འདབ་པ་ཚེ་དབང་མགོན་པོ།
དེང་སང་བོད་ཕྱི་ནང་ཀུན་ཏུ་ཞལ་འཚོ་བཞིན་པའི་མཁས་པ་རྣམས་ཀྱིས་གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བསྡུས་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་རིག་ལམ་དེ་དག་སྦྱངས་ན་ཕན་ཐོགས་ཡེ་ནས་མེད་ཚུལ་གྱི་གཏམ་སྨྲས་པའི་ཐད་ལ། མཁས་པ་རྣམས་ཀྱིས་ཆུ་ཆར་གྱི་རྗེས་སུ་ཤ་མོ་རྡོལ་བ་ལྟར། ང་ཡིན་ཁོ་ཡིན་ཟེར་ནས་དཔྱད་བརྗོད་དང་། སོ་སོའི་ལྟ་ཚུལ་དང་བསམ་ཚུལ་གྱི་རྩོམ་ཡིག་མང་ཙམ་ཞིག་སྤེལ་ཡོད་པ་མ་ཟད། འགའ་ཞིག་གིས་བསྡུས་གྲྭ་མ་སྦྱངས་ན་མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་མུ་གེར་ལྷག་འགྲོ་བར་དོགས་པ་ཡོད་ཚུལ་དང་།
ཡང་འགའ་ཞིག་གིས་བསྡུས་གྲྭ་སྦྱངས་ན་ཉི་མའི་འོད་ཀྱིས་མུན་པ་གསལ་བ་བཞིན་དུ་བཀའ་བསྟན་གྱི་གནད་ཐམས་ཅད་རང་སར་གྲོལ་འགྲོ་བ་སོགས་ཀྱི་བཤད་པ་མང་བའི་ནང་ནས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཞེས་པའི་མཁས་པའི་མིང་ཆེ་ཡང་དོན་ལ་ཤེས་བྱའི་གཡང་སར་ལྷུངས་པའི་གྱ་ཚོམ་གྱི་གཏམ་ཁོ་ན་སྨྲས་ཏེ་འགྲོ་མཁན་དེས། ༼ཚད་མའི་གཞུང་ལུགས་བསླབ་པ་ལ་ཐོག་མར་བསྡུས་གྲྭ་མི་དགོས་ཟེར་བ་ནི། སུམ་དག་རྟགས་གསུམ་མཐར་ཕྱིན་པ་ཞིག་བསླབ་པ་ལ་ཀ་ཁའི་སྦྱོར་ཀློག་མི་དགོས་ཟེར་བ་དང་དོན་གཅིག༽ །ཅེས་གསུངས་པའི་ལོང་གཏམ་དེར་ལན་ཐབས་ཆག་ཅིག་ལྡོན་ན། དེ་ནི་མ་བརྟགས་པའི་གྱ་ཚོམ་གྱི་གཏམ་འབའ་ཞིག་ལས་མཁས་པའི་གོ་འཕང་གི་རྩེར་སོན་པའི་དོན་ཅི་ལ་ཡིན་སྲིད་དམ། ནམ་ཡང་མི་སྲིད་པ་ཞིག་གོ །
དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཟས་གཙང་སྲས་པོས་བཀའ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱ་ཐམས་ཅད་ཐུགས་སུ་ཆུད་ནས། གང་གི་གདུལ་བྱ་རྣམས་ལ་མ་གསུངས་པའི་སྔོན་དུ། སྔོན་འགྲོའི་བསླབ་པ་བསྡུས་གྲྭ་སྦྱངས་པའི་མཛད་པ་སྐྱེས་རབས་ཁག་ཏུ་མི་གསལ་བ་དང་། དཔལ་མགོན་ཀླུ་སྒྲུབ་ཀྱིས་ཟབ་མོའི་ལྟ་བརྒྱུད་ཀྱི་གཞུང་རྣམས་ཁོང་དུ་ཆུད་ནས། དེ་དག་གདུལ་བྱ་རྣམས་ལ་མ་གསུངས་པའི་སྔོན་དུ། སྔོན་འགྲོའི་ཤེས་བྱ་བསྡུས་གྲྭ་སྦྱངས་པའི་རྣམ་ཐར་འཇིག་རྟེན་དུ་མེད་པ་དང་། དེ་བཞིན་འཕགས་པ་ཐོགས་མེད་ཀྱིས་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་གཞུང་རྣམས་ཁོང་དུ་ཆུད་ནས། དེ་དག་གདུལ་བྱ་རྣམས་ལ་མ་གསུངས་པའི་སྔོན་ལ། བསྡུས་གྲྭ་སྦྱངས་པའི་རྣམ་ཐར་འཕགས་ཡུལ་དུ་གྲགས་མེད་པ་དང་། ཚད་མ་རིག་པའི་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོ་དང་། དཔལ་ལྡན་ཆོས་གྲགས་གཉིས་ཀྱིས་ཚད་མའི་གཞུང་ལུགས་ཀྱི་དོན་རྣམས་ཁོང་དུ་ཆུད་ནས། འཕགས་པའི་ཡུལ་དུ་ཚད་མའི་ཁྲིད་རྒྱུན་དང་བཤད་རྒྱུན་མ་སྤེལ་པའི་གོང་ལ། བསྡུས་གྲྭ་སྦྱངས་པའི་རྣམ་ཐར་ཆོས་འབྱུང་ཁག་ཏུ་མི་གསལ་བ་དང་། མདོར་ན་རྒྱ་གར་གྱི་པཎ་གྲུབ་བཅུ་བདུན་གཙོས་པའི་མཁས་པའི་རྣམས་ཀྱིས་བསྡུས་གྲྭ་སྦྱངས་པའི་ལོ་རྒྱུས་འཕགས་ཡུལ་གྱི་ཡུལ་ཤར་ནུབ་ཀུན་ཏུ་གྲགས་མེད་པ་བཅས་སོ།
དེ་ནས་གངས་རིའི་ཁྲོད་དུ་སྔ་འགྱུར་གྱི་སྐ་ཅོག་ཞང་གཙོས་པའི་ལོ་ཙཱ་བ་ཆེ་འབྲིང་ཆུང་གསུམ་གྱིས་བཀའ་བསྟན་གྱི་དོན་ཐམས་ཅད་ཁོང་དུ་ཆུད་ནས། དེ་དག་བོད་སྐད་ལ་གཏན་ལ་མ་ཕབ་པའི་སྔོན་དུ་བསྡུས་གྲྭ་སྦྱངས་པའི་རྣམ་ཐར་མེད་པ་དང་། དེ་བཞིན་ཕྱི་འགྱུར་གྱི་གང་ཟག་དམ་པ་རིན་ཆེན་བཟང་པོ་གཙོས་པའི་ལོ་ཙཱ་བ་རྣམས་ཀྱི་བཀའ་བསྟན་གྱི་གླེགས་བམ་མང་པོ་ཞིག་ཁོང་དུ་ཆུད་ནས། དེ་དག་བོད་སྐད་དུ་གཏན་ལ་མ་ཕབ་པའི་གོང་ལ། བསྡུས་གྲྭ་སྦྱངས་པའི་ལོ་རྒྱུས་གངས་ཅན་ཡུལ་དུ་གྲགས་མེད་པ་དང་། སྒྲུབ་བརྒྱུད་ཆེན་པོ་ཤིང་རྟ་བརྒྱད་ཀྱི་ཆུ་མགོ་སྔ་འགྱུར་རྙིང་མའི་སྐྱེས་མཆོག་མཁན་སློབ་ཆོས་གསུམ་དང་། རྗེ་འབངས་ཉེར་ལྔ་བཅས་ཀྱིས་རྫོགས་ཆེན་ཨ་ཏི་ཡོ་ག་དང་ཨ་ནུ་ཡོ་ག་ལ་སོགས་པའི་གདམས་པའི་དོན་ཐམས་ཅད་ཁོད་དུ་ཆུད་ནས། རང་གི་ཉམས་ལེན་དང་གཞན་ལ་འཆད་ཁྲིད་སོགས་མ་བྱས་པའི་སྔོན་ལ་བསྡུས་གྲྭ་སྦྱངས་པའི་ལོ་རྒྱུས་མེད་པ་བཅས་སོ།
དེ་བཞིན་ཡུལ་གངས་ཅན་གྱི་གྲུབ་པའི་གཙུག་རྒྱན་མངའ་བདག་མར་པ་ལོ་ཙཱ་བ་ཆེན་པོས་འཕགས་ཡུལ་གྱི་པཎ་ཆེན་ནཱ་རོའི་ཞབས་སུ་བཀའ་བབས་བཞིའི་གདམས་ངག་ཞུས་པའི་ནང་ནས་བསྡུས་གྲྭ་མེད་པ་དང་། གང་གི་བུ་སློབ་རྣམས་ལ་གདམས་ངག་སྟེར་དུས་སུའང་བསྡུས་གྲྭ་མེད་པ་མ་ཟད། དྭགས་པོ་བཀའ་བརྒྱུད་ཀྱི་བརྒྱུད་པ་འཛིན་པའི་ཆེ་བཞི་ཆུང་བརྒྱད་ཀྱི་གདམས་ངག་རྒྱ་མཚོ་དང་། གཞུང་ལུགས་བྲག་རི་ལྟ་བུའི་ནང་ནས་ཆོས་ཀྱི་དབང་གི་གསུངས་ཡིན་མིན་ལ་འཕྱང་མོ་ཉུག་པའི་ཚད་བསྡུས་ཐུང་ངུ་ཞིག་ཙམ་ལས་བསྡུས་གྲྭ་མེད་ལ། དེ་མཚུངས་དཔལ་ལྡན་ས་སྐྱ་པའི་འཁོན་རིགས་གདུང་རྒྱུད་ཀྱིས་འབྲོ་མི་ལོ་ཙཱའི་མདུན་དུ་ལམ་འབྲས་ཀྱི་གདམས་ངག་དང་བརྒྱུད་པ་སོགས་གསན་དུས་བསྡུས་གྲྭ་མེད་པ་དང་། དེ་བས་ཕྱི་སུ་ས་སྐྱ་པའི་མཁས་པ་གོ་ཤཀ་སྟག་གསུམ་གྱིས་བརྩམས་པའི་བསྟན་བཅོས་ཁག་ཏུ་བསྡུས་གྲྭ་མེད་པ་བཅས་སོ།
