སྒོམ་སྡེ་ལྷ་རམས་པ།
ཚད་མ་རྣམ་འགྲེལ་གྱི་དོན་བློ་གསར་བ་རྣམས་ལ་གོ་བདེ་བའི་ཕྱིར་སྙིང་པོར་བསྡུས་ཏེ་སྟོན་པའི་
རིགས་ལམ་གྱི་གཞུང༌ལ་བསྡུས་གྲྭ་ཟེར། རྗེ་བདག་ཉིད་ཆེན་པོས། རབ་འབྱམས་གསུང་རབ་ཀུན་
ལ་བལྟ་པའི་མིག །སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་
ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་རྣམས་གུས་ཕྱག་འཚལ། །
ཞེས་དགེ་བའི་བཤེས་གཉེན་ནི་གཞུང་ལུགས་རབ་འབྱམས་ལ་བལྟ་བའི་མིག་ལྟ་བུར་གསུངས་པ་
ལྟར། བསྡུས་གྲྭ་འདི་ཡང་གཞུང་ལུགས་རབ་འབྱམས་བལྟ་བ་ལ་མེད་དུ་མི་རུང་བའི་མིག་ལྟ་བུ་
ཡིན་པས། དགེ་ལུགས་པའི་གདན་ས་ཆེན་པོ་རྣམས་སུ་བསྡུས་གྲྭ་ལ་ནན་ཏན་ཆེན་པོ་མཛད་པའི་
རྒྱུ་མཚན་ཡང་དེ་ཡིན་ནོ། །འདི་ནི་གཞུང་ཆེན་མོའི་དོན་རྟོགས་པ་ལ་འཕྲུལ་གྱི་ལྡེ་མིག་དང་ཡང་
འདྲ་བ་ཡིན། འཕྲུལ་གྱི་ལྡེ་མིག་ཅེས་པ་ནམ་རྒྱུན་ལྡེ་མིག་རེ་རེས་སྒོ་ལྕགས་རེ་རེ་འབྱེད་ནུས་པ་
ཙམ་ལས་མང་པོ་འབྱེད་མི་ནུས་ལ། འཕྲུལ་གྱི་ལྡེ་མིག་འདིས་ནི་སྒོ་ལྕགས་སྟོང་ཕྲག་མང་པོ་འབད་
མེད་དུ་ཕྱེ་སྟེ། གཞུང་དོན་ནོར་བུའི་བང་མཛོད་ལ་རང་དབང་དུ་སྤྱོད་པའི་སྐལ་པ་ཅན་དུ་བྱེད་པ་
ཡིན་ནོ། །གྲྭ་སར་གསར་བུ་བ་དེས་དཔེ་ཆ་ཡག་པོ་ཤེས་མ་ཤེས་བསྡུས་གྲྭ་ཡག་པོ་ཤེས་མ་ཤེས་
དང་། བསྡུས་གྲྭའི་རིགས་ལམ་གྱི་འགྲོས་ལེགས་པོ་ཆགས་མ་ཆགས་ལ་རག་ལས་ཀྱི་ཡོད། གྲྭ་སར་
བསྡུས་གྲྭའི་རིགས་ལམ་གྱི་འགྲོས་ཡག་པོ་མ་ཆགས་པར་དཔེ་ཆ་ཡག་པོ་ཤེས་མཁན་ཉུང་ཉུང་
རེད། དེ་ནི་ངེད་ཀྱིས་མི་ལོ་༢༣ཙམ་གྲྭ་སར་སློབ་གཉེར་བྱས་ཏེ་བསྡད་ཅིང་། ལོ་བཅུ་བཞི་ཙམ་
གཞན་ལ་དཔེ་ཁྲིད་བྱས་པའི་ཉམས་མྱོང་གི་ཐོག་ནས་ཞུས་པ་ཡིན། ངེད་ཚོའི་འཛིན་གྲྭ་འདི་བཞིན་
རྒྱ་གར་དུ་གདན་ས་ཆེན་པོ་རྣམས་སུ་གསར་དུ་ཞུགས་ནས་སློབ་གཉེར་བྱེད་མཁན་གྱི་ཐོག་མའི་
གྲས་ཡིན་པས། ངེད་ཚོ་ལ་བསྡུས་གྲྭ་སྦྱོང་རྒྱུའི་གོ་སྐབས་དང་དུས་ཚོད་གཞན་དང་མི་འདྲ་བ་བྱུང་
ཡོད། དེར་བརྟེན་ངེད་ཚོའི་འཛིན་གྲྭ་འདི་ཕྱག་དཔེ་དང་རིགས་ལམ་གྱི་འགྲོས་ཧ་ཅང་ཡག་པོ་
ཡོད། ངེད་ཚོ་གསར་བུའི་སྐབས་དེང་སང་དང་མི་འདྲ་བར་མཇུག་ནས་འདེད་མཁན་གྱི་
འཛིན་གྲྭ་གཞན་མེད་པས། བསྡུས་གྲྭ་ལྷོད་ལྷོད་བྱས་ནས་བལྟ་རྒྱུ་བྱུང་ཡོད། བསྡུས་གྲྭ་ཆུང་ངུ་
གཅིག་པུ་ཟླ་བ་དྲུག་ཙམ་སློབ་གཉེར་བྱས་པས་བསྡུས་ཆུང་ཕལ་ཆེར་བློ་ལ་ཡོད། བསྡུས་གྲྭ་འདི་
ལ་ཁ་ཡོད་ལག་ཡོད་ཀྱི་ཁྱད་ཆོས་དམིགས་བསལ་ཞིག་ཡོད་པ་ནི། ཅིང་ཡང་མི་ཤེས་པའི་གྲྭ་པ་
རྨོངས་བརྟུལ་གསར་བུ་ཞིག་ལ་ལམ་སེང་གཞུང་ཆེན་མོ་འཁྲིད་ན་མང་པོ་ཞིག་མགོ་བོ་རྨོངས་
ཤིང་། སེམས་ཤུགས་ཆགས་ནས་དཔེ་ཆ་བཤོལ་ནས་འཐོན་འགྲོ་རྒྱུའི་ཉེན་ཁ་ཡོད། ཁ་དོག་དཀར་
དམར་སོགས་བཤད་ན་དེ་དག་ནི་ཁོང་ཅག་གིས་ནམ་རྒྱུན་ཤེས་པ་ཞིག་ཡིན་དུས་ཞུམ་པ་མི་སྐྱེ་
བའི་དགོས་པའང་ཡོད། མདོར་ན་བསྡུས་གྲྭའི་མཚན་ཉིད་རིག་པ་འདི་ནི་ནུབ་ཕྱོགས་དང་རྒྱ་
དཀར་ནག་དང་སོག་པོ་སོགས་རྒྱལ་ཁབ་གཞན་ལ་མེད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩ་
ཆེའི་རིག་གནས་ཤིག་ཡིན། གཞུང་ཆེན་མོར་འཇུག་པའི་ལྡེ་མིག་དང་བལྟ་བའི་མིག་ལྟ་བུའི་བོད་
གངས་ཅན་པས་ངོམས་སུ་ཆོག་པའི་ཁྱད་ཆོས་ཞིག་ཡིན་ནོ། །
༼བསྡུས་གྲྭའི་སྒྲ་བཤད་ནི༽ ཚད་མ་རྣམ་འགྲེལ་གྱི་དོན་རྣམས་ཉུང་ངུར་བསྡུས་པས་ན་བསྡུས།
ཁ་དོག་དཀར་དམར། གཞི་གྲུབ་སོགས་སྡེ་ཚན་དུ་བསྡེབས་ནས་བཀོད་པས་ན་གྲྭ་ཞེས་བྱའོ། །
ཡང་ན་ཚད་མ་རྣམ་འགྲེལ་གྱི་དོན་རྣམས་སྙིང་པོར་བསྡུས་པས་ན་བསྡུས། བསླབ་པར་བྱ་བའི་
གཞུང་གི་ཚོགས་ཡིན་པས་ན་གྲྭ་ཞེས་བརྗོད། གྲྭ་ཞེས་པ་སྤྱིར་ཟུར་ལ་འཇུག་ཀྱང༌། དེ་ཚོགས་ལ་
འཇུག་པ་ནི་བློན་པོའི་ཚོགས་ལ་བླ་ཡི་གྲྭ་ཞེས་པ་བཞིན་ནོ། །སྡེ་ཚན་ནམ། ཆ་ཤས། དུམ་བུ་
བཅས་ལ་འཇུག་པ་ནི། ཆོས་གོས་དང་ཤམ་ཐབས་ཀྱི་གྲྭ་ཞེས་པ་ལྟ་བུའོ། །བསྡུས་གྲྭའི་རིགས་ལམ་
གྱི་སྲོལ་འདི་གསང་ཕུ་ལ་སོགས་པའི་ཆོས་གྲྭ་ཆེན་པོར་སློབ་དཔོན་ཕྱྭ་པ་ཆོས་སེང་ཀྱིས་སྲོལ་
བཏོད་པར་ཀློང་རྡོལ་བླ་མ་སོགས་མཁས་པ་མང་པོ་གསུང༌།མཚན་ཉིད་རིག་པའམ་རྩོད་པའི་རིག་
པ་འདི་ཧ་ཅང་རྩ་བ་ཆེ་བའི་བོད་ཀྱི་རིག་གཞུང་གི་ཡ་གྱལ་ཞིག་ཡིན། ཡོངས་འཛིན་ཕུར་ལྕོག་པ་
བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོའི་བསྡུས་གྲྭ་ཆེ་བ་ལས། རྩོད་པའི་ཚེ་བཞིན་གྱི་དཀྱིལ་
འཁོར་འཛུམ་པ་དང༌། དོན་དང་ལྡན་ཞིང་གསལ་ལ་འཇམ་པའི་ངག་དང་ལྡན་པ་དང༌། སྒྱིད་ལུག་
པ་དང༌། ང་རྒྱལ་མེད་པ་རྣམས་ནི་རྩོད་པ་མཛེས་པའི་རྒྱན་ཡིན་པའི་ཕྱིར། ཞེས་དང༌། རྩོད་པའི་
བསམ་པ་ལ་རྩོད་པའི་བསམ་པ་ཐ་ཤལ་དང༌། ཕུལ་དུ་བྱུང་བ་གཉིས་ཡོད་དེ། ཕ་རོལ་པོ་དམའ་
བར་འདོད་པའི་ཞེ་སྡང་དང༌། རང་ཉིད་མཐོ་བར་འདོད་པའི་འདོད་ཆགས་དང༌། རིགས་ལམ་
འདོར་བར་འདོད་པའི་གཡོ་སྒྱུ་རྣམས་ནི་རྩོད་པའི་བསམ་པ་ཐ་ཤལ་དང༌། རང་གིས་རྟོགས་པར་
འདོད་པའི་གུས་པ་དང༌། གཞན་གྱིས་རྟོགས་པར་འདོད་པའི་སྙིང་རྗེ་དང༌། ཕ་རོལ་པོ་ལ་ཟབ་
མོའི་ཆོས་སྟོན་པར་འདོད་པའི་བྱམས་པ་རྣམས་ནི་རྩོད་པའི་བསམ་པ་ཕུལ་དུ་བྱུང་བ་ཡིན་པའི་
ཕྱིར། ཞེས་སོགས་རྒྱས་པར་གསུངས་ཤིང༌། བུ་སྟོན་ཐམས་ཅད་མཁྱེན་པས་ཀྱང༌། རང་ཉིད་
གྲགས་འདོད་ཕ་རོལ་དམའ་དབབ་འདོད། །གཡོ་སྒྱུའི་རྩོད་པ་ཚིག་རྩུབ་ངན་སེམས་ཅན། །ངག་
འཁྱལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་སྲེག །དེ་ལྟའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། །ཞེས་
