སྤོབས་པ་མཐའ་ཡས།
ང་ནི་རིག་པ་ཧ་ཅང་གྲུང་བའི་མི་ཞིག་ཡིན། རིག་པ་གྲུང་བའི་མི་ཞེས་པ་དེ་ལ་དཀའ་ངལ་མེད་པ་ཞིག་གཏན་ནས་མ་རེད། ང་རིག་པ་གྲུང་བར་བརྟེན་ངས་གནས་ཚུལ་མང་པོ་ཞིག་ཤེས་པར་གྱུར། གནས་ཚུལ་མང་པོ་ཤེས་པས་སྤྱིར་བཏང་གི་མི་ཕལ་མོ་ཆེར་དང་མི་འདྲ་བར་གྱུར། ལྟ་སྤྱོད་མང་པོ་ཞིག་མི་མཐུན་པར་གྱུར། ཕལ་ཆེར་ངས་བལྟས་ན་ཁོང་ཚོ་སྨྱོས་ཟིན་པ་དང་ཁོང་ཚོས་བལྟས་ན་ང་སྨྱོས་ཟིན་པའི་ཁྱད་པར་ཤོར། མཚམས་རེར་ངའི་ལྟ་ཚུལ་ལ་འཛམ་གླིང་གི་མི་ཕལ་མོ་ཆེ་ནི་སྨྱོན་པས་དབང་སྒྱུར་བ་དང་། སྨྱོན་པས་སྣེ་ཁྲིད་པ། སྨྱོན་པས་ལམ་སྟོན་བཞིན་པའི་སྣང་བ་ཡང་སྐྱེས།
ང་རང་ཉིད་ལོ་ན་ཡར་སོན་པ་དང་བསྟུན་ནས་ངའི་མཐོང་ཐོས་ཀྱི་རྒྱ་ཇེ་ཆེར་གྱུར། མཐོང་ཐོས་ཀྱི་རྒྱ་ཇེ་ཆེར་གྱུར་པས་ངའི་རྣམ་རིག་ཇེ་གྲུང་དུ་གྱུར། དེར་བརྟེན། ང་དང་སྤྱི་ཚོགས་ཕལ་མོ་ཆེའི་རྣམ་དཔྱོད་ཀྱི་བར་ཐག་རྒྱང་ཇེ་རིང་དུ་གྱུར། ངའི་ཤེས་རྒྱ་ཇེ་ཆེར་གྱུར་པ་དང་བསྟུན་ནས་ང་དང་རྣམ་དཔྱོད་མཚུངས་པའི་སྐྱེ་བོ་ཇེ་ཉུང་དུ་གྱུར། ང་དང་རྣམ་དཔྱོད་མཚུངས་པའི་མི་ཇེ་ཉུང་དུ་གྱུར་པས་ང་དང་ལྟ་སྤྱོད་མཐུན་པའི་མི་ཡང་ཇེ་ཉུང་དུ་གྱུར། དེར་བརྟེན། ང་ལ་གྲོགས་པོ་ཇེ་ཉུང་དུ་གྱུར། ཐ་ན་ང་དང་ལྷན་དུ་གླེང་མོལ་བྱེད་ཤེས་མཁན་ཡང་ཇེ་ཉུང་དུ་གྱུར། ངས་བཤད་པ་ཁོང་ཚོས་མི་གོ་ཞིང་ཁོང་ཚོས་བཤད་པས་ངའི་དོ་སྣང་འགུགས་མི་ཐུབ།
ད་ལྟ་ང་ལ་དཀའ་ངལ་ཆེན་པོ་ཞིག་འདུག དཀའ་ངལ་དེ་ནི་ང་དང་སྤྱི་ཚོགས་དཀྱུས་མའི་བར་ན་ལྟ་སྤྱོད་མི་མཐུན་པའི་བར་ཐག་ཇེ་རིང་དུ་འགྱུར་བཞིན་པ་དེ་རེད། འོན་ཀྱང་། ང་རང་ཉིད་ཀྱི་རྣམ་དཔྱོད་དང་ཤེས་རྒྱ་དེ་སྤྱི་ཚོགས་དཀྱུས་མའི་ཁྲོད་དུ་མི་ཤོང་བ་ཞིག་དང་། མི་ཚུད་པ་ཞིག མི་མཚུངས་པ་ཞིག་ཡིན་སྟབས་ང་དང་སྤྱི་ཚོགས་དཀྱུས་མའི་བར་ལ་གོ་བརྡ་འཕྲོད་པའི་གོ་སྐབས་ཀྱང་ཇེ་ཉུང་རེད།