དེ་བས་ཡུལ་གངས་ཅན་གྱི་ཞིང་དུ་ཚད་མ་རིག་པ་སྨྲ་བ་ཆེན་པོ་ས་པཎ་ཀུན་དགའ་རྒྱལ་མཚན་དང་། ཀརྨ་པ་ཆོས་གྲགས་རྒྱ་མཚོ་རྣམ་གཉིས་ཀྱིས་བསྡུས་གྲྭ་སྦྱངས་པའི་ལོ་རྒྱུས་མེད་པ་མ་ཟད། ས་པཎ་གྱིས་ཚད་མ་རིག་པའི་གཞུང་ལུགས་གཏེར་ཆེན་པོ་རྩོམ་པའི་སྐབས་སུ། བསྡུས་གྲྭ་ལ་ཕུགས་གཏུགས་པ་དང་། ལུང་དྲངས་པའི་གནས་ཚུལ་ཅི་ཡང་སྣང་དུ་མེད་པ་དང་། རྗེ་ཆོས་གྲགས་རྒྱ་མཚོ་ཞབས་ཀྱིས་ཚད་མ་བདེ་ལྡན་དང་བཅས་པའི་དགོངས་འགྲེལ་རིག་གཞུང་རྒྱ་མཚོ་རྩོམ་པའི་སྐབས་སུའང་། བསྡུས་གྲྭ་ལ་ཕུགས་གཏུགས་པ་དང་། ལུང་དྲངས་པའི་གནས་ཚུལ་ཅི་ཡང་གཞལ་དུ་མེད་པའི་ཕྱིར་ན། བསྡུས་གྲྭ་མ་སྦྱངས་ན་ཚད་མའི་གཞུང་ལུགས་ཐམས་ཅད་མི་ཤེས་པ་དང་། དེ་ལ་བརྟེན་ནས་མདོ་སྔགས་ཀྱི་དོན་ཐམས་ཅད་ས་སྟེང་ལ་མུ་གེར་ལྷག་འགྲོ་བ་སོགས་ནི་མ་ཡིན་པར་བདེ་བླག་གི་ངང་ནས་ངེས་ཐུབ་པ་མ་ཟད། རྩ་བའི་བསྡུས་གྲྭའི་གཞུང་ལུགས་ཀྱི་མགོ་ཁུངས་ཙམ་ཞིག་ནི་བཀའ་བདམས་པས་མཛད་པ་དང་། དེའི་ཐོག་ལ་རིག་ལམ་མང་པོ་ཞིག་དགེ་ལུགས་པས་གསར་བསྣན་བྱས་པའི་གཞུང་ལུགས་ཤིག་ཡིན་ཕྱིར། བཀའ་དང་བསྟན་བཅོས་ཐམས་ཅད་ལ་ངེས་པར་དུ་མཁོ་བ་ཞིག་དང་། ཡང་ན་དེ་དག་མེད་ཚེ་འགྲིག་ཐབས་མེད་པའི་ས་མཚམས་འབྱེད་དགོས་པའི་གནས་ཤིག་གྱུར་པ་མ་ཡིན་ནོ།
དེས་ན་ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོས་པའི་ལོང་གཏམ་སྨྲ་བ་རྣམས་ལ། ལན་འདི་ཙམ་གྱིས་འཐུས་པར་གྱིས་དང་། རྗེས་སུ་ཁོམ་པ་ཡོད་ན་སྤྲོས་པ་རྒྱས་ཙམ་ཞིག་བགྱི་ཆོག་པར་ཞུའོ།
འདབ་པ་ཚེ་དབང་མགོན་པོས། དབྱིན་ཡུལ་གྲོང་ཁྱེར་ཞིག་ཏུ་ཆུ་ཚོད་གཉིས་ཀྱི་ནང་ཚུན་ལ་ཤར་མར་བྲིས་པ་ཡིན་ནོ།
འོ་ན། སུམ་རྟགས་དག་གསུམ་སྦྱོང་མི་དགོས་ཐལ། དེ་མ་སྦྱང་བར་གཞུང་ཆེན་ཤེས་མཁན་ཡོད་ཕྱིར། སུམ་རྟགས་དག་གསུམ་སྦྱང་པའི་ལོ་རྒྱས་མེད་པར་རྗེ་མི་ལ་སོགས་དེའི་ཕྱིར་ཟེར་ན་ལན་ཅི་འདེབས།
གོང་གི་རྩོམ་ཡིག་དེའི་ལན་ལ། ཀླུག་སྒྲུབ་ཐོགས་མེད་སོགས་ཁྱེད་བགྲངས་བ་དག་གིས་བསྡུས་གྲྭ་མ་བལྟས་པ་དང་མ་མཁྱེན་པ་རྟགས་མ་གྲུབ་སྟེ། དེ་དག་གིས་ཡུལ་དང་ཡུལ་ཅན། བློ་དང་རིག་པ། ཚད་མ་དང་མིན། མངོན་སུམ་དང་རྗེས་དཔག་སོགས་ཤེས་པའི་ཕྱིར། དེ་དག་གི་སྐོར་ལས་ལོགས་སུ་བསྡུས་གྲྭ་ཞིས་པ་གཡག་མགོ་འདྲ་ཞིག་མེད་པའི་ཕྱིར། ཡོད་ན་ཁྱེད་ཀྱིས་སྟོན་ཅིག ཧཧཧཧ
གསེར་རྟ་ཚུལ་ཁྲིམས་བློ་གྲོས་ཟེར་བ་ཞིག་གིས་བསྡུས་གྲྭ་མི་དགོས་ཅེས་པའི་གཏམ་བཤད་ཞིག་གང་སར་འཁྱམ་པ་དང་མཉམ་དུ་བཟང་ངན་གྱི་དར་ཆ་འཁྱེར་བ་ཚོ་ཕྱོགས་གཉིས་སུ་གྱེས་ཏེ་རང་རང་གིས་འདོད་ཕྱོགས་གླེང་ཡོང་གིན་འདུག་ལ། དེ་ཡང་མཐར་ཐུག་ན་རང་རང་གི་བློ་དང་མཐུན་མིན་ལ་ཐུག་ཡོད་པ་གསལ། ངས་བསམ་ན་གཉིས་ཀ་ཡང་ཕྱོགས་སློང་གི་དྲི་མས་སྤགས་པའི་སྐད་ཆ་རེད་བསམ་པ་ལས་བློ་གཟུར་བོར་གནས་པའི་སྐད་ཆ་ཅིག་མཐོང་མ་སོང་། ཐབས་སྐྱོ་བ་ཞིག་ལ་གཉིས་ཀ་ཡང་ཚུལ་ཁྲིམས་བློ་གྲོས་ལགས་དྲིལ་བསྒྲགས་ཀྱི་ལག་ཆ་ཁོ་ནར་གྱུར་འདུག
བསྡུས་གྲྭ་ཤེས་མཁན་ཞིག་གིས་བསྡུས་གྲྭ་སྦྱང་ན་ཡག་པོ་ཡོད་ཚུལ་བཤད་ཆོག་གི་རེད་ལ། དེ་བཞིན་དུ་བསྡུས་གྲྭ་མི་ཤེས་མཁན་ཞིག་གིས་བསྡུས་གྲྭ་མ་བསླབ་ན་ཡག་པོ་ཡོད་རབས་བཤད་ཆོག་གི་རེད་སྙམ། ཐར་ཐུག་ན་རང་ཉིད་ཀྱི་དགའ་ཕྱོགས་ཙམ་གླེང་བ་རེད། བསྟན་པ་སྤྱི་དང་ཆོས་བརྒྱུད་སྤྱི་ལ་བསམ་བློ་བཏང་བ་ཞིག་གཏན་ནས་མ་རེད། བཏང་བའི་མགན་ཡང་ཡོད་མ་རེད།
དྲང་མོར་བཤད་ན། བསྡུས་གྲྭ་དགོས་མིན་དང་། དགོན་པ་ག་གེ་མོ་དང་ཆོས་བརྒྱུད་གང་ལ་དགོས་མིན་དེ་སོ་སོས་ཐག་གཅོད་པ་ལས་གཞན་ཞིག་གིས་བཀའ་ལ་སྒུག་དགོས་པ་ཅང་ཨེ་ཡོད་སྙམ།
ཚུལ་ཁྲིམས་བློ་གྲོས་ཀྱིས་བསྡུས་གྲྭ་མི་དགོས་ཟེར་བ་དེ་ཁོ་རང་གིས་བསམ་ཚུལ་བཤད་པ་ཙམ་ཡིན་སྲིད་པས་མཐའ་གཅིག་ཏུ་དགག་་བརྒྱག་དགོས་པ་དང་བཀའ་བཙན་པོ་ཁུར་ནས་དྲིལ་སྒྲོག་བྱེད་དགོས་དོན་ཅང་ཨེ་ཡོད་དམ་སྙམ།
ཚུལ་ཁྲིམས་བློ་གྲོས་ཟེར་བ་རྙིང་མ་མཐུན་མོང་གིས་ཁས་ལེན་ཡོད་པའི་མཁས་པ་པ་ཞིག་དང་དབང་ཆ་ཡོད་མཁན་ཞིག་ཨེ་ཡིན་ནམ།
གཅིག་བྱས་ན་གསེར་རྟ་ཕྱོགས་མ་གཏོགས་རྙིང་མ་ཚང་མས་ཁས་ལེན་གྱི་མ་རེད་བསམ་སོང་། དེས་ན་དར་ཆ་དེ་སྔོ་ལོ་རྒྱལ་མཚན་དུ་གྱུར་བ་མ་རེད་དམ།
དེ་ནས་བཀའ་རྒྱུད་དང་ཇོ་ནང་ལ་སྐད་ཆ་བཤད་པ་ནི་ཇུས་གཏོགས་ཚ་དྲག་པ་རེད། དེ་ནི་ཆོས་ལུགས་ཤིག་མིན་པར་བཤད་སྟངས་དེ་ཆབ་སྲིད་དང་། སྲིད་དོན་གྱི་ངོ་བོར་འཕོས་པ་རེད།
སྒེ་རགྱིས་བསམ་ཚུལ་གང་ཡིན་ཡང་བཤད་ཆོག་གི་རེད་ལ། བཤད་པ་དེ་ཁས་ལེན་མིན་སོ་སོའི་འདོད་པ་རེད།
དེས་རྐྱེན་གྱིས་སྐད་ཆ་དེ་ཙམ་བཤད་པ་ལ་དགའ་དགོས་པ་མི་འདུག་ལ། མི་དགའ་བ་ཡང་དེ་བས་མི་དགོས་པར་བསམ། མདོར་བསྡུས་ན་གླེང་རིན་མེད་པ་ཞིག་གླེང་ཡོང་གིན་འདུག་བསམ་སོང་། དེ་ཚོ་ནི་སྤྱི་ཚོགས་ལ་ཕན་ཐོག་པ་ལས་གནོད་སྐྱེལ་ཡོང་གིན་འདུག་པས་རང་སོར་བཞག་ན་འཚམ་པོ་འདུག་བསམ་ཡོད།
ཡིག་ནོར་དགོངས་དག་་་བཅོས
བསྡུས་གྲ་དགོས་མིན་ཆོས་བརྒྱུད་སོ་སོའི་འགན་འཛིན་ཚོས་མཁྱེན་གྱིས་རེད་ང་ཚོ་འདི་གར་སྐད་རྒྱབ་ནས་ཅི་ཕན། བླ་མའི་མན་ངག་རང་ལ་གཞི་ཅོལ་ནས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་བསྡུས་གྲ་དང་ཚད་མ་ལ་སོགས་པ་དགོས་པ་མེད།
ཆོས་རྒྱུད་དབང་བསྒྱུར་གྱི་འཐབ་རྩོད་ཙམ་དུ་ལབ་པ་ལས། གཞན་ཆོལ་ཁ་ཆོས་ལུགས་ལ་ཕན་པའི་སྐད་ཆ་ཞིག་ཡིན་བསམ་མི་འདུག། དེ་ལས་གཡུག་བཞག་ན་ཡག་ས་རེད།
ཇོ་ནང་པས་ངོ་མ་བསམ་བློ་དཏོང་དགོས་པ་ཞིག་ཆགས་འདུག ཇོ་ནང་པ་མང་པོ་ཞིག་གིས་དགོས་རྒྱུའི་གཞན་སྟོང་མ་བཤད་པར་མི་དགོས་པའི་བསྡུས་གྲྭ་རྩོད་བསྡད་ན་འགྲིགས་མི་འདུག་གསུངས་པའི་གཏམ་དེ་ལས་སྙན་པ་ཞིག་མི་འདུག ཚུལ་ཁྲིམས་བློ་གྲོས་ཀྱི་སློབ་མ་ཡིན་པའི་ཇོ་ནང་པ་ནམ་མཁའི་སྐར་མ་དང་ས་གཞིའི་རྩི་ཏོག་ལྟ་བུ་ཞིག་རེད། ཁོང་ལ་ཁོང་གི་ལྟ་གྲུབ་དང་མཐུན་པའི་ལས་སྟོན་བྱེད་པའི་འོས་འགན་ཞིག་ཡོད་པ་རེད་ལ་ཇོ་ནང་པས་ཀྱང་སྲ་ཐག་ཐག་ཅིག་བྱེད་བསམ་ན་ཐུགས་བསམ་བཞེས་དགོས་པ་ཞིག་ཆགས་འདུག ཇོ་ནང་པ་ལ་ཁལ་ཁ་རྗེ་བཙུན་འདྲ་བ་བརྒྱ་སྟོང་ཙམ་ལས་ཚུལ་ཁྲིམས་བློ་གྲོས་དགའ་གི་རེད་བསམ་བྱུང་། ཚུལ་ཁྲིམས་བློ་གྲོས་ཀྱིས་ཇོ་ནང་གི་གཞན་སྟོང་གི་བཞེད་ཕྱོགས་བཟུངས་ནས་གཞུང་བརྩམས་འདུག ཁོང་གི་སློབ་རྒྱུད་ཀྱི་ནང་ན་ཇོ་ནང་པ་དཔེ་ཆ་མཁས་པ་དང་། ཚུལ་ཁྲིམས་གཙང་མ། ཉམས་ལེན་བཟང་པོ་ཅན་བརྒྱ་ཕྲག་སྟོང་ཕྲག་མང་པོ་བྱུང་འདུག འདི་ན་དྲ་འབུ་ཐབས་སྡུག་ང་ཚོ་འདྲ་བས་ཇོ་ནང་པ་ལ་ཇུས་གཏོགས་ཡོད་མེད་ཀྱི་སྐད་ཆ་བཤད་ཕོད་ས་ཞིག་མ་རེད།