གསུངས་པ་ཡང་ཐུགས་མད་པར་སྣང་བས་ཧ་ཅང་གཟབ་དགོས་པ་ཞིག་གོ། ཡང་རྩོད་པ་འཕེལ་
བའི་ཕྱིར་ཕྱིའི་རྣམ་འགྱུར་མཐའ་གཅིག་ཏུ་འཇམ་འཇམ་འདྲ་བ་ཞིག་མ་བྱུང་ཡང་། སེར་བྱེས་
མཁས་སྙན་གྲྭ་ཚང་གི་ཚོགས་གཏམ་ཆེན་མོར། གདོང་རྫ་རི་ལས་ནག་པ། སེམས་གངས་རི་ལས་
དཀར་བ། ཞེས་པ་ལྟར་སེམས་ཀྱི་འཁྱེར་སོ་མ་འཕྱུགས་པ་ཞིག་དགོས་སོ། །
རྩོད་པའི་རིག་པ་འདི་འཛམ་གླིང་གི་ཡུལ་གྲུ་གང་ནའང་མེད་པའི་བོད་རིག་པའི་ཁྱད་ཆོས་བླ་ན་
མེད་པ་ཞིག་སྟེ། རྒྱུ་མཚན་ནི། དཔེར་ན་གྲྭ་སར་དཔེ་ཆ་བལྟ་དུས་བརྒྱ་ཆ་ལྔ་བཅུ་ཆོས་གྲྭ་ནས་
ཤེས། བརྒྱ་ཆ་ཉི་ཤུ་རྩ་ལྔ་རང་གི་དཔེ་ཀློག་བརྒྱབ་ནས་ཤེས། བརྒྱ་ཆ་ཉི་ཤུ་རྩ་ལྔ་དགེ་རྒན་གྱི་དྲུང་
དུ་ཤེས་ཀྱི་ཡོད་པ་རེད། དེར་བརྟེན་གྲྭ་སར་འཛིན་གྲྭ་གཅིག་པ་ཞེས་རྩ་བ་ཆེན་པོ་བྱེད་པའི་རྒྱུ་
མཚན་ཡང་དེས་ཡིན་ནོ། །འཛམ་གླིང་སྤྱི་ཡོངས་ཀྱི་འཛིན་གྲོགས་ལྟ་བུ་འཛིན་གྲྭའི་ནང་མཉམ་དུ་
སྡོད་རོགས་ཙམ་ལས་དེ་ལས་ལྷག་པའི་ཕན་ཚུན་བློ་སྐྱེད་བླང་རེས་ཀྱི་མཐུན་གྲོགས་གང་ཡང་བྱེད་
ཀྱི་མེད།
ྋརྒྱལ་དབང་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོའི་དཔེ་ཆ་བལྟ་རྒྱུ་གལ་ཆེན་པོ་ཡིན་སྐོར་
བཀའ་སློབ་སྤྱི་བོར་ཡང་ཡང་ཕེབས་པའི་བྱིན་མཐུས་རྒྱུད་གྲྭ་སྟོད་སྨད། རྣམ་རྒྱལ་གྲྭ་ཚང༌།
གནས་ཆུང་གྲྭ་ཚང༌། བཙུན་དགོན་སོགས་གཞིས་དགོན་ཆུང་ངུའི་ནང་དུའང་དཔེ་ཆ་བལྟ་རྒྱུ་དང་
རྟགས་གསལ་གཏོང་རྒྱུའི་གོམ་སྲོལ་དང་དོ་སྣང་གསར་པ་ཞིག་སླེབས་པ་ནི་གནའ་བོ་བོད་དུའང་
བྱུང་མ་མྱོང་བའི་གནས་ཚུལ་ངོ་མཚར་ཅན་ཞིག་རེད། དགེ་ལྡན་པའི་གདན་ས་ཆེན་པོ་སེ་འབྲས་
དགའ་གསུམ་གྱི་སྤྱན་ལྟོས་བཟང་པོ་ལ་བརྟེན་ནས་དེང་སང་བོད་ཀྱི་གྲུབ་མཐའ་རིས་མེད་དུ་ཁྲོད་
དུ་རྟགས་གསལ་གཏོང་བའི་སྲོལ་བཟང་ཉིན་རེ་བཞིན་ཁྱབ་བརྡལ་ཆེ་རུ་འགྲོ་མུས་ཡིན། དཔེར་ན་
རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་གི་ཉེ་འདབས་སུ་ཆགས་པའི་རྣམ་གྲོལ་གླིང་དང་། བཀའ་
བརྒྱུད་དགུན་ཆོས་ལྟ་བུ་མཚན་གཞི་ལེགས་ཤོས་ཤིག་ཡིན། (གསར་གཏོད་དང་ཡར་རྒྱས་ལ་མི་
དགའ་བའི་རྙིང་རུལ་ལ་དམ་ཞེན་བྱེད་པའི་རྙིང་མ་པ་འགའ་ཞིག་གིས། འཇུ་མི་ཕམ་པས་མཛད་
པའི་བརྡ་ཤན་འབྱེད་ཐེ་ཚོམ་གྱི་དྲྭ་བ་གཅོད་པའི་རལ་གྲི་ཟེར་བ་ལས། བསིལ་ལྡན་འདི་ན་ཆོས་
སེང་སོགས། །རིག་པ་རྣོ་བའི་འཕྲུལ་གར་གྱིས། །བློ་གསལ་རྨོངས་སུ་བཅུག་པའི་ངག །ད་ནི་
གཞུང་སྨྲ་རྒད་པོས་ཀྱང༌། །རྗེས་བརྗོད་སྨྲ་བས་གཞུང་བཟང་བསླད། །སྨྲ་བ་འདི་འདྲའི་མཁས་
རློམ་པ། །མགུ་ཡང་བདག་ཅག་འདི་རྗེས་སུ། །བྲག་ཆ་བཞིན་དུ་མ་ཞུགས་སོ། །ཞེས་དྲངས་ཏེ་
ཁ་ཕོ་སྒྲོག་པར་བྱེད་ཀྱང་དེ་དག་ནི་རྨོངས་དད་རྗེས་ལུས་ཀྱི་རང་མཚང་གསལ་བར་སྟོན་པ་ཙམ་
དུ་ཟད་དོ)
རྩོད་པའི་རིག་པ་འདི་བོད་སྐད་ཙམ་ལས་སྐད་རིགས་གཞན་ལ་གཞི་རྩ་སྲ་བརྟན་ཞིག་
ད་བར་ཚུགས་ཐུབ་མེད། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་སོག་ཡུལ་དུ་བཀའ་
བསྟན་སོགས་བོད་སྐད་ནས་སོག་སྐད་དུ་མང་དག་ཅིག་བསྒྱུར་ཐུབ་ཡོད་མོད། འོན་ཀྱང་རྟགས་
གསལ་གཏོང་བའི་སྲོལ་འདི་ཚུགས་མ་ཐུབ་པ་ཡང་སྐད་ཡིག་གིས་མ་ལྡེང་བ་ཡིན་སྐོར་བཀའ་
གནང་བ་བདེན་པར་སྣང་སྟེ། ཨ་རི་སོགས་ནུབ་ཕྱོགས་ཀྱི་ཡུལ་གྲུ་རྣམས་སུ་རྟགས་གསལ་གཏོང་
བའི་སྲོལ་བཙུགས་ཐུབ་མེད་པ་དེས་གསལ་བར་ཤེས་ནུས་སོ། །
དེ་ཡང་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང༌། དཔལ་
ཆོས་ཀྱི་གྲགས་པ་ཡབ་སྲས་རྣམས་ཀྱི་བཞེད་པ་ལྟར་རྗེ་ཙོང་ཁ་པ་ཡབ་སྲས་ཀྱིས་རྩོད་པའི་རིག་
པ་ལ་གལ་པོ་ཆེར་མཛད་པ་འདི་ལ་གཞུང་ལུགས་ལ་མ་སྦྱངས་པ་ཕལ་མོ་ཆེ་ཞིག་གིས་བསམ་བློ་
ལ། རྩོད་པའི་རིག་པ་ཞེས་པ་དེ་གཞན་ཕ་རོལ་པོ་དང་ཁ་བཤགས་འགྱེད་པ་སོགས་ཀྱི་ཚེ་རིག་པ་
དྲན་སྐྱེན་པ་དང༌། ཚིག་རྣོ་བ་ལ་སོགས་པའི་སྒོ་ནས་ཕ་རོལ་པོའི་ཁ་སྒོ་གཅོགས་ཐབས་ཙམ་ལས་
གཞུང་ལུགས་ཀྱི་དོན་རྟོགས་པ་ལ་ཆེར་མི་ཕན་ཞིང༌། ལྷག་པར་རྒྱུད་སྟེང་དུ་ཉམས་སུ་ལེན་པ་ལ་
ནི་མི་མཁོ་བའི་ཁར་ཚིག་རྩུབ་དང་ང་རྒྱལ་ཇེ་འཕེལ་གྱིས་རང་རྒྱུད་མ་རུང་བར་བྱེད་པའི་རྒྱུར་
ངེས་སོ་སྙམ་པའི་ལོག་རྟོག་གིས་རང་ཡང་ཚུལ་དེར་མི་གུས་ཤིང་མི་འཇུག་ལ། གཞན་དག་ཀྱང་དེ་
ལ་འཇུག་པ་ལ་འགོག་རྐྱེན་བྱེད་པ་ཆེས་མང་བ་དང༌། དེར་མ་ཟད་མཁས་གྲུབ་སྨྲ་བའི་ཉི་མའི་
གསུང་ལས། གང་ཞིག་སྡེ་སྣོད་ལ་ཐོས་བསམ་ལྷུར་ལེན་པ། དེ་ཉིད་འབའ་ཞིག་ལ་ཞེན་པ་ཆེས་
ཆེར་འཐས་པར་གྱུར་པ། གྲགས་པའི་བ་དན་གྱིས་མཛེས་པར་གྱུར་པ་དག་ལའང༌། ཉམས་སུ་
ལེན་པ་ལ་ཉེ་བར་མཁོ་བོའི་ཚེ་རང་གི་རྒྱུད་འདུལ་བར་བྱེད་པའི་ཚུལ། གཞུང་ལུགས་ཆེན་པོ་དག་
ནས་གསུངས་པ་ལག་ཏུ་བླང་བའི་རིམ་པ་འདི་ལྟ་བུའོ། །ཞེས་བྱ་བ་ནི་ཅུང་ཟད་ཀྱང་བསྟན་དུ་
མེད་ཅིང༌། གཞུང་ལུགས་ཆེན་མོ་དག་ན་དེ་ལྟ་བུའི་ཉམས་ལེན་གྱི་གནད་ཡོད་པའི་ཐེ་ཚོམ་ཡང་
མེད་པར། གང་གི་ཚེ་རང་ཉིད་ན་སོ་ཡོལ་བའི་ཕོ་ཉས་ཟིན་པས་འཆི་བདག་གི་ཆད་པ་ལ་འཇིགས་
པ་ཅུང་ཞིག་སྐྱེས་པར་གྱུར་པ་ན། བླུན་པོ་ཅི་ཡང་མ་བསླབ་པའི་རིའི་ཕུག་ཏུ་མི་ཚེ་ཡོལ་བར་བྱས་
པ་ཞིག་གི་དྲུང་དུ་སོང་སྟེ། དེས་ཇི་སྐད་གདམས་པ་ལས་ཅུང་ཟད་ཀྱང་འདའ་བར་མི་ནུས་ཤིང༌།
སྡོན་ཆད་ཐོས་བསམ་ལ་ཇི་སྙེད་འབད་པ་བྱས་པ་ཐམས་ཅད་འགྱོད་པ་ལྷུར་ལེན་པའི་ཡུལ་དུ་
བྱས་ནས། ཅི་ཡང་ཡིད་ལ་མི་བྱེད་པ་དུད་འགྲོའི་སྒྲུབ་ཐབས་ཧྭ་ཤང་གི་རིང་ལུགས་ལ་གནས་