ངའི་རྣམ་དཔྱོད་དང་ཤེས་རྒྱ་དེ་སྤྱི་ཚོགས་འདི་ལས་བརྒལ་ཟིན་ན་ཡང་། ངའི་སྡོད་གནས་དང་། ངའི་འཚོ་ཐབས། ངའི་སྤྱི་ཚོགས་ཁོར་ཡུག་དེ་ད་དུང་ཡང་སྤྱི་ཚོགས་དཀྱུས་མའི་ཁྲོད་དུ་ལུས་ཡོད་སྟབས་ནམ་ཡིིན་ཡང་སྤྱི་ཚོགས་དང་བསྟུན་ན་ཡང་མི་འདོད་པ་དང་། མ་བསྟུན་ན་ཡང་མི་འགྲིགས་པའི་ཚོར་སྣང་འགལ་འདུ་ཅན་ཞིག་གིས་གཙེས། ཐད་ཀར་བརྗོད་ན། ངའི་དཀའ་ངལ་དེ་ནི་མཁས་པ་ཞིག་བླུན་པོའི་ཁྲོད་དུ་ལྷུང་བ་རེད།
ད་ནི་དཀའ་ངལ་དེ་ཇེ་ཆེར་འགྱུར་བཞིན་འདུག དཔེར་ན། ངའི་རྐང་པ་ཡ་གཅིག་དེ་འཇིག་རྟེན་འདི་ལ་བཙུགས་ཤིང་། རྐང་པ་ཡ་གཞན་དེ་འཇིག་རྟེན་གཞན་ཞིག་ལ་བཙུགས་ཡོད་པའི་ཚོར་སྣང་འདུག དེ་ཡང་། ང་དང་འཇིག་རྟེན་སྤྱི་ཚོགས་དཀྱུས་མའི་བར་གྱི་རྣམ་དཔྱོད་དང་ཤེས་རྒྱ་ཆེ་ཆུང་གི་བར་ཐག་ཇེ་རིང་དུ་འགྱུར་རིམ་བཞིན་དུ་ངའི་རྐང་པ་གཉིས་འཇིག་རྟེན་གཉིས་ལ་འཛུགས་དཀའ་བར་འགྱུར་བཞིན་འདུག དེ་ཡང་འཇིག་རྟེན་དེ་གཉིས་ཀྱི་བར་ཐག་ཇེ་རིང་དུ་གྱུར་བས་ངས་དྲང་ཚུགས་འཛིན་མི་ཐུབ་པར་གྱུར།
ང་སྤྱི་ཚོགས་ལ་དགའ་ཞིང་ངས་སྤྱི་ཚོགས་ལ་ཕན་བདེ་ཡི་ཞབས་འདེགས་ཤིག་ཞུ་བར་འདོད། ཡིན་ན་ཡང་། ང་དང་སྤྱི་ཚོགས་དཀྱུས་མའི་བར་ན་ལྟ་སྤྱོད་མི་མཐུན་པའི་རྒྱང་ཐག་རིང་པོ་འདི་འདྲ་ཞིག་གིས་ཆོད་ཚར་འདུག ང་དང་སྤྱི་ཚོགས་དཀྱུས་མས་ཐ་ན་བདེ་སྐྱིད་ཅེས་པའི་མིང་ཚིག་གི་འཇུག་ཡུལ་ཡང་ངོས་འཛིན་མི་མཐུན་པར་གྱུར་པས་ངས་ཁོང་ཚོར་ཕན་བདེ་ཅི་ལྟར་སྒྲུབ་དགོས་པ་ཡང་མི་ཤེས་པར་གྱུར།