སྔར་བཤད་པ་ལྟར། སྔ་འགྱུར་ལུགས་ལ་བསྡུས་གྲྭ་དང་ཚད་མ་སོ་སོར་བརྩི། ཕྱོགས་གླང་ཆོས་གྲགས་ཀྱི་ཚད་མ་རིགས་པ་ཤིན་ཏུ་གལ་ཆེན་བྱེད། བོད་དུ་ཚད་མ་རིགས་པ་ཐོག་མར་སྤེལ་མཁན་མཁན་ཆེན་ཞི་བ་འཚོ་རྙིང་མའི་བསྟན་པ་དབུ་འཛུག་མཁན་རེད། རོང་ཀློང་རྣམས་ཀྱི་བཞེད་པ་དབུ་ཚད་སེངྒེ་འཇིང་བསྣོལ་དགོས་པར་བཤད། ཀློང་ཆེན་པ་ལ་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་གཞུང་ཡོད། མི་ཕམ་ལ་རིག་གཏེར་དང་། རྣམ་འགྲེལ་མཆན་། བསྡུས་ཚན་སོགས་བཞུགས། དེ་ལ་རྙིང་མའི་ཡང་སློབ་སྦྱོང་གནང་། །རྩོད་པ་བྱེད་ཚུལ་ཡང་ཡིན་ཡང་། རྩོད་པའི་ཤན་འབྱེད་ལས། རང་ཉིད་རྒྱལ་བར་འདོད་པའི་ཆགས་པ་དང་། གཞན་དག་ཕམ་པར་འདོད་པའི་ཞེ་སྡང་དང་། །རང་གཞན་གྲུབ་མཐའི་གཞུང་ལ་རྨོངས་པ་གསུམ། རྩོད་པའི་བསམ་པ་དུག་ཅན་ཡིན་པས་སྤོངས། །ཞེས་པ་ལྟར། གཞི་ཀུན་སློང་ཕན་སེམས་ཀྱིས་ཟིན་པ། སྦྱོར་བ་ལུས་ངག་གི་མ་གུས་པ་སྤང་བ། མཐར་འབྲས་ཐེ་ཚོམ་སེལ་བ་ཞིག་དགོས་ཞེས་འཇུ་མི་ཕམ་པ་སོགས་ཀྱི་ཞལ་རྒྱུན་དུ་བཞུགས། རྟོག་གེའི་ཚིག་འཁྲི་ཁོ་ནས་ཚར་གཅོད་ནུས་པ་རིགས་པ་ལ་མཁས་པ་ལས། དཔེ་ཆ་ལ་མཁས་པར་མི་བརྩི། རྙིང་མའི་བསྡུས་གྲྭའི་ངོས་འཛིན། བསྡུས་གྲྭའི་དྲུག་སྒྲ་སོགས་ཤེས་པས་འགྲིག་གཙོ་བོ་བྱས་ནས་རྩོད་མི་དགོས་ཟེར། རྩོད་གཞིའི་སྟེང་དུ་དྲུག་སྒྲའི་ནུས་པ་བརྒྱ་དང་གཅིག་བརྩི་བཞག་བྱེད་པ་སོགས་འདི་གལ་ཆེན་མི་བྱེད། མདོ་ཕྱོགས་ལ་བེད་སྤྱོད་ཆེར་མི་གནང་། སྔགས་ཕྱོགས་ལ་རིགས་པ་དང་གཏན་ཚིག་ཡང་དག་ལས། རྩོད་པ་ལྷུར་ལེན་པའི་བསྡུས་གྲྭའི་རིགས་པ་བཀོལ་མི་རུང་བར་སྨྲ། ཟབ་མོའི་གནས་ལ་རྟོག་གེའི་རིགས་པས་མཇལ་ན་རྩ་ལྷུང་བཅུ་གཅིག་པ་འབྱུང་བས། གསང་བ་སྔགས་ཉམས་སུ་ལེན་པའི་ཆོས་གྲྭ་དང་། སྒྲུབ་སྡེ། སྒོམས་གྲྭ། སྔགས་གྲྭ་སོགས་ལ་བཤད་པ་བྱེད་སྐབས། ཚིག་གསལ་བོ། དོན་མ་འདྲེས་པ། བླ་མ་བརྒྱུད་པའི་ཞལ་རྒྱུན་ཅི་བཞིན་པ། ཡི་གེ་གླེག་བམ། ཚིག་དོན་རེ་རེ་ནས་གུས་པ་དང་བཅས་པའི་སྒོ་ནས་འཆད་པ་ལས་དཔྱད་པ་ཐལ་མི་ཆེ་བར་བཤད། དེ་ཆོས་གྲྭ་སོ་སོའི་ཁྱད་ཆོས་འདོན་ཚུལ་ཡིན་པས་དེ་ག་རང་དུ་འཇོག་པ་ལས་གཅིག་སྡུད་བྱེད་དགོས་པ་ཀྱང་མི་འདུག་སྙམ།
༡༽མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བཀའ་ལན་གང་གནང་ཕྱི་ནང་གཉིས་རེ་ཡོད་པའི་མགོ་བདེའི་གཏམ་མིན་པར་ལྷག་བསམ་གཙང་མས་ཐུགས་ལ་ཤར་ཚད་སྨྲ་བ་དང་། ཕན་ཐོགས་པ་གཙོ་བོ་ལས་རྩོད་པ་ལྷུར་ལེན་པ་མི་གནང་། དེ་བཞིན་རང་ཉིད་ལ་ཀུན་གྱིས་བཀུར་བའི་ཆེད་དུ་ཁ་བདེ་དང་གཞན་ངོ་འཛིན་པའི་གཏམ་སྙན། གྲགས་ཅན་རྣམས་ཀྱི་རྗེས་སུ་འབྲངས་ཏེ་རང་ཉིད་ཀྱི་སྟོབས་དང་དབང་ཐང་རྒྱ་བསྐྱེད་ཆེད་དུ་ཆེན་པོའི་་དཔུང་སྒྲིགས་མི་གནང་། ཀུན་ལ་འཇུག་པ་བདེ་བའི་ལམ་ཁ་གཉེར་མ་ཤེས་པ་དང་མ་ཐུབ་པ་མིན་ཀྱང་ཤ་ཚ་དང་སྙིང་ཉེ་བས་ཅི་མཛད་གཞན་ཕན་ཤ་སྟག་ཡིན་པར་བླ་རུང་གི་མཁན་པོ་གྲྭ་མང་རྣམས་ལ་ཡོངས་སུ་གྲགས། བྱ་བ་རེ་སྤེལ་ཚེ་རང་ཉིད་ལ་སྐུར་འདེབས། ཁ་སྨོད་ཡོང་བ། ཁེ་ཕན་མེད་པ་གསལ་བོ་དགོངས་བཞིན། ཉམས་ཆུང་མི་སེར། ཉམས་ཆུང་སློབ་གཉེར་པ། ཉམས་ཆུང་དུད་འགྲོ་རྣམས་ཀྱི་མགྲིན་ཚབ་བྱས་ཏེ་ཕྱག་ལས་གནང་བཞིན་ཡོད་པ་རྒྱུས་ཡོད་ཀུན་ལ་ཤིན་ཏུ་གསལ་བས་རྒྱུས་ཅི་ཙམ་ཡོད་པ་དེ་ཙམ་གྱིས་གུས་པ་འཕེལ་ཞེས་ཡོངས་སུ་གྲགས། ༢༽ཞལ་སློབ། བཀའ་བརྒྱུད། རྙིང་མ། ཇོ་ནང་། ས་སྐྱ། དགེ་ལུགས་སོགས་ཀྱི་སློབ་མ་མང་། བོད་མི་མང་ལོ་ཆུང་ཁྲོད་ཀུན་གྱིས་བཀུར་བའི་གྲྭ་བ་ལོ་གཞོན་ཨང་དང་པོ་དེ་རེད། ཁོང་ལ་ལྟོས་བཅས་ཀྱི་བཀའ་བརྒྱུད་དང་ཇོ་ནང་པའི་མཁན་པོ་རྣམས་ལ་བཀའ་སློབ་གནང་པར་འགལ་བ་མེད་སྙམ། བཀའ་བརྒྱུད་པའི་མཁན་པོའི་ཁྲོད་ཁོང་ལྟ་བུའི་བཀའ་བརྒྱུད་ཀྱི་སློབ་མ་གྲངས་མང་པོ། ལོ་ནས་ལོའི་བར་དཀའ་ལས་བརྒྱབ་ནས་སྐྱོང་མཁན་དཀོན་པོ་རེད། དེ་བཞིན་མཁན་པོ་ཞིག་ལ་བཀའ་བརྒྱུད་སློབ་མ་མང་ཤོས་རེད་ཅེས་བཤད་ཀྱང་སྐྱོན་དུ་མི་འགྱུར། ཆོས་བརྒྱུད་དང་རིགས་རུས་ཀྱི་འབྲེལ་བ་བྱས་ན་སོ་སོའི་དབུ་འཛིན་དེ་གཙོ་བོ་ཡིན་པ་སྨོས་མེད་ལ། ཆོས་ཀྱི་བཀའ་དྲིན་གྱིས་ངོས་ནས་བྱས་ན་རང་ཉིད་ལ་བླང་དོར་གྱི་མིག་འབྱེད་པའི་དཔེ་ཁྲིད་ཀྱི་བཤེས་ཉེན་གཙོ་བོར་བརྩི་བས། སློབ་དཔོན་གྱིས་རང་གི་སློབ་བུར་སྙིང་གཏམ་གནང་བར་གཞན་ལ་ཐེ་གཏོགས་ཅི་ཡོད། ༣༽ཁམས་ཕྱོགས་ཀྱི་རྙིང་མའི་བླ་སྤྲུལ་དགེ་འདུན་པ་བརྒྱ་ཆའི་80་ཙམ་ཁོང་ལ་ཆོས་འབྲེལ་ཡོད་ཅིང་། རྙིང་མའི་བསྟན་བདག་ཏུ་འཁོད་པ་ལ་དཀའ་བ་མེད་མོད། ཁོང་ལ་ཁྲི་བ་སོགས་ཀྱི་ཐུགས་བཞེད་མེད་པ་དང་། བོད་ནང་ཁུལ་དུ་ཕྱག་ལས་རྒྱ་ཆེ་བས་ཕེབས་མི་བདེ་བ། གང་འགྲོ་གཞན་དབང་དུ་གྱུར། སྣ་ཐག་གཞུང་ཆེན་པོས་འཛིན་པ་སོགས་ཀྱིས་གདན་འདྲེན་ཞུ་མཁན་ཤིན་ཏུ་མང་ཡང་རེ་ཞིག་བཞག་གནང་པ་རེད། གང་བཤད་པ་ཆགས་སྡང་འཔེལ་བའི་རྒྱུ་རུ་མ་གྱུར་ཅིག །
ཚེ་མགོན་ཟེར་བ་འདིས་བསྡུས་གྲྭ་ཞེས་པ་གང་འདྲ་ཞིག་ལ་ཟེར་གྱི་ཡོད་མེད་ཀྱང་མི་ཤེས་དང་། ཁོ་པའི་གོང་གི་དཔྱད་རྩོམ་དེ་ལ་བལྟས་ན་ཤེས་ཚད་ཇི་ཙམ་ཡོད་པའམ་གསལ་པོར་སྟོན་འདུག་ཀྱང་། ད་དུང་བསྡུས་གྲྭ་དགོས་མིན་གྱི་སྐད་ཆ་བཤད་ཁུལ་བྱས་པ་ནི་ངོ་ཚ་དགོས་པ་ཞིག་རེད།