བཞིན་དུ་གསུང་རབ་ཆེན་པོ་རྣམས་འཆི་བའི་ཚེ་དགོས་པ་མེད་པར་འཛིན་པའི་ཆོས་སྤོང་བའི་
ལས་ཀྱི་སྒྲིབ་པ་ཤིན་ཏུ་ཆེ་བས་ནོན་བཞིན་དུ་ཚེའི་དུས་བྱེད་པར་འགྱུར་བ་འདི་ཉིད་འབའ་ཞིག་ཏུ་
ཟད་པ་ལས། ཞེས་སོགས་གསུངས་པ་དང་རྗེས་སུ་མཐུན་པར་གཞུང་ལུགས་ལ་སྦྱངས་པར་རློམས་
པ་ལ་ལ་ཞིག་གི་སེམས་ལ་ཡང༌། རྩོད་པའི་རིག་པ་འདིས་གནས་སྐབས་སུ་གཞུང་ལུགས་ཀྱི་གོ་
དོན་རྟོགས་པ་ཙམ་ལ་ཕན་ཅིང༌། རྩོད་པ་དང་ལན་སོགས་ཀྱི་ཚེ་རིག་པ་རྣོ་མྱུར་དང༌། དམ་
བཅའ་བརྟན་པ་སོགས་ལ་ཕན་ངེས་ཀྱང་ལམ་ཉམས་སུ་ལེན་པ་ལ་ཕན་མི་ཐོགས་པས་ཉམས་
ལེན་གྱི་གནད་དེ་དེ་ལས་གཞན་དུ་ངེས་པར་ཡོད་དོ་སྙམ་པ་ཡང་མང་པོ་ཞིག་ཡོད་འདྲ་བ། དེ་
དག་ནི་རྩོད་པའི་གནད་དོན་ཇི་བཞིན་མ་རྟོགས་པས་ལན་པ་ཡིན་ཏེ། རྩོད་པའི་རིག་པ་ཞེས་པ་
འདི་ཕ་རོལ་གྱི་རྒོལ་བ་ཚར་གཅོད་པ་སོགས་ཀྱི་ཆེད་ཙམ་ཞིག་ཏུ་ངེས་པ་མ་ཡིན་ཏེ། མདོ་སྔགས་
སོགས་རང་གཞན་གྱི་གཞུང་ལུགས་ཆེ་ཆུང་ཐམས་ཅད་ཀྱི་གནད་དོན་ཕྲ་རགས་ཇི་ལྟར་ཡོད་པ་
རྣམས་ལ་འོལ་སྤྱི་དང༌། གཡམ་ལ་རྒྱུག་པའི་གོ་བ་ཙམ་མ་ཡིན་པར་དཔྱིས་ཕྱིན་པར་རྟོགས་པའི་
ཐབས་སུ་མེད་དུ་མི་རུང་བ་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ་རྩོད་པའི་རིག་པ་ལ་མ་བརྟེན་པའི་གོ་
བ་ཇི་ཙམ་བཟང་ཡང༌། རྒྱལ་མཆོག་ལྔ་པ་ཆེན་པོས། རིག་པས་བདར་ཤ་མ་བཅད་གཞུང་དོན་
ལ། །ཚིག་སྤྱིའི་གོ་བ་ལམ་ཙམ་ཡོད་གྱུར་ཀྱང༌། །བརྒལ་ཞིང་བརྟགས་ན་བྱེ་མའི་ཆང་བུ་ལྟར། །
འགྱུར་ཕྱིར་རིག་པའི་གནད་གསང་ཞིབ་ཏུ་སློབས། །ཞེས་དང༌། རྗེ་དོན་ཡོད་མཁས་གྲུབ་པས་
རིག་པ་ལ་མ་སྦྱངས་པའི་འཇིག་རྟེན་པ་སོགས་ཀྱི་ཡོན་ཏན་དེ་ཇི་ཙམ་བཟང་ཡང་སོབ་སོབ་ཞིག་
ཡོང་ཞེས་གསུངས་པ་ལྟར། ཆོས་ཀྱི་ཚིག་དོན་གང་ལ་ཡང་ཐོག་མར་ལན་ཅིག་ཙམ་དྲིས་པའི་ཚེ་
གོ་དོན་མ་ལུས་པ་ལེགས་པར་རྟོགས་རྒྱུ་བའི་ཁུལ་གྱིས་ཚིག་ཟིན་གྱི་བརྗོད་དོན་འགའ་ཞིག་ཕྱོགས་
མཐུན་ཙམ་གོ་བ་དེ་སྤྱི་བརྟོལ་དང་བཅས་ཏེ་སྨྲ་བའི་ཁུལ་བྱེད་མོད་ཀྱང༌། དེ་ལ་ཡང་བསྐྱར་ཞིབ་
ཏུ་ལན་ཅིག་དྲིས་ན་བཤད་མ་ཐག་པའི་དམ་བཅའ་ཕལ་ཆེར་ཞིག་ནས་ལན་ཟེར་ངོ་མི་འདོད་པར་
འགྱུར་ལ། ད་དུང་ཞིབ་ཆ་བརྩད་ཅིང་དྲིས་ན་སྔར་ལབ་པ་རྣམས་བརྗེད་པ་བཞིན་དུ་གྱུར་ནས་
རང་ཚིག་སྔ་ཕྱི་འགལ་བ་དང༌། དམ་བཅའི་རྩ་བ་རྨངས་ནས་ཞིག་པ་སོགས་ཀྱིས་བླུན་པོའི་རང་
མཚང་གསལ་པོར་སྟོན་པར་འགྱུར་བ་ནི་རིག་པ་ལ་མ་སྦྱངས་པའི་སྐྱོན་ཡིན་ཅིང༌། དེ་ལ་ཁོ་ན་རེ།
བརྒལ་ཞིང་བརྟགས་པ་སོགས་ཀྱི་ཚེ་གཞུང་ལུགས་ལ་ཞིབ་ཏུ་མ་སྦྱངས་པའི་དབང་གིས་ལན་ཇི་
བཞིན་མི་ཐེབས་པ་བདེན་རུང༌། ཉམས་ལེན་གྱི་གནས་སྐབས་སུ་ཚིག་གི་ལན་ཐེབས་མི་དགོས་
པས་དོན་མ་ཆུག་པར་གོ་ན་དེས་ཆོག་གོ་ཞེ་ན། དེ་ཡང་མ་ཡིན་ཏེ། ཉམས་ལེན་གྱི་གནས་སྐབས་
སུ་ཡང་ཉམས་སུ་ལེན་བྱའི་ཆོས་གང་ཡིན་པ་དེའི་དངོས་བསྟན་དང༌། ཤུགས་བསྟན་གྱི་དོན་དང༌།
དམིགས་པ་དང་རྣམ་པའི་ཁྱད་པར། དགག་བྱ་ཕྲ་རགས་ཀྱི་འགོག་ལུགས་སོགས་ཕྲ་ཞིང་ཕྲ་བ་
ནས་ཤེས་ན། ཤེས་པ་ལྟར་དུ་ཉམས་སུ་བླངས་པའི་ལག་རྗེས་ལས་ཉམས་རྟོགས་ཀྱི་ས་ཆོད་ཀྱང་
གཞན་དང་མི་འདྲ་བ་ཞིག་འབྱུང་ལ། དེ་མིན་ཚིག་སྤྱིའི་གོ་བ་ཡམ་མེ་བ་ཞིགལ་བརྟེན་ནས་ཉམས་
སུ་ལེན་ཁུལ་བྱས་ཀྱང་དམིགས་རྣམ་གོ་རྟོགས་སོགས་ཀྱང་དེ་འདྲ་བ་ཞིག་ལས་མི་འབྱུང་ཞིང༌།
དེས་ན། ཅི་འདྲ་བ་ཡི་ལས་བྱས་པའི། །འབྲས་བུ་དེ་འདྲ་འབྱུང་བར་འགྱུར། །ཞེས་པ་ལྟར་ཉམས་
སུ་བླངས་པའི་འབྲས་བུ་ལ་ཡང་ས་ཆོད་གཏན་ནས་མེད་པ་ཞིག་ལས་མི་འབྱུང་སྟེ། དཔེར་ན།
འདུས་བྱས་ཐམས་ཅད་མི་རྟག་པའོ། །ཞེས་པའི་ཚིག་ཟིན་ཙམ་ལ་བརྟེན་ནས་འདུས་བྱས་ཀྱི་ཆོས་
རྣམས་ཡུལ་དུ་མི་གནས་པ་འགྱུར་བའི་ཆོས་ཅན་ཡིན་པས་མི་རྟག་པ་ཡིན་འདུག་སྙམ་པ་ཙམ་
ཞིག་གི་བློ་སྐྱེས་པས་གོ་མི་ཆོད་དེ། འདུས་བྱས་ཞེས་པའི་དོན་དང༌། དེ་སྐད་ཅིག་དང་སྐད་ཅིག་ལ་
འགྱུར་བའི་མི་རྟག་པ་ཡིན་ལུགས་སོགས་ལུང་རིགས་དྲི་མ་མེད་པའི་སྒྲུབ་བྱེད་ལ་བརྟེན་ནས་
ལེགས་པར་གཏན་ལ་ཕབ་ཅིང༌། མི་རྟག་པ་ལའང་རགས་པ་དང་ཕྲ་བའི་མི་རྟག་པ་ཡོད་ལུགས་
སོགས་མཐའ་ཆོད་པའི་ངེས་ཤེས་གཏིང་ཚུགས་པ་ཁོང་དུ་ཆུད་པའི་ཐབས་ལ་འབད་པ་དང༌། དེ་
ཙམ་ཞིག་གིས་ཀྱི་མི་རྟག་པ་རྒྱུད་ལ་སྐྱེ་བའི་གོ་མི་ཆོད་པས་དེའི་དོན་བཅོས་མ་མ་ཡིན་པ་རྒྱུད་ལ་
སྐྱེ་བའི་སླད་དུ་གཙོ་བོར་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་ཤིང་ཚོགས་གསོག་པ་དང༌།
སྒྲིབ་པ་སྦྱོང་བ་དང༌། དོན་ལ་སེམས་པ་སོགས་ཟུང་འབྲེལ་དུ་བྱས་ན་ཉམས་སུ་བླངས་ན་ནམ་ཞིག་
ན་གོ་ཡུལ་ཙམ་མིན་པའི་མི་རྟག་པའི་དོན་ཇི་ལྟ་བ་བཞིན་རྟོགས་པའི་ངེས་ཤེས་རྒྱུད་ལ་སྐྱེ་ཞིང༌།
ད་དུང་སྒོམ་པ་ལས་མི་རྟག་པ་མངོན་སུམ་དུ་རྟོགས་པའི་ཤེས་རབ་སྐྱེ་བ་ཡིན་ལ། དེ་བཞིན་དུ་
ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དང༌། མྱ་
ངན་ལས་འདས་པ་ཐམས་ཅད་ཞི་བའོ། །ཞེས་པའི་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་པོ་རེ་རེ་ལ་
དེ་འདྲ་བའི་གནད་ཡོད་པར་ཤེས་དགོས་ལ། དེས་མཚོན་ཏེ་ཉམས་ལེན་གྱི་གནད་འགག་གང་ལ་
ཡང་མཐའ་ཆོད་པའི་ངེས་ཤེས་སྐྱེ་བ་ལ་རྩོད་པའི་རིག་པ་ངེས་པར་གལ་ཆེ་བ་ཡིན། དེ་ལ་ཁོ་ན་
རེ། སྔོན་གྱི་གྲུབ་ཐོབ་གོང་མ་མང་པོ་ཞིག་གཞུང་ལུགས་འཛིན་རྩོད་སོགས་ཀྱི་སྦྱངས་པ་མང་པོ་མ་
མཛད་ཀྱང་བླ་མའི་མོས་གུས་དང༌། དཀའ་སྤྱད་སྙིང་རུས་སོགས་ལ་བརྟེན་ནས་ལམ་ཟབ་མོ་