རྒྱ་ཆེ་བའི་དྲ་གྲོགས་རྣམ་པ། ཁྱེད་རྣམ་པ་ལྟ་གྲུབ་རིགས་ལམ་གང་འདྲ་ཞིག་ལ་བརྟེན་དང་མི་བརྟེན་གྱི་ཁྱད་པར་མེད། ང་ལ་དགོས་པ་དེ་ནི་རྣམ་དཔྱོད་དང་ཤེས་རྒྱ་སྤྱི་ཚོགས་དཀྱུས་མ་ལས་བརྒལ་བའི་མི་ཞིག་དང་སྤྱི་ཚོགས་དཀྱུས་མའི་བར་ལ་མཐུན་ལམ་འབྲེལ་བ་ཅི་ལྟར་འཛུགས་དགོས་པའི་ཁ་ཏ་ཞིག་གནང་རོགས། ངའི་རྐང་པ་ཡ་གཅིག་དེ་ལྷ་ཡུལ་དུ་བཙུགས་ཤིང་རྐང་པ་ཡ་གཅིག་མི་ཡུལ་དུ་བཙུགས་ན་ཡང་ལུས་ཀྱི་དྲང་ཚུགས་མི་ཤོར་བའི་གདམས་ངག་ཅིག་གནང་རོགས། ང་དང་སྤྱི་ཚོགས་དཀྱུས་མའི་བར་ལ་རྣམ་དཔྱོད་དང་ཤེས་རྒྱ་ཆེ་ཆུང་གི་བར་ཁྱད་ཅི་ཙམ་ཤོར་ན་ཡང་ང་སྤྱི་ཚོགས་དཀྱུས་མའི་ཁྲོད་དུ་ཚུད་པའི་མན་ངག་ཅིག་གནང་རོགས། རྣམ་དཔྱོད་འགྲན་ཟླ་ཉུང་བའི་མི་ཞིག་བླུན་འཐོམ་གྱི་སྤྱི་ཚོགས་ཁྲོད་དུ་གནས་ཐུབ་པའི་བཀའ་སློབ་ཅིག་གནང་རོགས།
དེ་ལས་སླ་པོ་ཞེ་དྲག་རེད། རྟོགས་པ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་བསྟུན་དགོས་ཟེར་བ་དེར་ཉམས་ལེན་བྱོས། མ་གཞི་རང་གི་སྡུག་ཡས་ལ་དཔྱད་ན་སོ་སོའི་རྣམ་དཔྱོད་དང་མཐུན་པའི་ལས་ཀ་ཞིག་རེག་མེད་པའམ་རེག་མི་ཐུབ་པས་མིན་འགྲོ་སྙམ།
བྲག་ཁུང་སྐམ་པོ་ཞིག་གི་ནང་མཚམས་ནག་སྒོ་གཅོད་བྱས་ན་མ་གཏོགས་བྱེད་ཐབས་ཅི་ཡང་མེད། ང་ལ་ཡང་དཀའ་ངལ་གཅིག་མཚུངས་འདུག
ཁྱོད་ངོ་མ་དཀའ་ངལ་ཆེ་ས་རེད། འོན་ཀྱང་ཁྱོད་ཤེས་རྒྱ་དཔྱོད་རྒྱ་ཅན་ཞིག་ཡིན་སྟབས་རང་གི་དཀའ་ངལ་རང་གིས་སེལ་ཐབས་མ་ཐོན་ན་ཁྱོད་ཀྱི་ཤེས་ཡོན་ལ་ཆོད་སྒོ་ཧ་ཅང་མེད་པ་འདྲ། གནས་ལུགས་ལ་གཅིག་མ་གཏོགས་མེད་སྟབས་དེ་ནི་མང་ཉུང་གིས་ཐག་གཅོད་རྒྱུ་ཞིག་མིན་པས་ཁྱོད་ཀྱིས་བདེན་དོན་དེ་ངོས་ཟིན་ཡོད་ན་དེས་འཐུས་པར་གྱིས། རྫུན་པ་མང་རུང་ཁྱོད་དེ་ལ་ཉེ་དགོས་དོན་མེད། གལ་ཏེ་དེ་ལྟར་གཟོད་སྲན་མི་ཐུབ་ན་གནས་སྐབས་རིང་ས་སྒང་ནས་བྲལ་ཏེ་གོ་ལ་གཞན་དུ་སྐྱབས་བཅོལ་གྱི་འཚོ་བར་རོལ། དེ་ནས་མི་རིགས་མང་ཆེ་བ་ཁྱོད་ཀྱི་རྣམ་དཔྱོད་དང་མཉམ་པ་ཞིག་ཏུ་མ་འགྱུར་བར་དུ་སྒུགས་རོགས་བྱོས།