བསྡུས་གྲྭ་དགོས་དང་མི་དགོས་ཀྱི་སྐོར་ལ་འདི་ན་རྩོད་ཞིག་བྱེད་ན་གང་འདྲ་ཡོང་ང་འདུག་གམ། དེས་ཐག་ཆོད་ཅིག་བྱེད་ཐུབ་ཀྱི་རེད། དེ་མིན་ཆོས་རྒྱུད་ཕན་ཚུན་དབར་དང་མི་བུ་སྒེར་ལ་གཅིག་བཤད་ཁུལ་བྱས་ན་དུག་ལྔ་འཕེལ་བྱེད་ལས་ཕན་པ་གང་ཡོང།།
་་་་་་་་་་ ཇོ་ནང་པ་ལ་ཁལ་ཁ་རྗེ་བཙུན་འདྲ་བ་བརྒྱ་སྟོང་ཙམ་ལས་ཚུལ་ཁྲིམས་བློ་གྲོས་དགའ་གི་རེད་བསམ་བྱུང་། ཚུལ་ཁྲིམས་བློ་གྲོས་ཀྱིས་ཇོ་ནང་གི་གཞན་སྟོང་གི་བཞེད་ཕྱོགས་བཟུངས་ནས་གཞུང་བརྩམས་འདུག ་་་་་་་་་་་ ཟེར།
རྗེ་བཙུན་ཏ་ར་ན་ཐའི་ཡང་སྤྲུལ། ཁལ་ཁ་རྗེ་བཙུན་དམ་པ་མཆོག་ནི། སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་ཡིན་པ་རྩོད་པ་མེད་ཅིང་། དེ་ཡང་བོད་དང་། སོག་ཡུལ་ཙམ་མ་ཟད། ཛམ་གླིང་ཡོངས་ལ། ཡོངས་གྲགས་རེད་དོ།།
ཆོས་དྲེག་ཆོས་ཀྱིས་མི་ཐུལ། ཀོ་གོག་སྣུམ་གྱིས་མི་ཐུལ། ཞེས་པའི་དཔེ་བཞིན་དེང་སང་ཆོས་གྲྭ་ཁག་ལ་སངས་རྒྱས་མཁའ་ལ་འཕུར་ཡང་དད་པ་མེད། སེམས་ཅན་རྒྱུ་མ་ལུག་ཀྱང་སྙིང་རྗེ་མེད་པའི་རྟོག་གེ་མགོ་མཁྲེགས། རིག་ལམ་ཅུང་ཟད་ཤེས་དུས་ཐ་ན་རང་ཉིད་ཀྱི་མི་ཚེ་ཕྱེད་ཙམ་སྦྱངས་བའི་ནང་ཆོས་ཀྱི་ལྟ་གྲུབ་དང་། རྒྱུ་འབྲས་སོགས་ལ་ཡང་ཡིད་ཆེས་མེད་པའི་གྲྭ་གཞོན་གང་མང་བྱུང་དང་འབྱུང་བཞིན་པ་འདི་བསྡུས་གྲྭ་སྦྱངས་བའི་ངན་འབྲས་རེད་ཟེར་ཆོག དེས་ན་མཁན་ཆེན་མཆོག་གིས་རྙིང་མ་པ་ལ་བསྡུས་གྲྭ་མ་སྦྱོངས་གསུང་པ་དེ་གནད་འགག་ཡོད་པའི་གསུངས་རེད། དེ་བཞིན་བོད་ནང་ལ་མཚོན་ན་མཁན་ཆེན་མཆོག་རྙིང་མ་ཙམ་དུ་མ་ཟད་བཀའ་རྒྱུད་དང་ས་སྐྱ་བློ་གཟུ་བོར་གནས་པའི་དགེ་ལུགས་པ་སོགས་ཀུན་གྱིས་བཀུར་ཡུལ་དུ་གྱུར་ཡོད་པས། བཀའ་ཇོ་གཉིས་ལ་མཛུབ་སྟོན་གནང་བའི་འོས་བབ་ཡོད་པ་རེད།
ཚེ་དབང་མགོན་པོ། འཁོན་རིགས་སུ་ཡིས་འབྲོག་མི་ལོ་ཙྭའི་མདུན་ནས་ཐད་ཀར་ལམ་འབྲས་གསན་འདུག ས་སྐྱ་པ་ལ་མཚོན་ན་རྗེ་ས་ཆེན་གྱིས་ལོ་ཆེན་གྱི་སློབ་མ་ཁྱུང་རིན་ཆེན་གྲགས་དང་། མེས་ལྷང་ཚེར་དྲུང་དུ་རྣམ་ངེས་ལ་སོགས་པའི་ཚད་མའི་བསྟན་བཅོས་གསན་པ་དང་། སློབ་དཔོན་བསོད་ནམས་རྩེ་མོས་ཕྱྭ་པའི་དྲུང་དུ་མི་ལོ་དུ་མའི་རིང་གསན་བསམ་རྒྱ་ཆེར་མཛད་པ་དང་། ཆོས་རྗེ་ས་པཎ་གྱིས་རིགས་གཏེར་མཛད་སྐབས་ལོ་ཆེན་དང་ཕྱྭ་པ་གཙང་ནག་པ་སོགས་སྔ་རབས་པའི་མཁས་པ་རྣམས་ཀྱི་བཞེད་པ་སྤྱི་དང་། བྱེ་བྲག་ཕྱྭ་བསྡུས་ལ་སློབ་སྦྱོང་མ་གནང་ན་རིགས་གཏེར་གང་འདྲས་བརྩམས་པ་རེད་དམ། པཎ་ཆེན་ཤྭཀྱ་མཆོག་ལྡན་གྱིས་ནི། སྡེ་བདུན་མདོ་དང་བཅས་པ་གཞུང་། བསྡུས་པ་རིགས་གཏེར་ཞེས་གསུངས་ནས་རིགས་གཏེར་ཡང་བསྡུས་པའི་གྲྭར་བཞེད། རིགས་གཏེར་གི་རྩ་འགྲེལ་ཡག་པོ་ཞིག་འཆད་པར་བྱ་བ་ལ་ལོ་ཆེན་བརྒྱུད་པའི་མཁས་པའི་བཞེད་པ་དང་། ཕྱྭ་པའི་ཚད་བསྡུས་ཀྱི་བཞེད་མཚམས་དེ་ཚོ་ཤེས་དགོས་པ་ཞིག་རེད།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ནས་བསྡུས་གྲྭ་དགོས་མི་དགོས་གསུང་ཡོད་མེད་ངས་མ་ཤེས། ཡིན་ན་ཡང་མི་དགོས་གསུང་ཡོད་ན་སྐྱོན་ཅི་ཡོད། དགོས་མཁན་ཞིག་ལ་དགོས་པ་རེད། མི་དགོས་མཁན་ཞིག་ལ་མ་དགོས་པ་རེད། མི་དགོས་མཁན་ཞིག་གིས་མི་དགོས་ཟེར་ན་དེ་ཙམ་ཡང་བློ་ཁོག་ལ་མི་ཤོང་བར་ཁ་འཐབ་འཛད་དུ་མེད་པ་ཞིག་བྱེད་དགོས་པ་འདི། ང་ཚོ་བོད་ཟེར་བ་འདི་འདི་འདྲའི་བློ་རྒྱ་ཆུང་བ་ལ། བསྡུས་གྲྭ་མི་དགོས་མཁན་གོང་དུ་ཚེ་དབང་མགོན་པོ་ལགས་ཀྱིས་གསུང་བ་ལྟར་ང་ཚོ་བོད་པའི་ནང་ན་མང་པོ་ཡོད་པ་རེད། འཛམ་གླིང་གི་སྟེང་ན་བསྡུས་གྲྭ་མ་སྦྱངས་པར་ཚན་རིག་གི་གསར་བཏོད་དེ་འདྲའི་མང་པོ་བྱུང་བ་རེད། དེ་དག་གིས་བསྡུས་གྲྭ་ཟེར་བའི་མིང་ཙམ་ཡང་གོ་ཡོད་ཀྱི་མ་རེད།
བསྡུས་གྲྭ་ནི་བཅོམ་ལྡན་འདས་ཀྱི་དགོངས་པ་གཙང་མར་གོ་བྱེད་ཅིག་ཡིན་ཟེར་ན་དེས་སུས་བཤད་པ་རེད། བཅོམ་ལྡན་འདས་ཀྱིས་ངའི་དགོངས་པ་ལོན་པ་ལ་བསྡུས་གྲྭ་སྦྱོངས། དེ་མ་སྦྱང་ན་གོ་མི་ཐུབ་ཅེས་གསུངས་ཡོད་པ་རེད་དམ། བསྡུས་གྲྭ་མ་དར་སྔོན་གྱི་དགོངས་འགྲེལ་རྣམས་གོ་ལོག་དུ་སོང་ཡོད་པ་རེད་དམ།
རྒྱལ་དབང་ལྔ་བས་བསྡུས་གྲྭ་ལ་དགག་པ་དངོས་སུ་བྱས་འདུག
འཇུ་མི་ཕམ་དང་བོད་པ་སྤྲུལ་སྐུ་སོགས་དང་། མཁན་པོ་ཀུན་དཔལ་གྱིས་བསྡུས་གྲྭ་ནི་ཕྱི་རོལ་མི་སྟེགས་པའི་ལུགས་བཞིན་རྩོད་པ་ཁོ་ན་དོན་དུ་གཉེར་བ་དག་གི་ཆེད་ལས་ཆོས་ཆོས་ཡང་དག་ཉམས་སུ་ལེན་མཁན་ལ་མི་མཁོ་གསུངས་འདུག
ལྕང་མ་མཁན་པོ་ཐུབ་དགས་བསྡུས་གྲྭ་མ་རྩོད་གསུངས་པ་དང་།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མི་དགོས་གསུངས་པ་དེ་སྔ་འགྱུར་རྙིང་མ་ཚད་ལྡན་ཞིག་གིས་གསུངས་རེད།
དེས་ན་བཀའ་བརྒྱུད་དང་ཇོ་ནང་གི་མིང་ཆེ་འཐུས་མི་དང་ཞྭ་རྩོད་ཚོས་ལྔ་བལྟ་ས་ནས་བཅུ་ཆད་འགྲོ་གི་མི་འདུག་གམ།
པད་རྣམ་ལ། ༧གོང་ས་མཆོག་གིས་ཚན་རིག་དགོས་བཤད་པ་ལས་བསྡུས་གྲྭ་དགོས་བཤད་མི་འདུག གལ་ཏེ་ཡོད་ན་རྒྱལ་དབང་ལྔ་བ་ལ་ཅོ་འདྲི་བ་ཡང་རེད། རྒྱལ་དབང་ལྔ་བས་ཆོས་སྐྱོང་ཤུགས་ལྡན་དང་བསྡུས་གྲྭ་གཉིས་ཀ་དགག་པ་གསལ་བོ་རེད། དཔེར་ན། རྒྱལ་དབང་ལྔ་བ་ཆེན་པོས་བསྡུས་གྲྭ་དགག་པ། ཆོས་སྡེ་ཆེན་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་དགོན་པའི་བཅའ་ཡིག་ཚུལ་འཆལ་ས་སྲུང་འདུལ་བའི་ལྕགས་ཀྱུ་ཀུན་གསལ་མེ་ལོང་ལས།། སྔ་ཐོག་ཤེས་རབ་ཤེས་འདོད་ཡོད་པའི་རིགས་རྣམས་ར་བ་སྟོད་དུ་ཕྱིན་པའི་བསྡུས་ཚད་ཕུལ་ཕྱིན་བསླབས་ནས་པོ་ཏི་ཕྱི་མ་རྣམས་གྲྭ་སར་ལོག་པའི་དགེ་བཤེས་མང་རིགས་དང་།དེ་ཡོད་པའི་རིགས་བློར་མེད་པ་རྣམས་ཡས་ཆགས་མས་ཆགས་ཀྱི་ཐ་སྙད་བྱས་པའི་བསྡུས་ར་སོགས་གཡེང་བ་བསྐྱངས་ཏེ་པོ་ཏི་བཞི་ཟུར་བཀོལ་དང་བཅས་པ་མགོ་ཐོན་པའི་དགེ་བཤེས་རེ་མང་ཡོང་གི་འདུག་ཀྱང་།དུས་ཕྱིས་གྲྭ་ས་རང་དུ་བསྡུས་ཚད་རྣམ་རྟོག་སད་སོད་རེ་བཏང་བའི་རྐྱེན་གྱིས་གཞན་ལ་འགྲོ་བའི་སྒོ་འང་འགགས་ཤིང་།པོ་ཏི་ཕྱི་མའི་སློབ་གཉེར་དག་ལ་གནོད་འདུག་པས་མཚམས་འགོག་དགོས་ཞེས་གསུངས་འདུག