ཉམས་སུ་བཞེས་པ་ལས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཇི་སྙེད་ཅིག་བྱུང་བ་སྣང་
བས། འཚང་རྒྱ་བ་ལ་ངེས་པར་ཐོས་བསམ་སྔོན་དུ་འགྲོ་བ་ལ་ལྟོས་དགོས་པ་མ་ཡིན་ནོ་ཞེ་ན། དེ་
ལྟ་བུའི་གྲུབ་བརྙེས་རྣམས་ནི་སྐུའི་སྐྱེ་བ་སྔོན་མ་རྣམས་སུ་རྒྱལ་བའི་བསྟན་པ་ལ་ཐོས་བསམ་སྒོམ་
གསུམ་དང་ཚོགས་བསགས་སྒྲིབ་སྦྱོང་སོགས་རྒྱ་ཆེར་མཛད་པས་རྟོགས་པའི་རྒྱུད་ཚོད་མཐོན་པོར་
ཕེབས་ཟིན་པས། སྐུ་ཚེ་འདིར་ཐོས་བསམ་སོགས་རྒྱ་ཆེར་མ་མཛད་ཀྱང་གསུང་རབ་ཀྱི་དོན་
རྣམས་དཀའ་བ་མེད་པར་ཐུགས་རྒྱུད་ལ་རྟོགས་ཤིང་འཁྲུངས་ལ། དེའི་སྟེང་དུ་གང་ཟག་ཕལ་དང་
ཕལ་གྱི་སེམས་ལ་བསམ་པར་ཡང་མི་ནུས་པའི་བླ་མ་བསྟེན་ཚུལ་དང༌། དཀའ་སྤྱད་སྙིང་རུས་ཚད་
མེད་པ་མཛད་པའི་མཐུ་ལས་གྲུབ་པའི་གོ་འཕང་བརྙེས་པ་སྟེ། དེ་དག་ལ་གྲུབ་མཐའ་གཞན་གྱི་
ཆོས་སྐད་ལ་དབང་རྣོན་ཅིག་ཅར་བ་དང༌། དབང་རྟུལ་རིམ་གྱིས་པ་ཞེས་པ་གཉིས་བཤད་པའི་
ནང་གི་དབང་རྣོན་ཅིག་ཅར་བ་སྟེ་རིན་པོ་ཆེ་ལྟ་བུའི་གང་ཟག་དང་མཚུངས་པའི་རིགས་ཡིན་ལ།
དེ་དག་ཀྱང་སྐྱེ་བ་སྔོན་མ་རྣམས་སུ་ཐོས་བསམ་དང༌། ཚོགས་བསགས་པ་སོགས་མཛད་པའི་མཐུ་
ལས་བྱུང་བ་ཡིན་པ་ལས་ཐོག་མར་ལས་དང་པོ་བའི་དུས་ཉིད་ནས། གང་ཡང་མ་བསླབ་ཅི་ཡང་
མི་ཤེས་པའི་བརྟུལ་ཞུགས་ཁོ་ན་བཟུང་ནས་ཉམས་ལེན་ཐན་ཐུན་འགའ་ཞིག་མཛད་པས་གྲོལ་བ་
ནི་གཏན་ནས་མིན་ཅིང༌། དེས་ན་སྔར་གྱི་དུས་སུ་སྦྱངས་པ་སྔོན་ཟིན་གྱི་གང་ཟག་ཁྱད་པར་ཅན་
དབང་རྣོན་གྱི་རིགས་ཅན་མང་དུ་མཆིས་པས། དེ་དག་ཚེ་འདིར་གཞུང་ལུགས་ལ་ཆེད་གཉེར་གྱིས་
སྦྱངས་པ་སོགས་ཀྱི་ངལ་བ་ལ་ཆེར་ལྟོས་མི་དགོས་པར། བླ་མའི་མོས་གུས་དང༌། དཀའ་སྤྱད་
སོགས་ཀྱི་སྒོ་ནས་ཉམས་ལེན་འབད་པས་རྟོགས་པ་མཐོན་པར་གཤེགས་ནུས་པ་དེ་དང་དེ་འདྲ་
བའི་གང་ཟག་རྣམས་ལ་དགོངས་ནས། ཇོ་བོ་ཆེན་པོས་ཀྱང༌། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་
མང༌། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལ་འོ་མ་ལེན་པ་ལྟར། །རང་གི་འདོད་
པ་དང་དུ་བླང་བར་བྱ། །ཞེས་དང༌། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པས། ཤཱཀ་ཐུབ་བསྟན་
པའི་སྙིགས་མ་ལ། །མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ། །བདུད་རིགས་བར་གཅོད་མང་བའི་
ཕྱིར། །བུ་རྒྱུད་སྡེའི་མཁྱེན་རྒྱ་མི་འཚལ་གྱི། །སྒྲུབ་པ་སྙིང་པོར་ལོངས་ཤིག་གསུངས། །ཞེས་པ་ལྟ་
བུས་ཐོས་བསམ་ལ་ཆེད་གཉེར་གྱིས་མ་བསྐུལ་བར་སྒྲུབ་པ་ཉམས་ལེན་ལ་བསྐུལ་བར་མཛད་ལ།
ཚུལ་དེ་ལྟར་དུ་ཉམས་སུ་བླངས་པ་ལས་གྲོལ་བ་ཐོབ་པ་ཡང་ཇི་སྙེད་ཅིག་བྱུང་མོད་ཀྱང༌། རིམ་
གྱིས་དུས་སྙིགས་མར་གྱུར་པ་ན་སྦྱངས་པ་སྔོན་སོང་གི་གང་ཟག་དབང་རྣོན་ནི་ཤིན་ཏུ་ཉུང་ཞིང༌།
དབང་པོ་རྟུལ་པོའི་རིགས་ཅན་ཁོ་ན་ཤས་ཆེ་བར་གྱུར་ནའང༌། དམ་པ་གོང་མ་རྣམས་ཀྱིས་གང་
ཟག་གི་རྒྱུད་ཚོད་དང་བསྟུན་ནས་གསུངས་པ་དེ་དབང་པོ་རྣོ་རྟུལ་ཐམས་ཅད་ལ་རྒྱས་འགེབས་ཀྱི་
སྒྲ་ཇི་བཞིན་པར་བཟུང་ནས། ཐོས་བསམ་བྱེད་པ་ནི་སྙིང་པོ་མེད་པའི་སྦུན་པ་འཕྱར་བ་དང་
མཚུངས་པས་འཚང་རྒྱ་བ་ལ་ཅི་ཡང་མི་ཕན་ནོ་ཞེས་ཐོས་བསམ་རྩ་ལྟར་དོར་ཏེ་ཉམས་ལེན་
འགའ་ཞིག་ལ་འབད་ཁུལ་བྱས་ཀྱང༌། གོང་མ་རྣམས་ལྟ་བུའི་ཉམས་རྟོགས་ཀྱང་མ་སྐྱེས། ཐོས་
བསམ་གྱི་ཤེས་རབ་ཀྱང་མེད། ཐུན་མོང་ལམ་སྦྱང་གི་ཆོས་སྣ་གཅིག་ཙམ་ལའང་མྱོང་བ་མ་ཐོན་
པའི་ནག་ཐོམ་མེ་བར་ལུས་པའི་ངང་དུ་མི་ཚེ་ཟད་པའང་འགའ་དང་འགའ་མཐོང་ཞིང༌། ཚུལ་དེ་
དང་དེ་འདྲ་བ་དག་ལ་དགོངས་ནས་འཇམ་མགོན་ས་པཎ་གྱིས། སྒོམ་ན་ཐོས་པ་མི་དགོས་ཞེས། །
བླུན་པོ་བློ་རྒྱ་ཆུང་རྣམས་སྨྲ། །ཐོས་པ་མེད་པའི་སྒོམ་པ་དེ། །འབད་ཀྱང་དུད་འགྲོའི་སྒོམ་ཐབས་
ཡིན། །ཅེས་གསུངས་པ་དང༌། ཞེས་སོགས་རྗེའི་རྣམ་ཐར་ཆེན་མོ་སོགས་སུ་རྒྱས་པར་གསུངས་
སོ། །
ཐོག་མར་སྒོམ་སྡེ་ལྷ་རམས་པ་མཆོག་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག སྐུ་ཉིད་ཀྱིས་སྤེལ་གནང་བའི་ནང་དོན་རིགས་པའི་རྩོམ་ཡིག་རྣམས་ནི་རྣག་ཐོག་ཁབ་གཙགས་ཀྱི་དཔེ་ལྟར་ཀློག་པ་པོ་རྣམས་ལ་ཤིན་ཏུ་གལ་ཆེ་བར་མཐོང་། དེས་ན་མཁས་དབང་སྒོམ་སྡེ་མཆོག་ནས་མུ་མཐུད་དུ་འདི་ལྟ་བུའི་རྩོམ་ཡིག་གང་མང་སྤེལ་རོགས་ཞུ་ཞུ།
གོང་དུ་རྩོམ་ཡིག་ནང་གསལ་བཤད་བྱ་རྒྱུ་ཞིག་ལྷག་འདུག
གྲྭ་སར་དཔེ་ཆ་བལྟ་དུས་བརྒྱ་ཆ་ལྔ་བཅུ་ཆོས་གྲྭ་ནས་ཤེས། བརྒྱ་ཆ་ཉི་ཤུ་རྩ་ལྔ་རང་གིས་དཔེ་ཀློག་བརྒྱབ་ནས་ཤེས། བརྒྱ་ཆ་ཉི་ཤུ་རྩ་ལྔ་དགེ་རྒན་གྱི་དྲུང་དུ་ཤེས་ཀྱི་ཡོད་པ་རེད། ཅེས་བཤད་ཡོད། དེ་བདེན་པ་ཡིན་པ་མ་ཟད་མཚན་ཉིད་རིག་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཀྱང་རེད། དེ་འདྲའི་ཁྱད་ཆོས་དེ་ཡར་ཐོན་ཅན་གྱི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དང་། རྒྱ་དཀར་ནག་སོགས་གང་དུའང་མེད།
དེ་འདྲའི་ཐབས་ལམ་techniqueདེ་སློབ་ཚན་གཞན་ལའང་རིགས་འགྲེ་གཏོང་ཐུབ་ན་དགེ་རྒན་རྣམས་ལའང་འགན་ཁུར་ཆུང་དུ་འགྲོ་བ་དང་། སློབ་ཕྲུག་གི་ངོས་ནས་ཀྱང་རང་རང་གིས་འགན་བླང་རྒྱུ་དེ་ཤུགས་ཆེ་རུ་འགྲོ་གི་རེད།
དེ་མིན་བྱིའུ་ཨ་མས་བྱིའུ་ཕྲུག་ལ་ལྟོ་སྟེར་བ་ལྟར་ཐམས་ཅད་ཁ་ནང་བླུག་དགོས་པ་འདི་ཡང་ཤར་ཕྱོགས་པའི་རྗེས་ལུས་ཀྱི་སློབ་ཁྲིད་བྱེད་སྟངས་ཤིག་རེད། ནུབ་ཕྱོགས་སུ་ཡིན་ན་དགེ་རྒན་ནི་མིང་ཙམ་ལས་ཕལ་ཆེར་རང་སྦྱོང་རེད།