སྤོབས་པ་མཐའ་ཡས་དང་ཨ་ཁུ་ཀླུ་སྨྱོན་གཉིས་ལ་བྱམས་བརྩེས་མ་ཟིན་པའི་ཤེས་རབ་ཆེན་པོ་རེ་ཡོད་པ་འདྲ། ཁྱེད་གཉིས་ཀྱི་ཤེས་རབ་དེར་བྱམས་བརྩེས་གསོས་བཏབ་ན་འཇིག་རྟེན་གཞན་ཞིག་དང་བྲག་ཁུང་སྒོ་མེད་ཞིག་གི་ནང་དུ་ཡུབ་དགོས་དོན་མེད་པ་འདྲ། བྱམས་བརྩེ་དང་བཅས་པའི་ཤེས་རབ་རེ་ཡོད་ན་ཁྱེད་གཉིས་ཀྱིས་ང་ཚོར་བཞག་ནས་འགྲོ་ཐུབ་ཀྱི་མ་རེད་སྙམ
ཐབས་ཀྱིས་བྱས་ན་མི་ཐུབ་པ་ཅི་ཡང་མེད། ཇི་སྐད་དུ། སློབ་དཔོན་རྟ་དབྱངས་ཀྱིས་ས་སྐམ་པོ་བརྐོས་ན་ཆུ་རྙེད། ཤིང་སྐམ་སྡོང་ཆུང་མཉམ་དུ་བརྡར་ན་མེ་རྙེད། དེས་ན་བརྩོན་འགྲུས་ཅན་གྱིས་མི་གྲུབ་པ་ཅི་ཡང་མེད་ཅེས་རྒྱལ་སྲས་དོན་ཀུན་གྲུབ་པས་བདུད་བར་ཆད་བྱེད་པོ་ལ་གསུངས་པ་འདི་ཡང་རྒྱ་གར་པ་དགེ་སློང་བསྟན་པའི་འོད་ཟེར་གྱིས་ལེགས་སྦྱར་དུ་ལོ་ངོ་ལྔ་བཅུ་ལྷག་སྔོན་དུ་ཝཱ་རཱ་ཎ་སཱིར་གདངས་ཀྱིས་བསྐྱོར་པ་བདག་གིས་བློ་འཛིན་བྱས། དིང་སང་དུས་འགའ་རེར་ལེགས་སྦྱར་དུ་འདོན་ནོ།
་
སངས་རྒྱས་ཀྱི་སྤྱོད་པ་ཞེས་པའི་སྙན་དངགས་ཆེན་པོ། ས་དབང་བཟང་པོ་དང་བློ་གྲོས་རྒྱལ་པོ་གཉིས་ཀྱི་བསྒྱུར་པ་ན།
་
ཤིང་ལ་བསྲུབས་ནས་མེ་ནི་རྙེད་པར་འགྱུར་བ་སྟེ།
ས་ལ་བརྐོས་ན་ཆུ་ཡང་འཐོབ་པར་འགྱུར་བ་ཉིད།
རིགས་པ་དང་ནི་ལྡན་པའི་ཐམས་ཅད་བྱས་པ་སྟེ།
བརྩོན་འགྲུས་ལྡན་པའི་བསྒྲུབ་བྱ་མ་ཡིན་ཅི་ཡང་མེད།། ༦༠ །། ལེའུ་༡༣པ།
་
འདི་ཉིད་ལེགས་སྦྱར་བློར་ཡོད་ཀྱང་། དི་རིང་སྤོབས་པ་མཐའ་ཡས་ལེགས་ལ་བོད་འགྱུར་ཚིགས་བཅད་འདི་སྐྱེས་སུ་འབུལ།
རྒན་ལ་དྭགས་པ་མཆོག་གིས་ལེགས་བཤད་འགྲན་ཟླ་མེད་པ་ཞིག་གནང་འདུག་པར་ཐུགས་རྗེ་ཆེ་ཞུ།