ལྐུགས་རྒན་རང་ཉིད་བསྡུས་གྲྭ་མ་ཤེས་ཀྱང་། །
ཁ་བ་ཅན་ལ་བསྡུས་གྲྭ་མི་མཁོ་ཞེས། །
ངུ་ངག་ཁྱི་སྐད་ཕྱོགས་བརྒྱར་བསྒྲགས་པ་དང་། །
སྔོན་རབས་མེས་པོའི་མཛད་རྗེས་བསུབ་དོན་ཅི། །
ཇོ་ནང་ཚང་གི་ཚངས་དབྱངས་རྒྱ་མཚོ་ཡིས།།
ས་སྐྱའི་དགེ་བཤེས་ཆོས་གོས་དུམ་བུར་གཏོང་།།
ད་དུང་ཚུལ་ཁྲིམས་བློ་གྲོས་སྡིགས་པ་འདིས།།
མགོ་རུལ་སྣ་ཡིས་མ་ཚོར་ངོ་ཚས་གནས།།
པན་ཆེན་བཅུ་བདུན་བསྡུས་གྲྭ་མ་དགོས་ཟིག།
རྒྱ་གར་གྲུབ་ཐོབ་བསྡུས་གྲྭ་མ་དགོས་ཟིག།།
བཀའ་རྙིང་ས་སྐྱ་བསྡུས་གྲྭ་མ་དགོས་ཟིག།
སྟོབས་ཆེན་རྒྱལ་ཁབ་བསྡུས་གྲྭ་མ་དགོས་ཟིག།
ཨ་ནེ་མགོ་བསྐོར་ཆེད་དུ་བསྡུས་གྲྭ་དགོས།།
ཨ་ཕོ་གྲྭ་རྒྱོ་ཆེད་དུ་བསྡུས་གྲྭ་དགོས།།
དུས་ཚོད་སྟོང་གཟད་ཕྱིར་དུ་བསྡུས་གྲྭ་དགོས།།
བོད་ཆོས་གཏོར་བརླག་དགོས་ན་བསྡུས་གྲྭ་རྩོད།།
#18 པདྨ ་ལགས་ཀྱིས་སྤེལ་དོན།:
January 25th, 2016 at 2:11 pm
་་་་་་་་་་་
ཨ་ནེ་མགོ་བསྐོར་ཆེད་དུ་བསྡུས་གྲྭ་དགོས།།
ཨ་ཕོ་གྲྭ་རྒྱོ་ཆེད་དུ་བསྡུས་གྲྭ་དགོས།།
དུས་ཚོད་སྟོང་གཟད་ཕྱིར་དུ་བསྡུས་གྲྭ་དགོས།།
བོད་ཆོས་གཏོར་བརླག་དགོས་ན་བསྡུས་གྲྭ་རྩོད།།
་་་་་་་་་་ ཟེར། དམ་ཉམས་པ་ཁྱོདཀྱི་་ཁ་ནས་འདི་འདྲ་མ་གཏོགས་ཐོན་རྒྱུ་ཅི་ཡོད། ཨ་ཁ་ཁ། རྙིང་མ་པའམ། རྫོགས་ཆེན་པ་འདིའི་རིགས་དང་སྐྱེ་བ་ནས་སྐྱེ་བར་དུ་མཉམ་དུ་མ་སྐྱེས་པ་ཤོག ང་དང་ཁ་བརྡར་འཕྲད་པ་འདི་ཡང་། ང་ལས་ངན་ཅིག་ཏུ་རྩི་བཞིན་ཡོད་དོ།།
ཁལ་ཁ་རྗེ་བཙུན་དམ་པ་ཟེར་བ་དེ་ཏ་ར་ན་ཐའི་སྐྱེ་བ་ཡིན་ཟེར་བ་དེ་གད་མོ་ཤོར་འོས་པ་ཞིག་རེད། ཁལ་ཁ་རྗེ་བཙུན་ཟེར་བ་དེ་ཚོ་ནི་ཏཱ་ར་ན་ཐའི་ཐུན་མིན་བཞེད་སྲོལ་གཞན་སྟོང་དེ་ཐ་ཆད་པ་ཕྱི་རོལ་གྲངས་ཅན་པའི་ལྟ་གྲུབ་ཀྱི་གྲས་སུ་བརྩི་མཁན་གྲས་རེད། ཏཱ་ར་ན་ཐ་ལ་ཡང་སྲིད་རང་གི་སྐྱེ་བ་གོང་མ་དང་ལྡོག་ཕྱོགས་སུ་བཤད་མཁན་ཞིག་བྱུང་ཟེར་ན་ཁྱད་མཚར་རེད། དྲང་པོར་བཤད་ན་ཁལ་ཁ་རྗེ་བཙུན་ཟེར་བ་དེའི་ལོ་རྒྱུས་རྒྱབ་ལྗོངས་ངོ་མ་དེ་ཇོ་ནང་པའི་བསྟན་པ་འཛིན་མཁན་ལ་བཟོས་པ་མ་ཡིན་པར་ཇོ་ནང་པ་མེད་པར་བཟོ་སྤྱད་ཀྱི་ལག་ཆ་ལ་བཟོས་ཡོང་བ་ཞིག་རེད། ང་རྙིང་མ་དང་། བཀའ་བརྒྱུད། ཇོ་ནང་སོགས་ཀྱི་དབང་ཆ་ཡོད་མཁན་ཞིག་ཡིན་ན་ང་ཚོ་ལ་བསྡུས་གྲྭ་གཏན་ནས་མི་དགོས་ཟེར་ནས་ཆོས་ཁྲིམས་དར་གྱི་མདུད་པས་གྲྭ་ཆུང་ཚོའི་ཁ་ལྕེ་རྡོ་རིལ་འདྲ་འདྲ་བྱས་ནས་བཅིངས་འཇོག་ས་རེད། བསྡུས་གྲྭ་སྦྱངས་པ་ལས་ཨང་རྩིས་སྦྱངས་ན་དགའ། ངས་བསྡུས་གྲྭ་གང་འཚམས་སྦྱངས་མྱོང་། ཕན་ཐོགས་ཡོད་སྤྱད་ཅིག་ལ་གང་ཡང་མཐོང་མ་སོང་། རིག་པ་ཞིག་གི་ནང་ནས་བསྡུས་གྲྭའི་རིག་པ་ལས་ཐབས་སྐྱོ་བ་ཞིག་མི་འདུག
ཡར་ལྷ་ཤམ་པོ།་་་་་་་
སྤྱིར་ས་པཎ་གྱིས་ཕྱྭ་པའི་གསུང་རབས་རྣམས་ལ་སྔར་ཐོས་བསམ་བྱས་ནས་ཕྱིས་སུ་ཚད་མ་རིགས་གཏེར་བརྩམས་པ་རེད་དེ། བརྗོད་བྱ་རྗེད་གཉིས་ཀ་ནས་ཕྱྭ་པའི་དགོངས་པ་ལས་ཐ་དད་དུ་བརྩམས་པ་རེད།པཎ་ཆེན་ཤཀ་མཆོག་ཀྱིས་ཚད་མ་རིགས་གཏེར་ལ་འགྲེལ་བ་མཛད་ཡོད་རེད་དེ། བསྡུས་པ་རིགས་གཏེར་ཟེར་བ་རྩ་བ་ནས་གསུང་མེད་ལ། ཕྱྭ་པའི་ཚད་འདུས་ལ་ལ་དགག་བཞག་གནང་ཡོད།གལ་སྲིད་ས་པཎ་གྱིས་མཛད་པའི་ཚད་མ་རིགས་གཏེར་ལ་བསྡུས་པ་རིགས་གཏེར་ཞེས་ཤཀ་མཆོག་ཀྱིས་གསུང་ཡོད་ན་ལུང་རིགས་ཡོད་དམ།
སྤོབས་མཐས།
་་་་་་་་ ང་རྙིང་མ་དང་། བཀའ་བརྒྱུད། ཇོ་ནང་སོགས་ཀྱི་དབང་ཆ་ཡོད་མཁན་ཞིག་ཡིན་ན་ང་ཚོ་ལ་བསྡུས་གྲྭ་གཏན་ནས་མི་དགོས་ཟེར་ནས་ཆོས་ཁྲིམས་དར་གྱི་མདུད་པས་གྲྭ་ཆུང་ཚོའི་ཁ་ལྕེ་རྡོ་རིལ་འདྲ་འདྲ་བྱས་ནས་བཅིངས་འཇོག་ས་རེད། ་་་་་་་་
་་་་་་་་ ངས་བསྡུས་གྲྭ་གང་འཚམས་སྦྱངས་མྱོང་། ཕན་ཐོགས་ཡོད་སྤྱད་ཅིག་ལ་གང་ཡང་མཐོང་མ་སོང་། རིག་པ་ཞིག་གི་ནང་ནས་བསྡུས་གྲྭའི་རིག་༼རིགས་༽པ་ལས་ཐབས་སྐྱོ་བ་ཞིག་མི་འདུག ་་་་་་
ཟེར་མཁན་ཁྱོད་ཀྱིས། བསྡུས་གྲྭའི་ནང་ལ་མ་འཐད་པ་འགའ་ཤས་འདིར་དྲོངས་དང་། དེ་ནས་ང་གཉིས། རྩོད་ཆོག
ཀརྡོས།
སྤོབས་པ་མཐའ་ཡས་ལགས། བསྡུས་གྲྭ་གཏན་ནས་ཕན་པ་མི་འདུག་ཟེར་མཁན་སུ་ཡང་བྱུང་མེད། རང་རེ་ལ་མི་མི་དགོས་ཟེར་མཁན་དུ་མ་འདུག །གཙོ་བོ་མ་བྱེད་ཟེར་མཁན་མང་པོ་རེད། ༡༽ཇོ་ནང་པ་ལ་བསྡུས་གྲྭ་མི་དགོས་པར་བཤད་ལུང་དང་རིགས་པ། ལོ་རྒྱུས་གང་ལ་བརྟེན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་གསུངས་པ་ཇོ་ནང་པའི་གཞན་སྟོང་གི་ལྟ་གྲུབ་ཉམས་པའི་སྐབས་འདིར་བསྡུས་གྲྭ་ལས་གཞན་སྟོང་གཙོ་བོ་གྱིས་ཞེས་གནང་བ་རེད་སྙམ། ཇོ་ནང་གི་ཕྱྭ་བ་ཆོས་སེང་གཞན་སྟོང་བླ་མ་བརྒྱུད་པའི་ནང་གི་གཙོ་བོ་ཞིག་དང་། བསྡུས་གྲྭའི་རིགས་པ་ཀུན་རྫོབ་ཆད་པའི་སྟོང་ཉིད་སྒྲུབ་པའི་ཐབས་སུ་འདོད་པ་རེད་སྙམ། ཀུན་མཁྱེན་ཡབ་སྲས་བཅུ་བཞི་ཚད་མ་ལ་ཤིན་ཏུ་མཁས་ཤིང་རྟོག་གེའི་རིགས་པ་ལ་བྱང་ཆུབ་པར་གྲགས་ཤིང་། ཉ་དབོན་པ་དང་། གྲོལ་མཆོག ཏཱ་ར་ནཱ་ཐ། བླ་ཆེན་ཡེ་ཤེས་རྒྱ་མཚོ་སོགས་ཀྱིས་ཀྱང་བསྡུས་གྲྭ་སྦྱང་བ་དང་། འབའ་མདའ་དགེ་ལེགས་ཀྱིས་བསྡུས་གྲྭའི་གཞུང་ཡང་མཛད་ཡོད་པས་སོ། །༢༽མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་སློབ་མའི་ཁྲོད་ཇོ་ནང་གི་མཁས་པ་མང་ཞིང་། མཁན་ཆེན་མཆོག་གིས་ཇོ་ནང་རི་ཆོས་ངེས་དོན་རྒྱ་མཚོ་རྒྱ་ཆེར་སྤེལ་བས་ཇོ་བསྟན་ལ་བཀའ་དྲིན་ཆེ་བ་དངོས་གནས་རྒྱུས་ཡོད་ཀྱི་གཏམ་དུ་གོ། །༣༽བསྡུས་གྲྭ་ཕན་མེད་རེད་ཟེར་མཁན་སུ་ཡང་མི་འདུག སོ་སོའི་ཆོས་རྒྱུན་ལ་གལ་ཆེན་པོ་ཡིན་མིན་སོ་སོའི་འདོད་པ་རེད། རྙིང་མ་བཀའ་བརྒྱུད་ཀྱི་མཁས་གྲུབ་དུ་མས་ཉམས་ལེན་མཁན་གྱིས་བསྡུས་གྲྭ་སྦྱང་ན་མན་ངག་རྟོག་གེའི་ཆོས་སུ་འགྱུར་ཏེ་སེམས་ལ་མི་ཕན་ཅེས་བཀག་པ་རེད། དཔེར་ན་འབྲུག་པ་ཀུན་ལེགས་ཀྱི་ཞལ་གདམས་སུ། མཐའ་བྲལ་ཟུང་འཇུག་དབུ་མའི་ལྟ་བ་འདི། །ཡིད་ལ་མི་བྱེད་གཟུང་འཛིན་ལམ་ལས་འདས། །གཅིག་དང་དུ་བྲལ་རྟག་ཆད་གོ་ཡུལ་འདིས། །ཟབ་ཆོས་རྟོག་གེར་འགྱུར་རོ་སྙིང་གཏམ་ཡིན། །དཔེ་གཅིག་ཏུ། གཅིག་དང་དུ་བྲལ་བསྡུས་གྲྭའི་རྩོད་པ་འདིས། །ཟབ་ཆོས་རྟོག་གེར་མ་བསྒྱུར་སྙིང་གཏམ་ཡིན། ཟེར་བ་ལྟ་བུའོ། །ཇོ་ནང་གི་བླ་མས་འདི་ལྟར་གསུངས་ཡོད་པ་མཆིས་སམ། །
བསྡུས་གྲྭ་གཅིག་གི་མཆོད་བརྗོད་དུ།
ཕྱོགས་བཅུའི་རྒྱལ་ཀུན་བསྡུས་པའི་ངོ་བོ་ཉིད། །
རྩ་བའི་བླ་མ་ངག་དབང་བློ་ཡི་གཏེར། །
་
་
ཞེས་གསུངས་འདུག་ཀྱང་། ཚིག་རྐང་གཞན་པ་གཉིས་ཀ་མི་དྲན། དམ་ཆོས་བརྗེད་པ་ལ་སྐྱེ་བ་བརྗེ་དགོས་མི་འདུག ཧ་ཧོ།།
སྔ་འགྱུར་རྙིང་མའི་ལུགས་ལ་དམིགས་བསལ་་་རྫོགས་ཆེན་གྱི་ཚད་མ་རིག་པའི་་་་གཞུང་ལུགས་དེ་འདྲ་བརྩམས་མཁན་སྔོན་བྱུང་ཡོད་དམ། །
ཡང་ན་ད་ཡོད་ཚད་མས་རིག་པའི་གཞུང་ལུགས་འདི་ཚོས་ཡོངས་རྫོགས་ལ་གོ་ཆོད་འགྲོ་བ་ཡིན། མཁྱེན་མཁན་ཡོད་ན་གསུངས་རོགས་གནོངས། བཀའ་དྲིན་ཆེ། །
པན་ཆེན་བཅུ་བདུན་བསྡུས་གྲྭ་མ་དགོས་ཟིག།
རྒྱ་གར་གྲུབ་ཐོབ་བསྡུས་གྲྭ་མ་དགོས་ཟིག།།
བཀའ་རྙིང་ས་སྐྱ་བསྡུས་གྲྭ་མ་དགོས་ཟིག།
འཇམ་དབྱངས་རྣམ་གསུམ་བསྡུས་གྲྭ་མ་མཁོ་ཟིག།
ཚན་རིག་གསར་བཟོ་བསྡུས་གྲྭ་མ་སྦྱང་ཟིག།
ཆོས་པ་ཡང་དག་བསྡུས་གྲྭ་མ་སྒྲུབ་ཟིག།
སྟོབས་ཆེན་རྒྱལ་ཁབ་བསྡུས་གྲྭ་མ་དགོས་ཟིག།
ཀུན་མཁྱེན་གསུང་ཉིད་དུས་ཐོག་ཆར་བ་དངོས།།
ཨ་ནེ་མགོ་བསྐོར་ཆེད་དུ་བསྡུས་གྲྭ་དགོས།།
ཨ་ཕོ་གྲྭ་རྒྱོ་ཆེད་དུ་བསྡུས་གྲྭ་དགོས།།
དུས་ཚོད་སྟོང་གཟད་ཕྱིར་དུ་བསྡུས་གྲྭ་དགོས།།
བོད་ཆོས་གཏོར་བརླག་དགོས་ན་བསྡུས་གྲྭ་རྩོད།།
བན་དེའི་ཆོས་ཚན་ཚང་མའི་ནང་ནས་ཡག་ཤོས་དེ་ནི་བསྡུས་གྲྭ་ཡིན་ས་རེད། གཞན་ལྟ་བ་དང་རྟོགས་པ་མཐོ་རུ་མཐོ་རུ་འགྲོ་དུས་བརྣག་སེམས་དང་གནོད་སེམས་ཆེ་རུ་ཆེ་རུ་འགྲོ་གི་ཡོད་པའི་བཟོ་ཞིག་མངོན་ཡོང་གི་འདུག ད་དུང་ཡིད་དམ་བསྒྲུབ་ནས་གཞན་ལ་མཐུ་དང་ཟློག་པ་རྒྱག་པ་དང་ཆོས་སྐྱོང་བསྐུལ་ནས་གཞན་སྲོག་རང་དབང་མེད་པར་འཕྲོག་པ་དང་། ཐུབ་རྒྱུ་ཅི་གང་མེད་པ་ལ་འཇོན་སྟངས་ཞེ་བོ་ཡོད་མདོག་མདོག ཉིན་མ་གཅིག་གི་དགེ་སྦྱོར་དེ་གཞན་ལ་གནོད་སེམས་སོགས་ཏིལ་འབྲུ་ཡང་མི་སེམས་པར་བྱམས་སྐྱོང་གི་ཉམས་ལེན་སྐྱོང་ཐུབ་ན་དེ་བས་བཟང་བ་ཞིག་ག་ལ་ཡོད། དེ་འདྲ་མ་ཐུབ་ནའང་ཁ་བཙུམས་ཁོག་བདེ་བར་བསྡད་བཞག་ན་རང་སྐྱིད་གཞན་སྐྱིད་རེད། ཡིན་ནའང་དེ་ལྟར་མི་བྱེད་པར་དགོན་པ་རེ་རེས་སྒེར་སྲུང་ཟེར་བ་ཞིག་ལ་མཆོད་མཆོད་བསྟོད་བསྟོད་ཉིན་མཚན་མེད་པར་བྱས་ནས་གསོད་གསོད་རྙོག་རྙོག་བཏུབ་བཏུབ་རྐྱང་རྐྱང་གྱེར་འདོན་བྱས་ནས་དུས་འདའ་བཞིན་པ་ལས་བསྡུས་གྲྭ་རྐྱང་རྐྱང་རྩོད་ནས་སྐྱིད་པོ་ཁ་མེད་མིག་མེད་བཏང་བསྡད་ན་དགེ་སྦྱོར་ཚད་ལྡན་དུ་འགྱུར་བའོ། །
བསྡུས་གཱ་ཟེར་ན་གང་རེད་གསལ་བཤད་གཏིང་ཟབ་ཙམ་དང་
རྒྱ་ཆེ་ཙམ་ཞིག་གནང་དང་ཕན་ཐོགས་ཡོང་ས་རེད་ང་ལྟ་བུར་།
དྲི་བའི་ལན་དུ་བསྡུས་གྲུའི་སྐོར་ལ་མདོར་བསྡུས་ཙམ་ཞུས་ན།
བསྡུས་གྲྭ་མང་པོ་མཛད་ཡོད་བགྱིད་རེད། ངས་སྦྱངས་པ་དང་མཇལ་བའི་བསྡུས་གྲྭའི་མཚན་ལ། ཅུང་རྒྱས་པ་ར་སྟོད་བསྡུས་གྲྭ་དང་། བསྡུས་པ་ཡོངས་འཛིན་བསྡུས་གྲྭ་གཉིས་རེད། ཡང། བསྡུས་གྲྭ་ལས་གནས་རིམ་མཐོ་བ། རྟགས་རིགས་དང་། བློ་གཉིས་ཀ་གཅིག་ཏུ་ཚིག་ཉུང་ངུར་བསྡུས་ནས། རྩོད་པ་རྩོད་དུས། གཞི་གང་ཡང་རུང་བ་གཉིས་འཁྱེར་འོངས་ནས། དེ་གཉིས་བར་ལ།
མུ་གསུམ། མུ་བཞི། འགལ་བ། དོན་གཅིག་གི་སྒོ་ནས་ཁྱད་པར་བཞག་རྒྱུ་མེད་པའི་ཕྱིར། ཟེར་ནས། དྲི་ལན་གཉིས་ཀ་རྗེས་དཔག་ཚད་མའི་གཞལ་བྱ་ལྐོག་འགྱུར་འཇལ་བྱེད་ཀྱི། ཕྱོགས་ཆོས། རྗེ་ཁྱབ། ལྡོག་ཁྱབ་གང་ངེས་ན་མ་ངེས་བལྟས་ནས་གཞི་དངོས་པོའི་གནས་ལུགས་སྤྱི་དང་། ཁྱད་པར་གཞི་བདེན་པ་གཉིས་དང་། ལམ་་ཐབས་ཤེས་གཉིས་དང་། འབྲས་བུ་སངས་རྒྱས་ཀྱི་སྐུ་གཉིས་ཤེས་ཐབས་ཀྱི་ཐབས་ཤེས་ཀྱི་མཚན་རིགས་པའི་ཐོག་མའི་ཀློག་དེབ་བམ། བསླབ་དེབ་ལྟ་བུ་ཅིག་རེད།
དཔལ་གློ་བོ་རྒྱལ། པཎ་ཆེན་གྱིས་བསྡུས་པ་རིགས་གཏེར་ཞེས་རྩ་བ་ནས་གསུངས་མེད་ཅེས་ཐག་གཅོད་མ་སྔ། པན་ཆེན་གྱི་བཀའ་འབུམ་པོ་ཏི་སུམ་ཅུ་མ་ཟིན་ཡོད་པ་ཚང་མ་ཁྱེད་ཀྱིས་བལྟས་དེ་ཡང་ད་ལྟ་བརྗེད་མེད་པ་ཞིག་ཡིན་ནམ། ངས་ནི་ད་ལྟ་པོ་ཏི་འདི་དང་ཡིག་འཕྲེང་འདིའི་ནང་ཞེས་ཞུ་རྒྱུ་མེད་ཀྱང་པཎ་ཆེན་གྱིས་མ་གསུངས་པ་ཞིག་གསུངས་པ་རེད་ཞུ་གི་མེད། དེ་ལས་གཞན་ནི་གོ་བརྡ་མ་འཕྲོད་པ་ཙམ་དུ་ཟད།
ངས་གོ་ཚོད་ལྟར་ན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་བླ་རུང་གི་མཁན་ཆེན་ཁྲོད་ཚད་མ་སྦྱང་བ་ཆེ་ཤོས་གྲས་རེད་འདུག རྣམ་འབྲེལ་རྩ་བ་དང་། རིག་གཏེར་རྩ་མཆན་བཅས་བློ་ནས་ཤ་ར་ར་འགྲོ་བ་དང་། གོ་རམ་པའི་ཚད་མའི་གཞུང་ལ་བྱང་ཆུབ་པ་ཞིག་ཡིན་པར་གྲགས་སོ། །དེས་ན་ཁོང་གིས་གསུང་པའི་བསྡུས་གྲྭ་ཟེར་བ་སྤྱི་ལ་མི་གོ་བར། ཚིག་འཁྲིའི་རིགས་པ་ལ་ཟེར་བ་གསལ་བོ་རེད། །
བསྡུས་གྲྭ་མདོར་བསྡུ་ན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྩ་ཚིག་ཏུ། །ཆོས་ཅན་དབྱེ་གཞི་བཤད་པ་དང་། །ཆོས་ཀྱི་དབྱེ་བ་བསྟན་པ་དང་། །ངེས་པར་བྱ་བའི་རྣམ་བཞག་དང་། །ངེས་བྱེད་ཐལ་འགྱུར་བཤད་པ་དང་། །ལྟ་བ་དབུ་མར་འཇུག་པའི་ཚུལ། །ལྔ་བོ་སྐབས་འདིའི་བསྡུས་དོན་ཡིན། །ཟེར་བའི་ཁུངས་སུ་ཐམས་ཅད་འདུ་བ་རེད་སྙམ། གནས་ལུགས་དཔྱོད་པར་བསྡུས་གྲྭ་མི་ཕན་པ་ཡང་མིན་ཏེ། ཁ་ཕྱོགས་ལེགས་པར་བསྒྱུར་ཤེས་ན་སྐབས་རེར་ཕྱག་རྫོགས་ཀྱི་སེམས་འཚོལ་བའི་སྐབས་ཀྱི། དཔེ་དོན་རྟགས་དང་གཏན་ཚིག་གིས་ལྟ་སྟེང་ནས་བསྒོམ་འཚོལ་བའི་ལུགས་སུ་སྨྲས་ཀྱང་རུང་། དགེ་བཤེས་རྣམས་ཀྱི་བཤད་སྲོལ་ལ། སྔོན་རྟ་དཀར་ལག་རིང་ཟེར་བས་ཁ་དོག་དཀར་དམར་རྩོད་སྐབས། རྟ་དཀར་པོའི་ཁ་དོག་མིང་རྐྱང་བཏགས་ཡོད་ཙམ་དུ་རྟོགས་ཏེ་དེ་མ་ཐག་གྲུབ་པ་ཐོབ་ཟེར། ཡིན་ཡང་དགོས་ཏེ། རྩ་ཚིག་ཏུ། གཞན་ཡང་བསྡུས་གྲྭའི་རིག་པ་ལ། །དཔྱད་ན་ཐོག་མཐའ་མི་རྙེད་ཅིང་། །དབུས་སུ་གནས་པར་མི་འགྱུར་ཏེ། །ཁས་བླང་ཐམས་ཅད་འཇིག་པར་འགྱུར། །ཐོག་མཐའ་མེད་ཅིང་དབུས་མི་དམིགས། །ཁས་བླངས་མེད་ཅིང་གྲུབ་མཐའ་མེད། །དེ་ཚེ་དབུ་མ་ཆེན་པོའོ། །ཞེས་སོ། ། ཇོ་ནང་གིས་ཀུན་རྫོབ་གཏན་ལ་འབེབ་བྱེད་དང་། རྒྱས་འགྱུར་རིགས་ཀྱི་ཡོན་ཏན་ཚུལ་བཞིན་རྟོགས་པའི་སླད་དུ་རིགས་པ་སྦྱོང་དགོས་པར་འདོད་སྙམ། །
བསྡུས་གྲྭའི་སྤྱི་བཤད་ནང་ལ། དང་པོ། ཁ་མདོག་དཀར་དམར། གཉིས་པ། གཞི་གྲུབ་སྐོར། གསུམ་པ། ལྡོག་ངོས་འཇིན་ནམ་གཞན་སེལ་གྱི་སྐོར་སོགས་མདོར་བསྡུས་ལ། གཏིང་ཟབ་པ་ཡོད་རེད།
རྟགས་ཚིག་རོབ་ཙབ་བཤད་ན།
སྒྲ་ཆོས་ཅན། མི་རྟག་ཏེ། བྱས་པའི་ཕྱིར། དཔེར་ཞག་གསུམ་འཇིག་པར་ངེས་པའི་ཁང་པ་བཞིན། འདི་ཉམས་ལེན་དུ་འཁྱེར་ན། འཆི་བ་མི་རྟག་པ་རྟོགས་པ་ལ་ཕན།
ཡང་།
མྱུ་གུ་ཆོས་ཅན། བདེན་པར་མ་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན། མེ་ལོང་ནང་གི་བྱད་བཞིན་གྱི་གཤུགས་བརྙན་བཞིན། ལྟ་བུའི་ཉམས་ལེན་ལ་འཁྱེར་ཤེས་ན། རང་བདག་མེད་པ་དང་། རང་སེམས་ཀྱི་ཆོས་ཉིད་ཤེས་པ་ལ་ཤིནད་ཏུ་ཕན་ནོ།།
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ལ་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ
གངས་རིའི་ཕོ་ཉས།
་
མངོན་སུམ་རྗེས་དཔག་འགལ་འབྲེལ་འགལ་བརྟག་གི །
རྩོད་པའི་འཁོར་ལོས་ལོག་སྨྲའི་གཉིས་འཐུང་དབང་། །
ཀླད་པ་འགེམས་ཕྱིར་གདོང་པ་ལྔ་པའི་ཟོལ། །
ཚད་མའི་སྟོན་པ་ཀུན་མཁྱེན་ཀློང་ཆེན་པ། །
་
འདི་བསྡུས་གྲྭ་ནས་ཡར། ཚད་མའི་སྐོར་ལ་སྦྱངས་པའི་ཕན་ཡོན་གསུངས་པ་རེད་དོ།།
བསྡུས་གྲྭའི་ནུས་པ་འདི་ན། ཅིག་འདུག་གདའ།
https://www.facebook.com/Tbetanboy11?fref=nf
གཟབ་གཟབ་བྱ། ཁ་བརྡའི་མཆན་དུ་འཇུག་ཚེ་རྐུན་མ་ལ་འཕྲད་སོང་། ངའི་ཀློག་ཀླད་ཀྱི་རྐུན་མ་འགོག་པའི་མཉེན་ཆས་སུ་རྐུན་མ་ཞིག་གིས་ཁ་བྱང་རྐུ་བའི་སྦྱོར་བ་བརྩམས་སོང་ཟེར། རྐུ་མཁན་ནག་པོ་དངོས་མ་ཞིག་རེད། འོན་ཀྱང་གླུད་རྫས་འགའ་ཞིག་བཤམས་པ་དེ་དག་ལས་རྐུ་མ་ཐུབ། ཀླུད་རྫས་ནི་ཚིག་ཇ་ཁང་གི་མིང་། ཁ་བྱང་། ཚིག་ཇ་ཁང་གི་ཀློག་ཀླད་ཀྱི་ཅ་ལག་རྣམས་རེད། ཁ་བརྡ་ཚང་གིས་ཐུགས་གཟབ་གནང་དགོས། དྲྭ་གྲོགས་ཚོའི་སོ་སོའི་སྒེར་ནོར་ལ་སྲུང་བ་འདོགས་རོགས། །
འཇིགས་རུང་ལྟོ་ཞལ་བསྒྲད་པའི་རཱ་ཧུ་ལའི། །ཁམས་གསུམ་མུན་པར་སྒྲིབ་པའི་དུག་རླངས་ཀྱིས། །
ཕས་རྒོལ་གཡོན་ཅན་དབང་པོའི་ལམ་ཁྱབ་ཏེ། །ནང་དུ་འཚིག་ཅིང་ཁྲོ་བའི་ཇག་རྐུན་ཁོག ༎ཀུ་རེ་ལ་དོན་དམ་གྱི་ཆ་ཤས་ཡོད་དོ། ། རེ་ཞིག་ངལ་གསོ་བྱའོ། །
བསྡུས་གྲྭ་ལ་རྩོག་བལྟས་དང་དམ་སེལ་ཡོད་ཟེར་བ་བདེན་པར་སྣང་སྟེ། སྔོན་རྒྱ་གར་དུ་མུ་སྟེགས་པའི་རྩོད་པ་བཟློག་པའི་ཆེད་དུ་ཕྱོགས་གླང་དང་ཆོས་གྲགས་ཡབ་སྲས་གཉིས་ནས་ཚད་མའི་གཞུང་རྣམས་བརྩམས་པར་གྲགས་ཀྱང། བོད་དུ་ནི་དེ་ལས་ལྡོག་ཏེ་སྟོན་པ་གཅིག་གི་རྗེས་འཇུག་ནང་ཕན་ཚུན་དགོས་རྒྱུ་རང་རྒྱུད་དེ་འདུལ་མི་ཐུབ་པར་རྩོད་པས་གཞན་ཕམ་པར་འདོད་པ་ཆོས་དང་འགལ་བའི་བྱ་སྤྱོད་དེ། དཔེར་ན་མཚན་མ་ལ་མཁས་པར་གྲགས་པའི་དགེ་བཤེས་དར་བློས་རྗེ་བཙུན་མི་ལ་དང་རྩོད་སྐབས་མགོ་སྤྲུག་ལག་སྤྲུག་ཧབ་དགོད་བྱས་པ་སོགས་མ་རངས་པའི་རྣམ་པ་དུ་མས་རྗེ་བཙུན་གྱི་ཞལ་ལ་ཐལ་བ་གཏོར་བའི་ཐ་ཤལ་གྱི་སྤྱོད་པ་དེ་བསྡུས་གྲྭ་ལ་མཁས་པའི་མཁས་རྟགས་རེད་དམ། རས་ཆུང་པས་ཀྱང་རྗེ་བཙུན་ལས་རང་ཉིད་ཡོན་ཏན་ཆེ་སྙམ་པའི་ང་རྒྱལ་གྱི་རྐྱེན་རྩོད་པའི་རིགས་ལམ་སྦྱངས་འབྲས་སུ་བྱུང་བ་རྣམ་ཐར་ལས་ཤེས་ཐུབ། དེ་བཞིན་བསྡུས་གྲྭའི་སྦྱངས་འབྲས་སུ་རང་ལུགས་ཐུན་མིན་གྱི་བཞེད་པ་ཕྱག་རྒྱ་ཆེན་པོ་དང་རྣམ་གྲངས་མ་ཡིན་པའི་དོན་དམ་ཧབ་བགད་གྱི་གནས་སུ་གྱུར་ན་ཕན་པ་ལས་ཀྱང་གནོད་པ་མང་འདུག་གོ།
གཟུར་གནས་རྣམ་དཔྱོད་ཡོད་པ་ཞིག་ཡིན་ནས་བཟུང་།
ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བཀའ་རྙིང་ས་བོན་སོགས་ལ་བསྡུས་གྲྭ་མི་དགོས་གསུངས་པར་ཤིན་ཏུ་རྨད་དོ། རྒྱལ་བ་རིན་པོ་ཆེས་དོལ་འདྲེ་དགག་པ་དང་གཏན་ནས་འདྲ་ས་མ་རེད། མ་ཚད་རྒྱལ་བ་ཚང་གིས་དག་སྣང་དང་ལུང་བསྟན་ལ་ཡིད་ཆེས་མེད་ཅེས་དང་སྤྲུལ་སྐུ་ཚོ་ཕག་ཕྲུག་ནང་བཞིན་ཆོ་མི་འདུག ཅེས་དང་འབྲུག་པ་བཀའ་བརྒྱུད་ཀྱི་ཞྭ་མོ་དགག་པ་དེ་ཚོ་དངོས་ནས་རིས་མེད་དང་མཐུན་ལམ་ཞི་བདེ་དང་བོད་དོན་གཅིག་ཡིན་ནམ།
བཀའ་རྙིང་ས་བོན་སོགས་ལ་བསྡུས་གྲྭ་མི་དགོས་ན་མུན་སྒོམ་བྱས་ནས་སྡོད་དང་། ཉིན་ཅིག་གཉིད་སད་འོངས།