ཨུ་ཊུཔ་གློག་བརྙན་ཞིག་ནང་ཨ་མདོའི་ས་ཁུལ་གྱི་སློབ་གྲྭ་ཞིག་ཏུ་བྲ་སྟི་སུམ་རྟགས་ཀྱང་རྩོད་པའི་
ལམ་ནས་སྦྱོང་གི་ཡོད་ཚུལ་བཤད་སོང་བ་དངོས་གནས་ཧ་ལས་བྱུང་།
མཚན་ཉིད་ཀྱི་རྩོད་གྲྭའི་རིག་པ་དེས་རིགས་འགྲེ་བཏང་སྟེ་སློབ་ཚན་གཞན་དཔེར་ན་ཚན་རིག་
དང་། རྒྱལ་རབས་ཆོས་འབྱུང་སོགས་ཀྱང་སྦྱངས་ན་ས་ཕྱོད་ཆེན་པོ་འོང་ངེས་ཡིན་པས། བསྡུས་
གྲྭའི་རྩོད་པ་སློབ་ཚན་གྱི་གྲས་སུ་བཞག་པ་ལ་དགའ་བསུ་མེ་ཏོག་འཐོར་རོ། །
སྒོམ་སྡེ་ལྷ་རམས་པ་ལགས།
དངོས་གནས་ཉམས་མྱོང་ལྡན་པའི་བཀའ་མོལ་དང་བདེན་དོན་དང་འགྲོགས་པའི་བཀའ་མོལ་གནང་བར་རྗེས་སུ་ཡི་རངས་ཡོད།
བསྡུས་གྲྭ་ཞེས་པ་རིག་པར་སྦྱོང་བརྡར་སྤྲོད་མཁན་གྱི་ཐབས་ཤེས་ཕུལ་དུ་བྱུང་བའི་གཞུང་ལུགས་ཤིག་རེད་ཅེས་བཤད་ན་འགྲིག་ལ། དེལ་མིང་གཞན་རིགས་ལམ་ཡང་ཟེར། དེང་སྐབས་དགོན་སྡེ་ཙམ་མ་ཟད་སློབ་གྲྭ་ཁག་གི་ནང་དུའང་དེ་སྦྱོང་བའི་གོ་སྐབས་ཐོབ་ཀྱིན་ཡོད་པ་དེ་དགའ་འོས་པ་ཞིག་རེད། ༸གོང་ས་མཆོག་གིས་ཀྱང་རིགས་ལམ་སྦྱོངས་ཨང་། བསྡུས་གྲྭ་སྦྱོངས་ཨང་། ཞེས་ཡང་ཡང་བཀའ་གནང་གིན་ཡོད། དེ་ནི་གདམས་ངག་ཕུལ་དུ་བྱུང་བ་ཞིག་རེད། དེེ་ནི་མཁས་པར་བགྲོད་པའི་ཐེམ་སྐས་ཤིག་རེད་ལ། ལེགས་ཉེས་རྣམ་པར་དཔྱོད་པའི་དཔྱོད་ཤེས་ཀྱི་ལྡེ་མིག་ཅིག་ཀྱང་རེད།།
བློ་བཟང་ཞུ་བའི་དཔྱོད་ལྡན་ཞིག་གིས་མཆན་ཞིག་ཏུ་གཤམ་གྱི་བརྙན་འཕྲིན་དེ་འགོད་སྤེལ་གནང་འདུག་པར། ཕྲན་ནས་སླར་ཡང་འདིར་འགོད་འགྲེམས་བྱས།
http://www.youtube.com/watch?v=5g2hUr43TvI http://www.youtube.com/watch?v=ly-zcYsdD78&feature=related
གོང་གི་ཡུ་ཊུཔ་ཡོང་གི་མི་འདུག གཤམ་གྱི་དེར་ཡང་བསྐྱར་ཡོང་མིན་གཟིགས་རོགས།
http://www.youtube.com/watch?v=5g2hUr43TvI
http://www.youtube.com/watch?v=ly-zcYsdD78&feature=related
སྒོམ་སྡེ་ལྷ་རམས་པ་ཁོང་གི་བསམ་ཚུལ་མང་ཆེ་བ་ཡག་པོ་འདུག
གང་ཡིན་ཟེར་ན་བཤད་སྟངས་དེ་བསྡུས་གྲྭའི་བཤད་སྟངས་
མ་ཡིན་པར་མིའི་སྐད་ཆ་བཤད་སྟངས་བྱས་འདུག བྱས་ཙང་ཡག་པོ་
འདུག་ཟེར་བའི་རྒྱུ་མཚན་གཅིག་དེ་ཡིན། རྒྱུ་མཚན་དང་ལྡན་པའི་
སྐད་ཆ་འགའ་རེ་ཡང་འདུག ཡིན་ན་ཡང་ས་སྐྱ་པཎ་
ཆེན་གྱིས། ཆོས་ཀྱི་གྲགས་པས་བོར་བ་ཡི། །ངན་རྟོག་ཕལ་ཆེར་བླུན་
པོས་ལེན། །སྐྱུག་སྨན་བཏང་ནས་སྐྱུག་པ་ལ། །ཁྱི་ལས་གཞན་པ་
སུ་ཞིག་ཟ། །ཞེས་གསུངས་པའི་ར་བ་ལས་བརྒལ་ཐུབ་ཡོད་པ་མ་རེད།
སྤྱིར་བསྡུས་གྲྭ་ཡག་པོ་མི་འདུག་ཟེར་བའི་རྒྱུ་མཚན་ནི།
༡༽ བརྗོད་བྱ་དཔལ་ཕྱོགས་གླིང་ཡབ་སྲས་ཀྱི་དགོངས་པ་དང་རྩ་ཉིད་ནས་མི་
མཐུན་པ་དེ་རེད།
༢༽ བརྗོད་ཚུལ་སྐོར་ལོག་དང་ཚིག་འཁྲི་ངག་འཁྱལ་འབའ་ཞིག་ཡིན་པ་དེ་རེད།
༣༽ རྒྱུ་མཚན་དེ་ཉིད་ལ་བརྟེན་ནས་སློབ་མ་ཤེས་རབ་འཆལ་ཏེ་གཞུང་ཆེན་པོའི་ནང་དོན་
ལ་བསླད་ཞུགས་ཀྱི་ཡོད་པ་དེ་རེད།
༤༽ བསྡུས་གྲྭ་སྦྱང་མཁན་དེ་ཚོས་རྒྱུ་མཚན་དང་ནང་དོན་ལ་བསམ་མནོ་ཁྱོན་ནས་མི་
གཏོང་བར་ཁོ་རང་གི་ཞེ་འདོད་དེ་སྒྲུབ་ཐབས་སུ་ཨུ་ཚུགས་དང་ཚིག་འཁྲི་
རྒྱག་རྐྱང་བྱེད་པ་བཅས་རེད།
དེ་རེ་རེ་བཞིན་བྲིས་ན་མང་པོ་ཞིག་ཆགས་ཀྱི་འདུག
དཔེར་ན་སྣང་སེལ་གཉིས་ཀྱི་ངོས་འཛིན་སོགས་མང་པོ་ཞིག་འཇམ་དཔལ་
དབྱངས་དངོས་ས་སྐྱ་པཎ་ཆེན་གྱིས་རིགས་པ་རྣག་དག་གི་སྒོ་ནས་ཡང་ནས་
ཡང་དུ་བཀག་པ་རིགས་གཏེར་རང་འགྲེལ་དུ་རེ་རེ་བཞིན་རྣམ་འགྲེལ་སོགས་
ཚད་མ་སྡེ་བདུན་གྱི་ལུང་དང་སྦྲགས་ཏེ་རྒྱས་པར་གསུངས་ཡོད། དེ་ཡང་རི
གས་གཏེར་ལས། ཐ་དད་སྤྱི་འདོད་འུག་ཕྲུག་པ། །རྫས་གཅིག་ཡིན་ཞེས་
གྲངས་ཅན་པ། །གངས་ཅན་པ་རྣམས་དེ་རྗེས་འབྲང་། །སེལ་བར་འདོད་པ་
མཁས་པའི་ལུགས། །ཞེས་སོགས་མང་དུ་གསུངས་ཏེ་མདོར་ན་སྣང་སེལ་
གྱི་དབྱེ་བ་ཕྱེ་མ་ཤེས་པའི་དབང་གིས་སྒྲོ་བཏགས་མང་པོ་ཞིག་བྱས་ཏེ་ཚད་
མའི་གཞུང་ལ་སླད་ཞུགས་པ་ས་སྐྱ་པཎ་ཆེན་གྱིས་དག་ཐེར་བྱས་པ་རེད།
སྤྱིར་ས་སྐྱ་པཎ་ཆེན་ཡང་རིགས་པ་སྨྲ་བ་དང་ཚད་མ་སྨྲ་བ་རེད།
རྩོད་པ་མི་དགོས་པ་དང་ཚུལ་གསུམ་མི་དགོས་པར་གསུངས་པ་རྩ་བ་
ཉིད་ནས་མ་རེད། ཡིན་ན་ཡང་ཕྱཱ་པ་སོགས་ཀྱི་རིགས་པ་འདི་ཚད་མ་དང་
མི་མཐུན་པའི་རྒྱུ་མཚན་གྱིས་བཀག་ནི་རེད། དེ་རྗེས་མི་ཕམ་པ་དེ་ཡང་
ཧ་ལས་པའི་རིགས་པ་སྨྲ་བ་རེད་ལ་ཚད་མ་རྣམ་འགྲེལ་གྱི་འགྲེལ་བ་ཡང་
བྲིས་འདུག ཁོང་གི་ཚད་མའི་འགྲེལ་བ་ནང་བཞིན་རྒྱ་བོད་གཉིས་ན་
མེད་ཅེས་མཁས་པ་མང་པོས་གསུངས་སྲོལ་ཡོད་པ་རེད། ཁྱད་པར་བློ་
རྟགས་ཀྱི་སྐོར་འདི་གལ་ཆེ་ཚུལ་མི་ཕམ་རྣམ་འགྲེལ་འགྲེལ་ཆེན་ལས།
གཞན་ཡང་རྟགས་རིགས་དང་བློ་རིགས་ཀྱི་རྣམ་པར་གཞག་པ་ནི་ཟུར་
དུ་བཤད་པར་བྱས་ན་བདེ་བས་དེ་ལྟར་བཤད་པར་བྱ་ལ། གཞུང་འཆད་
པའི་སྐབས་འདིར་ནི་གཞུང་གི་གོ་བ་རྣལ་མ་ཉིད་བཤད་པས་བློ་སྐྱེད་ཐོན་
སླ་བའི་ཕྱིར་དེ་ལྟར་འཆད་པར་འདོད་དོ། ཞེས་དང་། དབུ་མ་རྒྱན་འགྲེལ་
དུ་ཡང་བློ་རྟགས་ཀྱི་རྣམ་བཞག་གལ་ཆེ་ཚུལ་གསུངས་པས་མཚོན་བློ་
རྟགས་སོགས་ཚུལ་གསུམ་གྱི་རྣམ་བཞག་དང་འཆད་རྩོད་རྩོད་གསུམ་
གྱི་ནང་ཚན་དུ་གྱུར་པའི་རྩོད་པ་མི་དགོས་པར་བཤད་པ་དེ་འདྲ་
རྩ་བ་ཉིད་ནས་མ་རེད།
མདོར་ན་རྩོད་པ་མི་དགོས་པར་བཤད་པ་མ་རེད་ལ་ཚུལ་གསུམ་མི་
དགོས་པར་བཤད་པ་ཡང་མ་རེད།རྣ་གྲོལ་གླིང་དང་བཀའ་བརྒྱུད་པས་
རྟགས་བསལ་བཏང་བ་ཡང་བསྡུས་གྲྭ་ལ་འབྲེལ་ཅི་ཡང་མེད་པ་རེད།
སྤྱིར་ཁྱེད་ཚོ་ལ་ལ་ཞིག་གིས་སྐབས་རེ་རྒྱ་གཞུང་ལ་བསྟུན་དགོས་
པར་བཤད་དེ་དཔལ་ན་ལེནྚའི་པཎ་གྲུབ་རྣམས་ཀྱི་ལུགས་དང་མཐུན་