གཅིག་བྱས་ན༼རྟེན་འབྱུང༽ལ་གོ་བ་ངེས་ཅན་ཞིག་ཆགས་མེད་པ་འདྲ། རིགས་ལམ་འདི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་བཅུད་ལྟ་བུ་རེད། བན་བོན་གཉིས་ཐད་ནས་ཚད་གཞི་ཞིག་ལ་བཟུང་ཡོག་རེད། བན་དེ་ཚོས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཞེས་འགྲེལ་གྱི་ཡོད་པ་དང་། བོན་པོ་ཚོས་མི་ནི་རང་བྱུང་ཁམས་ལས་ཡོང་ཞིང་སླར་ཡང་དེ་རུ་འཐིམ་དགོས་པར་ངོས་འཛིན་བྱེད་ཀྱི་འདུག དེ་ནི་མི་དང་རང་བྱུང་ཁམས་བར་གྱི་རྟེན་འབྱུང་རེད། དེ་ལྟར་མི་དང་མིའི་བར་གྱི་རྟེན་འབྱུང་ལ་རྒྱུས་ལོན་གནང་རྗེས། གཞི་ནས་ང་ཟེར་བའི་འདུ་ཤེས་དེ་གཞན་མང་པོ་ཞིག་གིས་བསྐྱོར་ནས་ཡོད་པ་ཤེས་སྲིད། དེ་དུས་འཁྲུལ་སྣང་ཆ་ཚང་ཡལ་འགྲོ་གི་རེད། ཡིན་ནའི། བཙུན་པ་གནང་གི་ཡིན་མ་ལབ་ཨ། ཧ་ཧ་ཧ།
རང་བྱུང་ཁམས་་་ཡིན་ནམ་་་་རང་འབྱུང་ཁམས་་་་ཡིན་ཚིག་སྦྱོར་འདི་གཉིས་གང་དག་ཐག་གཅོད་ཅིག་གནོངས་རོགས། ངས་ནི་རང་བཞིན་འབྱུང་བའི་ཁམས་ཟེར་ནས་ལབ་ཡོང་དུས་་་་རང་འབྱུང་ཁམས་་་ཅེས་སུ་བྲིས་ན་དག་པ་ཡིན་འགྲོ་བསམ། དཔེར་ན། འབྱུང་བ་མེ། འབྱུང་བ་རླུང་། འབྱུང་བ་ཆུ། འབྱུང་བ་ས། ཞེས་སུ་བརྗོད་པ་མ་གཏོགས། བྱུང་བ་མེ། བྱུང་བ་རླུང་། བྱུང་བ་ཆུ། བྱུང་བ་ས། ཅེས་སུ་མི་བརྗོད་པའི་ཕྱིར། དེ་འདྲ་ཡིན་དུས་་་རང་འབྱུང་ཁོར་ཡུག་སྲུང་སྐྱོབས་་་ཅེས་འབྲི་དགོས་པ་མ་གཏོགས། རང་བྱུང་ཁོར་ཡུག་སྲུང་སྐྱོབས་་་ཅེས་སུ་བྲིས་ན་ཁྱད་མཚར་འདྲ་མི་འདུག་གམ། །
མེ་ཏོག་པད་མས་འདམ་བོར་ན།
མེ་ཏོག་པད་མ་སྐེམས་པར་འགྱུར།
སྤོབས་མཐས་གྲོགས་དང་ཁྱུ་བོར་ན།
སྤོབས་པ་མཐའ་ཡས་ཅི་ཡང་མིན།
ཀུན་དང་མཐུན་ན་མཁས་པ་ཡིན་ཞེས་པ་ལྟར་ཀུན་དང་མི་མཐུན་ན་སྨྱོན་པ་རང་རེད་གོ་ལ་འདི་ཡི་ནང་ལ་མི་མཐུན་ན་ཕྱི་མའི་ལམ་དུ་ཕེབས་ན་ལེགས་དེ་བསླབས་བྱ་ཡིན་།
རང་གིས་རང་བསྐྱག སྣང་བས་རིག་པ་བསྐྱག སྐྱག་པས་རྐུབ་བསྐྱག ