཞིན་ཡོད།།
ལན་རེར་ཤོག་ཐུར་རེ་རེའི་ངོ་གདོང་ལ།།
ཚིག་འབྲུ་ནག་མདེད་བྱས་པའི་གོ་བ་ཞིག།།
སེམས་ཀྱི་ཁ་ཀོར་ཡུལ་འཐིབས་པ་འདི།།
ན་བུན་སྐྱ་བོ་ཞིག་ལས་ཅི་ཡང་མིན།།
བརྡ་འཕྲིན་འཆར་ཤེལ་ངོས་སུ་དུས་རྒྱུན་འཕུར།།
བརྡ་ལོག་དོན་ལོག་དེ་བཞིན་མང་མང་འཕུར།།
མི་ཚེའི་དུས་ཚོད་ཟ་བའི་གཟའ་འདྲེ་འདི།།
དུས་ཀྱིས་སྤྲད་པའི་བཟི་སྨན་བཙན་པོ་ཞིག།
མིག་གི་ལམ་དུ་ལམ་ཁ་མེད་པའི་གནས།།
རྣ་བའི་ལམ་དུ་མཁྲིས་སུ་མེད་པའི་ཡུལ།།
ཀླད་པའི་ནང་དུ་གོ་སྒྲིག་མེད་པའི་གཏམ།།
ལྕི་འབུ་འཕུར་འདྲའི་དུས་འདི་ང་ལ་ཡོད།།
༢༠༢༡/༠༦/༢༥ ཉིན།