དགོས་པར་གསུང་གི་འདུག གཏེར་མ་དང་དག་སྣང་གི་ཆོས་སྐོར་ལ་
ཟུར་བ་རེད་སྙམ་པ་ཡང་མང་པོ་ཟེར་ཡོང་གི་འདུག སྐབས་རེ་བོད་རང་
གི་ཐུན་མོང་མ་ཡིན་པ་ཞེས་པའི་ཚིག་ཅིག་བེད་སྤྱོད་བྱས་ཏེ་ཨུ་ཚུགས་
ཀྱི་ལམ་ལ་ཞུགས་ཡོང་གི་འདུག་པ་དཔེར་ན། བོད་ཀྱི་བླ་མའི་ཡང་
སྲིད་ངོས་འཛིན་ལྟ་བུ་ན་ལེནྚའི་རྗེས་སུ་འབྲང་གི་མི་འདུག་པ་ནང་
བཞིན་རེད། དེ་བཞིན་བསྡུས་གཞུང་གི་བརྗོད་བྱ་ཕལ་ཆེར་ཕྱོགས་གླང་
དང་ཆོས་གྲགས་ཀྱི་དགོངས་པ་མི་མཐུན་ཚུལ་ཚད་མ་རིགས་གཏེར་
རང་འགྲེལ་དང་བསྟུན་ཏེ་དཔྱད་པ་བྱས་ན་ཧ་ཅང་གསལ་བོ་རེད་དེ་
ཁྱེད་ཚོས་ཚིག་འཁྲི་དང་སྐོར་ལོག་རྐྱང་རྐྱང་བཤད་ནས་རྣ་བ་གཡར་གྱི་མི་
འདུག་པ་ནང་བཞིན་རེད།
དངོས་གནས་རྒྱ་གཞུང་ལ་ཁུང་གཏུགས་ན་ཡག་པོ་རེད། རྗེས་སུ་ཡི་
རང་ཡོད། འོན་ཀྱང་རྒྱ་གར་མཁས་པས་མཛད་པའི་ཚད་མའི་
འགྲེལ་ཆེན་ཁག འདུལ་བའི་འགྲེལ་ཆེན་ཁག ཕར་ཕྱིན་གྱི་འགྲེལ་
བ་ཉེར་གཅིག མདོར་ན་མདོ་རྒྱུད་གཉིས་ཀའི་འགྲེལ་བར་ལྟོས་དང་།
བསྡུས་གྲྭའི་བཤད་པ་ཕར་ཞོག་ཐ་ན་ཚུལ་གསུམ་གྱི་ལམ་ལ་དྲངས་ཏེ་
བཤད་པ་དེ་འདྲ་རྩ་བ་ཉིད་ནས་མེད་པ་མིག་ཡོད་ན་ཤེས་པ་ནང་
བཞིན་རེད། དེ་བཞིན་དགེ་ལུགས་པའི་ལུགས་ཀྱང་མ་རེད་ཅེས་
བཤད་ན་ཆོག་ཡོད་ནི་རེད། རྗེས་ཡབ་སྲས་གསུམ་གྱི་གསུང་ན་
བསྡུས་གྲྭ་ཟེར་བ་ཞིག་ཨེ་ཡོད། ལྷག་པར་རྗེ་རིན་པོ་ཆེས་ཚིག་གི་
འཐེན་རྩོད་ལ་ཐུགས་མི་དགྱེས་པར་གསུངས་པའི་ལུང་མང་
པོ་ཡོད་དེ་རིང་ཇི་བཞིན་པ་དྲན་གྱི་མི་འདུག བསྡུས་གྲྭ་ལ་ཟུར་
བ་རེད་སྙམ་པ་མང་པོ་ཡོད།རྙིང་མའི་འཇུ་མི་ཕམ་པ་དང་། བཀའ་
བརྒྱུད་པའི་འབྲུག་ཀུན་མཁྱེན་པད་མ་དཀར་པོས་བསྡུས་གྲྭ་སངས་
རྒྱས་ཀྱི་བསྟན་པ་བཤིག་པའི་ཏོག་ཙེ་རེད་གསུངས་འདུག་པ་སོགས་
ལ་ལྟོས་དང་གཞུངས་ཚད་ལྡན་རྣམས་ལ་སླད་ཞུགས་ཏེ་སྐྱོན་ཅན་དུ་
འགྱུར་བར་དགོངས་པ་རེད། ཁྱེད་རང་གིས་བསྡུས་གྲྭའི་ཕན་ཐོག་
ཡོད་ཚུལ་བཤད་པའི་རྒྱུ་མཚན་དེ་ཙམ་གྱིས་ཅི་ཡང་གྲུབ་ཀྱི་མི་འདུག
དུད་ནག་ཟོས་པ་ཡང་སྐྱིད་པོ་ཡིན་ཚུལ་བཤད་ཀྱི་འདུག
ཕག་པ་མི་གཙང་བ་ལ་ཞིབ་སྣང་སྐྱེ་ཡི་ཡོད་པ་རེད། དེ་འདྲ་
བོ་ཞིག་རེད་ཟེར་གྱི་ཡིན། ངས་དགེ་ལུགས་པ་ལ་ཅང་ཟེར་གྱི་མེད་
ལ་རྗེ་ཡབ་སྲས་ལ་སྐུ་འདེབས་བྱས་མེད། བསྡུས་གྲྭ་མི་དགོས་ཟེར་
གྱི་ཡོད། ལྷག་པར་བོད་གཞུང་གི་སློབ་ཕྲུག་ཚོའི་དུས་ཚོད་དང་རྣམ་
དཔྱོད་འཕྲོ་བླག་བཏང་བ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ་བློ་ཕམ་ཡོད།
ཡ་བསྡུས་ར་གལ་ཆེན་པོ་ཡིན་ན་ཡག་པོ་རེད། ངས་རྩོམ་ཚང་མ་ཀློག་འདོད་སྐྱེས་མ་སོང་།
ངས་འདིར་དྲི་བ་ཁ་ཤས་འདྲི་གི་ཡིན།
༡ སྔོན་མའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་རྒྱན་དྲུག་མཆོག་གཉིས་ཀྱིས་བསྡུས་ར་སྦྱོངས་ཡོད་པ་རེད་དམ།
༢ ཇོ་འབྲོམ་ཡབ་སྲས་སོགས་ཀྱིས་གཙོས་པའི་བཀའ་གདམས་པའི་དགེ་བཤེས་ཆེན་པོ་དེ་ཚོས་བསྡུས་ར་སྦྱོངས་ཡོད་པ་རེད་དམ།
༣ མར་མི་དྭགས་གསུམ་གྱིས་མཚོན་པའི་བཀའ་བརྒྱུད་པའི་སྐྱེས་ཆེན་དམ་པ་དེ་ཚོས་བསྡུས་ར་སྦྱོངས་ཡོད་པ་རེད་དམ།
༣ ས་སྐྱ་གོང་མ་རྣམ་ལྔས་མཚོན་པའི་ས་སྐྱ་བའི་མཁས་དབང་ཚོས་བསྡུས་ར་སྦྱོངས་ཡོད་པ་རེད་དམ།
༤ ད་རུང་ཆོས་རྒྱལ་ཚོའི་སྐབས་ཀྱི་ལོ་པཎ་གནམ་གྱི་ཉི་ཟླ་ལྟ་བུ་དེ་ཚོས་བསྡུས་ར་སྦྱོངས་ཡོད་པ་དེར་དམ།
གལ་སྲིད་དེ་ཚོས་བསྡུས་ར་སྦྱངས་མེད་ན་དེ་ཚོས་གཞུང་ཆེན་པོ་ཚོའི་དོན་གོ་ཡོད་རྒྱུ་མ་རེད་པ།
༥ སྔོན་མ་རྒྱ་གར་དུ་དཔལ་ན་ལེན་དྲའི་ནང་བསྡུས་ར་སྦྱོངས་གི་ཡོད་དམ།
མགོན་ཕྱག
འཕགས་བོད་ཀྱི་མཁས་གྲུབ་གོང་མ་དེ་དག་གིས་བསྡུས་གྲྭ་ལ་སྦྱངས་ཡོད་དམ་ཞེ་ན། ཚིག་ཙམ་ལ་བསམས་པ་ཡིན་ན། སྦྱངས་མེད། དོན་ལ་བསམས་ན་ཚད་མ་རིག་པ་ལ་སྦྱངས་པས་བསྡུས་གྲྭ་ལ་དོན་གྱིས་སྦྱངས་པ་རེད།
ཁྱོད་ཀྱིས་དྲི་བ་དེ་དག་གི་ཞེ་ཕུག་དེ་ག་རེ་ཡིན་ནམ། ?????????
མཁས་གྲུབ་གོང་མ་དེ་དག་གི་དུས་སུ་མེད་པའམ། དེ་དག་ལ་མི་མཁོ་བའམ་དེ་དག་གི་མ་སྦྱངས་པའི་རྒྱུ་མཚན་གྱིས་མི་མཁོ་ཟེར་ན་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལྟར་ན་ཕྱིས་ཀྱི་གཞུང་འགྲེལ་རྩ་བ་ཆེན་པོ་རྗེ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་རྣམས་དང་། སློབ་དཔོན་པདྨའི་གསུང་སོགས་ས་དགེ་བཀའ་རྙིང་གི་གཞུང་ལུགས་དེ་དག་ཐམས་ཅད་མི་དགོས་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ན། དཔལ་ནཱ་ལེནྡྲའི་མཁས་གྲུབ་གོང་མ་དེ་དག་གི་དུས་སུ་མེད་པའམ་ཡོད་ཀྱང་དེ་ལ་མི་དགོས་པའམ་དེ་དག་གིས་མ་སྦྱངས་པའི་ཕྱིར་རོ། །དེ་ལ་ལན་ཡོད་ན་ཐོབ་ཅིག
ཁྱོད་ལ་དྲི་བ་ཞིག་ཡོད། པགས་རྩག་ནང་གི་ཤིག་ཡང་མ་ཤི་བའི་གྲྭ་པ་གསར་འཐོམ་པ་ཞིག་ལ་དང་པོ་ཉིད་ནས་མངོན་རྟོགས་རྒྱན་འཁྲིད་པ་བཟང་ངམ། ཡང་ན་ཐབས་མཁས་ཀྱི་སྒོ་ནས་ཐོག་མར་ཁ་དོག་དཀར་དམར་སོགས་ཁྱོད་རང་གི་བློ་གྲོས་དང་འཚམ་པ་ཞིག་སྔོན་ལ་འཁྲིད། དེ་ནས་རིམ་གྱིས་བློའི་ནུས་པ་གོང་མཐོར་སོང་བའི་མཚམས་ནས་གཞུང་ཆེན་མོ་འཁྲིད་པའི་ཐབས་མཁས་དེ་གཉིས་གང་ལེགས་སམ།
ཁྱོད་ནི་གཞན་ལ་དཔེ་ཁྲིད་སོགས་བྱས་པའི་ཉམས་མྱོང་སྣ་གཅིག་ཀྱང་མེད་ཀྱང་ང་རྒྱལ་དང་སྙིང་ཁམས་ཧ་ཅང་ཆེ་བ་ཞིག་གོ།
ཁོ་རང་གི་བློ་གྲོས་དང་འཚམ་པ། ནོར་བཅོས།