རིགས་པ་མ་སྦྱངས་མུན་བསྒོམ་བྱས། །
རིགས་པ་སྦྱོང་ཚབ་ཞྭ་གོས་བཟོས། །
མུན་བསྒོམ་བྱས་ནས་ཆོས་བཤད་འཐོམས། །
མུན་བསྒོམ་བྱས་ནས་རང་ཉིད་རྨོངས། །
ཀུན་མཁྱེན་བཀའ་ལ་བསླུ་བ་མེད།།
མདོ་སྔགས་ཟུང་འབྲེལ་ཇོ་ནང་པ།།
སྦྱོར་དྲུག་གྲུབ་པའི་རྡོ་རྗེ་འཆང་།།
བསྡུས་གྲྭ་མེད་ནས་མཁས་གྲུབ་བྱུང་།།
སྔ་འགྱུར་རིག་འཛིན་འཇའ་ལུས་པ།།
ཉི་ཟེར་རྡུལ་ལས་ལྷག་པར་བྱུང་།།
སྨིན་གྲོལ་ཐོབ་པའི་ལེགས་བཤད་ལ།།
འདྲེན་བྱེད་ཡོད་ན་གསལ་བོ་མཐོང་།།
བཀའ་བརྒྱུད་སྒོམ་ཆེན་གྲུབ་ཐོབ་པར།།
ནམ་མཁར་ཁྱབ་པའི་རས་པ་བྱུང་།།
མུན་བསྒོམས་མིན་པར་སྙན་གྲགས་རྒྱས།།
མཉན་བྱེད་མཆིས་ན་ཐོས་ཚོད་རེད།།
ས་སྐྱའི་གོང་མ་རྣམ་ལྔ་སོགས།།
མཁས་གྲུབ་པན་ཆེན་ཟླ་བྲལ་བྱུང་།།
ཚ་ངུར་མུན་བསྒོམས་ཟེར་བའི་རིགས།།
ཆོས་མེད་སེམས་ཅན་དུད་འགྲོའི་ལུགས།།
དགེ་སྡིག་མེད་པའི་གྲྭ་རྒྱོའི་ལུགས།།
རྟགས་ས་ཙམ་འཛིན་པའི་གདན་ས་ན།།
ཉིན་མཚན་མེད་པར་ཆགས་སྡང་གསོག།
བསྡུས་གྲྭ་ཞེན་པའི་གྲུབ་འབྲས་སོ།།
ཆགས་སྡང་རྨོངས་གསུམ་བསྡུསྃ་པའི་གྲྭྃ།།
འདྲེ་ལུགས་སྲུང་བའི་རིགས་ལམ་ཞིག།
དར་ནས་རི་བོ་དགེ་ལྡན་པའི།།
མཁས་གྲུབ་རྒྱལ་མཚན་རྐང་པ་ཆག།
དམོ་ངན་བདོ་བའི་ཁྱོད་ཚོ་བྱུང་།།
བསྡུས་གྲྭ་གལ་ཆེན་པོ་རེད་ཅེས་འུར་ལངས་མཁན་དེ་ཚོ་བཤད་པའི་སྐད་ཆ་མི་གོ་ཐག་ཆོད་རེད། བཀའ་ཚད་མ་དང་ལུང་རིགས་ཚད་མ་དང་མཐུན་པའི་རིག་ལམ་གཏོང་ཤེས་མཁན་ནི་གཅིག་ཀྱང་མཐོང་ཡ་མིན་འདུག། ལྐུགས་པ་ཨུ་ཚུགས་ཐོག་ནས་མུན་ནག་མདའ་འཕེན་རང་རེད། བཀའ་རྙིང་གཉིསལ་ཡོད་པའི་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐུབ་པའི་གདམས་ངག་ཟབ་མོ་དང་མཇལ་བའི་སྐལ་བ་མེད་པའི་སྟེང་དུ་བཀའ་རྙིང་གཉིས་ལ་མུན་བསྒོམ་བྱས་ནས་སྡོད་ཟེར་བ་སོགས་ནི་རང་རྐྱོན་རང་གིས་མི་མཐོང་བར་གཞན་རྐྱོན་ཁོ་ན་མཐོང་འདོད་་ཀྱི་རང་གཤིས་ངན་པ་ལང་ཤོར་ལ་སོང་བ་མིན་ན་ཅི། ལངས་ཤོར་ཁྱོད་ཚོ་་ནི་སངས་རྒྱས་དངོས་ཕེབས་ཡོང་ཀྱང་དགག་པ་འདྲ་རྒྱབ་བསྡུས་གྲྭ་འདྲ་བརྩོད་ནས་སྡོད་རྒྱུ་གཞི་གྲུབས་ཚར་འདུག། མཁན་ཆེན་ནས་གཏང་སྙོམས་སུ་བཞག་ན་བཟང་གསུང་པ་དེ་ལ་གོ་རྒྱུ་ཆེན་པོ་འདུག། བཤད་རྒྱུ་མང་ན་སོ་སོ་རང་ཉིད་ཀྱང་ངན་པ་ལང་ཤོར་ལ་སོང་བའི་ཉེན་ཁ་འདུག་པས་མང་པོ་མི་བཤད་དོ།
ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐུབ་པའི་གདམས་ངག་ཟབ་མོ་ཨེ། ཧ་ཧ།། །།
དེང་སང་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐུབ་པའི་གདམས་ངག་ཟབ་མོ་རེ་རེ་ལ་ཌོ་ལར་རེ་མ་གཏོགས་རག་བགྱིད་མི་འདུག་ཟེར་བགྱིད་འདུག་གདའ། ལགས་མ་རེད་པེ། ལགས།
ཧབ་བགད་བྱེད་རྒྱུ་དེ་བསྡུས་གྲྭ་ལ་སྦྱངས་པའི་ལམ་རྟགས་འདྲ་ཡིན་ས་རེད། རེད་པེ་ལགས།
ལྟོ་གོས་གྱི་ཆེད་དུ་ཆོས་ཚོང་བའི་ལས་ངན་བསགས་མཁན་ཆོས་ལུགས་ཚང་མའི་ནང་ནས་རེ་ཟུང་ཐོན་གིས་ཡོད་པ་ནི་ཚང་མས་ཤེས་གསལ་རེད། རིགས་པ་སྨྲ་བ་ཡིན་ཟེར་མཁན་ཚོ་རྒྱུགས་པ་ལེབ་བརྡུང་གི་སྐད་ཆ་ཡོང་དུས་དེ་ལས་ཐབས་སྡུག་པ་ཞིག་ཨ་ཡོད་ན།
ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཞེས་པའི་གདམས་ངག་ཡོད་པ་ཙམ་གྱིས་མི་ཕན། ཤོད་མཁན་བླ་མ་ཚད་ལྡན་ཅིག་དང་། ཉན་མཁན་སློབ་མ་ཚད་ལྡན་ཅིག་དགོས་རེད།
དེ་ནས་ཚེ་གཅིག་ལུས་གཅིག་ལ་སངས་མ་རྒྱས་ན་ཡང་། ཚེ་གཅིག་ལུས་གཅིག་འཚང་རྒྱ་བའི་གདམས་ངག་ཅིག་ཉམས་སུ་ལེན་མཁན་ཅིག་ཡོད་པ་དད་ཆོག་པ་རེད།
དེང་སང་གི་ཆོས་ཚོགས་མང་ཆེ་བར་གདམས་ངག་ཤོད་མཁན་བླ་མ་དང་དང་སློབ་མའི་སྤྱོད་པ་དང་། དམ་ཚིག་སྲུང་མཁན་ཅིག་དཀོན་པོ་མཐོང་སོང་། ངས་ཀྱས་བསྡུས་གྲྭ་སྦྱངས་ཙང་མ་འགྲིགས་པ་ཡིན་པ་མིན་འགྲོ། ཧ་ཧོ།། །།
ཡུལ་ཡུལ་ཅན་གྱི་རྣམ་གཞག། ཅེས་པ་མགོ་ཤོག་བཅས་ཤོག་བུ་བདུན་ཡོད་པའི་བསྡུས་གྲྭའི་དཔེ་ཆ་་ཞིག་ངའི་དཔེ་མཛོད་དུ་ཡོད།
མཛད་བྱང་མེད་པས་མཛད་པ་པོ་སུ་ཡིན་ནམ། ཞེས་རྗེས་དཔག་བྱེད་དགོས་ཀྱང་། བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་གི་རྣམ་འགྲེལ་མཐའ་དཔྱོད་མཛད་པོ། ཤཱནྟི་པ་བློ་གྲོས་རྒྱལ་མཚན་ལ་མཆོད་བརྗོད་ཡོད་པས དེའི་སློབ་མ་བསྟན་པ་དར་བཟང་ཡིན་ནམ་སྙམ། མཆོད་བརྗོད་ནི།
་
ཕུལ་བྱུང་བློ་གྲོས་ཡངས་པའི་གཞལ་མེད་ཁང་།
ལུང་རྟོགས་ཆོས་ཀྱི་དཔལ་འབོར་རབ་རྒྱས་ཤིང་།
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་སྒྲེང་མཁས་པ།
བཤེས་གཉེན་བཟང་པོའི་ཞབས་ལ་སྙིང་ནས་འདུད།།
་
དཔེ་གཞུང་འདིར་བསྡུ་གྲྭ། མིང་དང་མཐུན་པར་མཛོད་གཞུང་དང་། རྣལ་འབྱོར་སྤྱོད་པའི་གཞུང་ནས་བཤད་པ་ལྟར་ཀུན་བརྟགས། གཞན་དབང་། ཡོངས་གྲུབ་གསུམ་གི་ངོ་སྤྲོད་ལེགས་པར་མཛད་ཅིང་། མཇུག་ཏུ།
་
གསུང་རབ་ཀུན་ལ་ལྟ་བའི་བློ་གྲོས་ཀྱི།
མིག་འབྱེད་བསྡུས་གཞུང་རིགས་པའི་རྒྱ་མཚོ་ཆེར།
བློ་གསལ་ངང་མོའི་ཁྱུ་ཚོགས་ཀུན་འདུས་ནས།
རྩོད་ངག་མགྲིན་པའི་རྫ་རྔ་འཁྲོལ་གྱུར་ཅིག །
་
ཅེས་གསུངས་སོ།
རྒན་ལ་དྭགས་པར་ག་དུས་ཡིན་ནའང་གནོང་རྡུབ་རབ་ཅིག་མ་གཏོགས་ཡོད་མ་རེད། དེ་ཡང་ལས་ངན་ཅིག་ཡིན་པ་འདྲ།
་དཔལ་འབོར། ཞེས་པ་དཔལ་འབྱོར།་ཅེས་ཞུས་དག་བྱས་སོ།
སྤྱིར་བསྡུས་གྲྭ་སྦྱངས་ཏེ་་རིགས་ལམ་ལ་བྱང་ཆ་ལྡན་པའི་ངང་མདོ་རྒྱུད་ལ་གོ་བ་སྐྱེས་བའི་མཁས་པ་ཡང་ཡོད། བསྡུས་གྲྭའི་རྣམ་བཞག་ཙམ་ཡང་མ་སྦྱངས་པར་མན་ངག་ལ་བསྟེན་ནས་མདོ་རྒྱུད་ལ་གོ་བ་རྣལ་མ་སྐྱེས་བའི་རྟོགས་ལྡན་པ་ཡང་ཡོད་པས། བསྡུས་གྲྭ་དགོས་མིན་ཟེར་བ་དེ་རྩོད་གཞི་ཅན་ཞིག་མ་རེད་བསམ།