ངས་མཁོ་མི་མཁོའི་སྐོར་སྐད་ཆ་གཅིག་ཀྱང་བཤད་མེད། ངའི་དྲི་བ་དེའི་ཞེ་ཕུག་བསྡུས་ར་མེད་ནའང་མཚན་ཉིད་སྦྱོངས་བའི་ལམ་ཁ་ཡོད་པར་སྟོན་གི་ཡོད། དེའང་དེང་རབས་ཀྱི་ཡར་རྒྱས་ལྡན་པའི་རྒྱལ་ཁབ་ཁག་ནང་མཚན་ཉིད་རིག་པ་སློབ་སྟངས་ལྟར་གོམ་པ་རིམ་བགྲོད་ཀྱིས་སྦྱོངས་ཆོག་པའི་ལམ་ཁ་ཞིག་ཡོད་རྒྱུ་རེད། ཁ་སང་སྔོན་མ་བཤད་པ་ལྟར་ཆུ་ཚོད་ཅུང་ཙམ་འཕྲོ་བརླག་འགྲོ་གི་མེད་འགྲོ་བསམ། ཁ་དོག་དཀར་དམར་གཅིག་པོའི་ཐོག་ཆུ་ཚོད་ག་ཚོད་འཕྲོ་བརླག་གཏོང་གི་འདུག
རྩ་བའི་དང་པོ་ནས་འབྲི་ཀློག་འདོན་གསུམ་ཡག་པོ་ཞིག་བྱང་། སུམ་རྟགས་དག་གསུམ་ཡག་པོ་ཞིག་སྦྱངས། དེ་ནས་མཚན་ཉིད་རིག་པའི་གནད་འགག་ཆེ་ས་དེ་ཚོ་གོ་བདེ་བའི་འགྲེལ་བཤད་ཡག་པོ་ཞིག་རྒྱབ་དེ་འདྲ་བྱས་དེ་ནས་གཞུང་ཆེན་པོ་ཁག་ལ་ཞུགས་པ་ཡིན་ན་གཅིག་ཤེས་ཀུན་གྲོལ་ཟེར་བ་དེ་ཡོང་གི་རེད་སྙམ།
ངས་བལྟས་ན་སྙིང་ཁམས་ཆེན་པོ་ཁྱོད་རེད། སྲོལ་རྒྱུན་གྱི་སློབ་སྟངས་གཅིག་པོ་མ་གཏོགས་མི་ཤེས་པར་མང་པོ་ཞིག་བཤད་གི་འདུག་ག དང་པོ་སློབ་གསོ་རིག་པ་དང་སེམས་ཁམས་རིག་པ་སྦྱོངས། དེ་ནས་བོད་ཀྱི་སྲོལ་རྒྱུན་གྱི་སློབ་སྦྱོང་བྱེད་སྟངས་ལ་ཅིག་ལྟོས། དེ་ལྟར་བྱས་པ་ཡིན་ན་དེའི་སྐབས་ཁྱོད་ལའང་བསམ་བློ་གསར་པ་ཞིག་འཁོར་སྲིད།
ངས་བོད་ཕྱི་ནང་གཉིས་ཀ་ནས་དགེ་རྒན་བྱས་པ་ཡིན། སློབ་གསོ་རིག་པ་དང་སེམས་ཁམས་རིག་པ་ཟེར་བ་དེ་ཚོའང་ཁ་ཟིན་སྣ་ཟིན་རེ་སྦྱངས་པ་ཡིན། དེར་བརྟེན་བོད་ཀྱི་སྲོལ་རྒྱུན་གྱི་སློབ་གསོའི་ཐོག་བསམ་བློ་མ་མཐུན་པ་མང་པོ་ཞིག་ཡོང་གི་འདུག ངའི་རང་གི་བསམ་བློ་མ་མཐུན་པ་དེ་ཚོ་ཤོད་ཀྱི་ཡོད། ཡིན་ནའང་ངའི་བསམ་ཚུལ་འདི་འགྲིགས་ཟེར་ནས་བཤད་གི་མེད། གཞན་དང་མཉམ་དུ་ག་འདྲ་བྱས་ན་བཟང་མིན་སྐོར་བགྲོ་གླེང་བྱེད་གི་ཡོད། ད་ལྟ་སྔོན་མ་ནང་བཞིན་བློ་འཛིན་རྐྱང་རྐྱང་བྱེད་པའི་དུས་ཚོད་དེ་རྫོགས་ཚར་བ་རེད། དེ་སེམས་མ་ཟུངས།
མགོན་ཕྱག་ལགས།
བསྡུས་གྲྭའི་རིགས་ལམ་གྱི་འགྲོས་ཡག་པོ་ཞིག་ཆགས་ནས། གཞུང་གསར་རྙིང་ཙམ་ལ་སླེབས་དུས་སུམ་རྟགས་དག་གསུམ་ཟླ་བ་རེ་ཟུང་ལ་སྦྱང་ཐུབ་ཀྱི་འདུག དེ་ངེད་ཀྱི་ཉམས་མྱོང་ཡིན། བླ་རྒན་ཚོས་དཔེ་ཆ་ཤེས་ན་རིག་གནས་ལས་སླ་པོ་རེད་ཅེས་གསུངས་པར་བདེན་པ་ཕྲན་བུ་འདུག
ངེད་ཀྱིས་སུམ་རྟགས་དང་སྙན་ངག་གཟའ་མིག་དམར་གྱི་དགུང་སེང་གང་ཡིན་ལ། ཨ་མདོ་བ་མཁས་དབང་དགེ་འདུན་སྦྱིན་པ་ཞེས་ཕྱག་དཔེ་དང་རིག་གནས་ལྷག་པར་སྙན་ངག་ལ་མཁས་པ་ཁོང་གི་དྲུང་ནས་སྦྱངས་པ་ཡིན། སྔོན་མ་ནི་བཙན་བྱོལ་དུ་སྙན་ངག་ལ་སྙན་གྲགས་ཆེ་ཤོས་ཁོང་རེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཀྱང་ཁོང་ལ་བསྔགས་བརྗོད་གནང་བའི་ལོ་རྒྱུས་ཡོད།
སུམ་རྟགས་སྔོན་མ་ཕལ་ཆེར་ཕར་ཕྱིན་བལྟ་དུས་སྦྱངས་པ་ཡིན། བསྡུས་གྲྭ་དང་གཞུང་མོ་བལྟས་ན་རིག་གནས་གཞན་རྣམས་རིག་པ་ལེགས་པ་ཚོས་ཕལ་ཆེར་རང་གིས་དཔེ་ཀློག་བརྒྱབ་ནས་ཀྱང་ཤེས་ཀྱི་ཡོད་ས་རེད། ང་རང་རིག་པ་ཧ་ཅང་སྐྱོ་པོ་ཞིག་ཡིན་རུང་། ཞེ་དྲག་འགོར་མ་སོང་། སྙན་ངག་ཤེས་མ་ཤེས་ནི་དཔེར་བརྗོད་ལེགས་པོ་བརྒྱབ་ཐུབ་མ་ཐུབ་ཀྱིས་འབྱེད་པ་ཡིན་ཙང་། གནས་ཚུལ་ཐ་དད་རེད། སྙན་ངག་གི་ནང་དོན་རྟོགས་པ་དཀའ་མོ་མ་རེད། འོན་ཀྱང་དཔེར་བརྗོད་རྒྱག་རྒྱུ་ཁག་པོ་རེད། མ་ཟད་རང་བཞིན་གྱི་གཤིས་ཀ་ཞིག་ཀྱང་དགོས་ཀྱི་འདུག
རེད། རེད། ཁྱེད་རང་གིས་ཉམས་མྱོང་གཞི་རྩར་བཞག་ནས་བཤད་པ་དེ་ཚོར་གཞི་རྩ་འདུག
མཆན་རྟགས་ ༡༠ པའི་མགོན་པོའི་དྲི་བ་དེ་ཚོ་དཔེ་མི་སྲིད་པའི་གནད་འགག་ཆེན་པོ་རེད་འདུག
ད་བསྡུས་རའི་རིགས་པ་ལས་ལོག་ཀ་ཅང་མ་རེད་འདུག་བྱང་ཆ་མེད་པ་མ་གཏོགས། ངས་ཀྱང་ས་སྐྱ་བ་མ་གཏོགས་ཆོས་བརྒྱུད་གཞན་དག་བོན་པོ་དང་བཅས་པར་ཆོས་ར་མཉམ་དུ་བརྩད་མྱོང་། ལྷག་པར་དུ་རྙིང་མ་སྐོར་ཟིག་དང་མཉམ་དུ་རྡོ་རྗེ་གདན་གྱི་མཆོད་རྟེན་ནུབ་ངོས་སུ་འདུལ་བ་རྩོད་སྐབས་ཅིག་ལ། གྲྭ་བ་ཁ་ཤས་ཀྱིས་མཆོད་རྟེན་ཆུང་བ་དེ་ཚོའི་སྟེང་ལ་འཛེགས་ནས་ཆོས་རྩོད་བརྒྱབ་པ་འདྲ། དེ་ནས་རྒྱ་གར་རྒན་འགོ་ཁ་ཤས་ཡོང་ནས། མཆོད་རྟེན་འདི་དག་སྔོན་མ་ཁ་ཆེས་གཤིགས་པ་རེད། ད་ཡིན་ན་གྲྭ་བ་འདི་ཚོས་ཡང་གཤིག་རྒྱུ་རེད། སང་ཉིན་ནས་མཆོད་རྟེན་གྱི་མཐའ་སྐོར་འདི་ནས་ཆོས་རྩོད་རྒྱག་མི་ཆོག ཅེས་ཟེར་སོང་། རྒྱ་གར་གྱི་སྐད་ཆ་དེ་ཚོ་ད་ལྟ་དྲན་ན་ཡང་ངོ་ཚ་ནི་ཟིག་རེད།
བར་སྐབས་ཅིག་ལ་བོན་པོ་མང་པོ་ཅིག་དང་། ཨ་ནི་མང་པོ་ཅིག་འཇང་དགུན་ཆོས་ལ་ཡོང་ནས་རྣམ་འགྲེལ་བརྩད་པ་རེད། འོན་ཀྱང་སྐབས་ཅིག་ནས་ཀོ་མགོན་པོ་དགེ་བསྐོས་འཁེལ་སྐབས་ཅིག་ལ་འཇང་དགུན་ཆོས་དགའ་ལྡན་ནས་ཚོགས་སོང་། ཀོ་མགོན་པོ་ནས་ཨ་ནི་དེ་ཚོ་ཆོས་ར་ཡོང་མི་ཆོག་པ་བཟོས་པ་རེད། དེའི་རྗེས་ནས་བཟུང་སྟེ། ཨ་ནི་དེ་ཚོ་ལོག་ཀ་ཅིག་ལ་འཇང་དགུན་ཆོས་འཚོགས་ཀི་འདུག དེ་ཡང་བལ་ཡུལ་དང་རྒྱ་གར་གྱི་ས་གནས་ཁག་གི་ཨ་ནི་དགོན་པ་འཆད་ཉན་ཡོད་པ་ཆ་ཚང་པོ་མཉམ་དུ་འཚོགས་ཀི་འདུག
འཇང་དགུན་ཆོས་སྐྱིད་པོ་ཅིག་ལ་སེ་ར་འཚོགས་ན་དཔེ་མི་སྲིད་པའི་སྐྱིད་པོ་རེད་འདུག ང་རང་ལ་མཚོན་ན་ཆུ་བསྐྱལ་ལ་ཤིན་ཏུ་དགའ་བས། སེ་རའི་ཐག་ཉེ་ཅིག་ན་བཞུར་ཆུ་ཆེན་པོ་ཅིག་འདུག ག་དུས་ཡིན་ན་ཡང་དེར་སོང་ནས་ཆུ་བསྐྱལ་བ་ཡིན། ཆོས་རའི་ལྟ་རྟོགས་པ་དེ་ཚོས་འཇུས་སོང་ན་དེ་ནས་ལྟད་མོ་ཡོད། འབྲས་སྤུངས་ལ་འཚོགས་པའི་ལོ་གཅིག་ལ་རྣམ་འགྲེལ་ལེའུ་དང་པོའི་དམ་བཅའ་སྡོད་དགོས་གསུངས་སོང་། རྟགས་གསལ་མཆོད་བརྗོད། རྟོག་པའི་དྲ་བ་རྣམ་གསལ་ཅིང་།། ཟབ་ཅིང་རྒྱ་ཆེ་སྐུ་མངའ་བ།། ཀུན་ཏུ་བཟང་པོའི་འོད་ཟེར་དག། ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ།། ཅེས་པའི་སྐབས་ནས་སྐུ་གསུམ་སྐུ་བཞི་འཕྲིན་ལས་དང་སྦྱར་ནས་བཏང་སོང་། ལན་གང་འཚམ་ཅིག་བཏབ་ནས་འོ་ཙམ་བྱུང་ཡོད་སྐབས་ཅིག་ལ། དགེ་བཤེས་བགྲེས་པ་སྐོར་ཅིག་ལངས་ནས་མཁས་གྲུབ་ཊིཀ་ཆེན་དང་། རྒྱལ་ཚབ་རྗེའི་ཐར་ལམ་གསལ་བྱེད་ཀྱི་ལུང་ཁ་ཤས་དྲང་ནས་ཁོང་གཉིས་ཀྱི་ཚིག་ཟིན་མི་མཐུན་ན། རྒྱ་གཞུང་གང་དང་གང་གི་འགྲེལ་ལུགས་ལྟར་ཡིན་མིན་སྐོར་ལ་བརྩད་པས་འོ་ད་ཡིན་ན་སྐྱག་པ་ཤོར་ཤོར་མྱང་སོང་། དམ་བཅའ་གྲོལ་བ་དང་བློ་གསལ་གླིང་གི་དགེ་བཤེས་བགྲེས་པ་ཅིག་ཕེབས་ནས་ཡག་པོ་བྱུང་སོང་ཅེས་སེམས་གསོ་བཏང་སོང་མོད། ད་དུང་ཡང་གཟུགས་པོ་ཡོངས་རྫོགས་འདར་སིག་སིག་བྱེད་ཀྱི་འདུག
༧ གོང་ས་མཆོག་གིས་ཚད་མ་རིག་པའི་སྐོར་ནས་རྣམ་འགྲེལ་དང་བསྡུས་ར་ཙམ་དུ་མ་ཟད། བོད་ཀྱི་ཆོས་བརྒྱུད་ཁག་ལ་དམིགས་བསལ་གྱི་སློབ་ཚན་མེད་པ་ཞི་བ་འཚོའི་ཚད་ཆེན་འདི་ལ་དམིགས་བསལ་གྱི་འཆད་ཉན་བྱེད་དགོས་པ་འདུག་ཅེས་གསུངས་པས། སྔར་ཝ་ར་ན་སིའི་མཐོ་སློབ་ཀྱི་བཀོད་སྒྲིག་འོག བོད་ཀྱི་ཆོས་བརྒྱུད་ཡོང་ནས་དགེ་བཤེས་ཐོན་ཟིན་མང་པོ་ཕེབས་ནས་བགྲོ་གླེང་ཀྱང་བཙུགས་ནས། ཡོད་པ་ཡར་རྒྱས་དང་། མེད་པ་ཟབ་འཇུག་གི་ཐབས་ཤེས་གང་མང་གནང་གི་ཡོད་པ་རེད།
གཅིག་བྱས་ན་ཀླད་རྙིང་མཁྲེགས་འཛིན་དེ་ཡང་དགོས་ས་འདུག་བསམ། གང་ཡིན་ཟེར་ན། རྙིང་པ་ཚང་མ་ཐོག་མར་མིའི་སྤྱི་ཚོགས་སུ་དར་དུས་གསར་བ་ཡིན་ནི་རེད། དེ་ནས་ཆོད་མེད་པ་དེ་ཚོ་རིམ་གྱིས་རིམ་གྱིས་ཉམས་འགྲོ་གི་རེད། ཤུལ་ཏུ་ལྷག་པ་ནི་རིན་ཐང་ཅན་དེ་ཚོ་རེད། དེ་བས་ན་རིན་ཐང་ཅན་དེ་ཚོ་གད་སྙིག་ནས་དུ་གཡུག་ན་འདོད་ན་ཡང་ལས་སླ་བོར་གཡུག་ཐུབ་ཀྱི་མ་རེད། འོན་ཀྱང་བོང་བུའི་རྣ་འབྱོག་ནང་དུ་གསེར་བླུག་ན་ཡང་ཁྲོག་ཁྲོག་གཡུག་བཞག་གི་རེད། དེ་ལ་བྱས་ཡ་གང་ཡང་ཡོད་པ་མ་རེད།
ང་ནི་ཚངས་པའོ། ཚངས་པ་ཆེན་པོའོ།
བདེན་པ་རེད། ང་ནི་ཚངས་པའོ། ཚངས་པ་ནི་ཆེན་པོའོ་ཟེར་ན་རང་གཞན་གཉིས་ཀ་ལ་དོན་གང་ཡང་འགྲུབ་གྱི་མ་རེད། དེས་ན། ངས་བསམ་ན་ཡོད་པ་གང་ཞིག་ཡིན་ན་ཡང་དགག་ཕྱོགས་སྒྲུབ་ཕྱོགས་གཉིས་ཀ་ཡོད་དགོས་ནི་རེད། དཔེར་ན་རིན་ཐང་ཅན་ཞིག་ཡིན་ན། དགེ་ལུགས་པ་ལ་མཚོན་ན་དགག་ཕྱོགས་སྒྲུབ་ཕྱོགས་གཉིས་ཀ་ཉར་གི་ཡོད། སྟག་ཚང་བའི་རྗེ་རིན་པོ་ཆེར་དགག་པ་ལྟ་བུ་དགེ་ལུགས་པས་ཉེར་བ་མ་གཏོགས་སུས་ཉེར་ཡོད། འདི་དགེ་ལུགས་པའི་གྲུབ་མཐའ་རྩོད་པའི་སྐབས་ལ་གྲྭ་ཚང་སོ་སོའི་འཛིན་གྲྭ་ནས་རྩོད་བཞིན་པ་ལས། རྩ་བ་ཁོ་རང་གི་ཆོས་བརྒྱུད་ན་དམིགས་བསལ་འཛིན་གྲྭ་ཐོག་རྩོད་བཞིན་ཡོད་དམ།
དེ་བཞིན་ཚད་མ་རིག་གཏེར་ཡིན་ན་ཡང་རགས་ཙམ་ཞིག་མཁས་གྲུབ་ཊིཀ་ཆེན་ན་བཀོད་ཀྱི་ཡོད་པས། དགེ་ལུགས་པའི་འཇང་དགུན་ཆོས་ན་རགས་ཙམ་རྩོད་ཀྱི་ཡོད་པ་རེད། གཅིག་ཡོད་ན་གཅིག་བཅོམ་དགོས་བ་འདི་ཡར་རྒྱས་ལ་བརྩི་རྒྱུ་མ་རེད། བོ་དུང་བ་ལ་མཚོན་ན་དེབ་ ༡༤༩ ལྷག་ཙམ་རྩོམ་ཟིན་ན་ཡང་། བོད་གངས་ཅན་ན་ཁོང་གི་གསུངས་ལ་སུས་ཀྱང་ལག་པ་མ་འཆངས་པར་བསྡད་འདུག་ཀ གཞན་གྱི་རིན་པོ་ཆེ་གད་སྙིགས་ནང་དུ་གཡུག་དགོས་ཅེས་འུར་རྒྱག་པ་ལས། སོ་སོའི་མཁས་པའི་གསུང་ལ་བདག་པོ་བརྒྱབ་ན་འོ་ཙམ་མིན་འགྲོ
གཅིག་ཡོད་ན་གཅིག་བཅོམ་དགོས་པ་འདི་རིག་གནས་གསར་བརྗེའི་ལྟ་བ་རེད། རིག་གནས་གསར་བརྗེ་འདི་རྒྱ་ནག་ནང་ལ་སྲིད་གཞུང་གི་ངོས་ནས ༡༩༦༥ ནས་ ༡༩༧༩ བར་དུ་མ་གཏོགས་གནས་ཐུབ་མེད། འོན་ཀྱང་དེའི་དུག་རླངས་དེ་བོད་ཀྱི་སྤྱི་ཚོགས་ནང་དུ་ད་དུང་ཡང་སངས་མ་ཐུབ་པར་གནས་བསྡད་ཡོད་པ་འདི་ཤིན་ཏུ་སྐྱོ།།
དྲང་ཕྱོགས་ཅིག་ལ་དྲི་བ་བཀོད་ན་རང་ཉིད་ཞེན་སའི་གྲུབ་མཐའ་དེ་ཡང་བཤད་ཤེས་ཀྱི་མ་རེད། ངས་འདིར་དྲི་བ་ཅིག་བཀོད། ཡིད་བཞིན་མཛོད་དུ་ཀུན་གཞི་མི་འདྲ་བ་བརྒྱད་གསུངས་གི་འདུག་ཀ དེ་དག་སོ་སོ་ནས་འགྲེལ་བཤད་རྒྱོབ་དང་། དེ་ནས་རང་གི་གྲུབ་མཐའ་དང་ཆོས་བརྒྱུད་ལ་ཤ་ཞེན་ཡིན་པར་མ་ཟད་རང་གཞན་ཀུན་ལ་ཕན་གྱི་རེད།
ད་རང་ལུགས་གཞན་ལུགས་ཅང་མི་ཤེས་ལ་རྙིང་མ་པས་ཅི་ཞིག་ཤོད་ཀྱིན་ཡོད་ངས་མི་ཤེས།
ཀློང་ཆེན་པས་ཅི་ཞིག་ཤོད་ཀྱིན་ངས་མི་ཤེས། བསྡུས་གྲྭ་ཟེར་བ་དེ་ཆོས་འཇིགས་རྟེན་
གཉིས་ཀ་ལ་དགོས་མཁོ་སྤུ་ཙམ་མེད་པའི་རིག་ལོག་ཤེས་རབ་འཆལ་བར་བྱེད་པ་ཞིག་
རེད། ཐར་པ་དང་ཐམས་ཅད་མཁྱེན་གཉིས་ཀ་ལ་དགོས་མཁོ་སྤུ་ཙམ་མེད་པའི་ཁར་
གཞུང་ཆེན་པོའི་གོ་བ་ཕྱིན་ཅི་ལོག་ཏུ་དཀྲུགས་འགྲོ་བའི་ཚིག་འཁྲིའི་སློབ་སྦྱོང་ཞིག་རེད་
ཟེར་གྱི་ཡིན། ལྷག་པར་བོད་གཞུང་གི་སློབ་ཕྲུག་ཚོར་འདི་ལྟར་མགོ་སྐོར་གཏོང་བ་ནི་
ཆེས་ཐ་ཤལ་བའི་བྱ་བྱེད་ཅིག་ལ་ངོས་འཛིན་བྱེད་བཞིན་ཡོད།
སྤྱིར་ཆོས་ལུགས་རིས་མེད་ལ་ང་དགའ་བོ་ཡོད་མོད། དགེ་ལུགས་པའི་རིས་མེད་དེ་ལ་
ང་སེམས་གཏིང་ནས་ཞེན་པ་ལོག་ནི་ཡིན། མགོ་སྐོར་རྐྱང་རྐྱང་མ་གཏོགས་དངོས་
གནས་ཀྱི་རིས་མེད་ཟེར་བ་དེ་རྩ་བ་ནས་ཉིད་ནས་མེད་ངེས་པ་ཅན་ཡིན།
གཞན་གྱི་གྲུབ་མཐའ་སྣུབས་ཐབས་འབའ་ཞིག་ལ་བསམ་མ་མནོ་བཏང་བསྡད་ཡོད་པ་
རེད།
རི་བོང་རྩ་ཟན་བྱང་ཁྱི་ཤ་ཟན་གཉིས། །ཟས་ཀྱི་དོན་དུ་སྤྲོས་ཁ་བསྡུར་བ་ལས། །རེ་ཞིག་སོ་སོའི་བསམ་པ་སྐྱང་ན་མཛེས། །ཏི་མུག་རྒྱས་འདོད་ན་མུན་ནག་སྒོམ། ང་རྒྱལ་རྒྱས་འདོད་ན་རྩོད་པར་སློབ། ཕྲ་དོག་རྒྱས་འདོད་ན་རིག་གནས་སྦྱོང། འདོད་ཆགས་རྒྱས་འདོད་ན་སྙན་ངག་སྦྱོང། ཁོང་ཁྲོ་རྒྱས་འདོད་ན་རྒྱལ་རབས་སྦྱོང།
གསལ་བཤད་འདི་ཧ་ཅང་ལེགས་འདུག།།
ད་དུང་ཡང་དེ་ལྟར་དཔེལ་རྒྱུའི་རེ་བ་སྙིང་དགུང་རུས་པའི་སྟིན་ནས་ཡོད། ཐུགས་རྗེ་ཆེ།
ལེགས་སོ།
སྔར་སྒོམ་སྡེ་ལྷ་རམས་པ་ཁ་བརྡ་ནས་ཕུད་པ་རེད། དེ་ནས་ཁོང་གྲོངས་པ་རེད་ཅེས་ལབ་པ་རེད། གྱོང་དེ་བོད་རིགས་སྤྱི་དང་ཁ་བརྡར་རག་པ་རེད་དོ།།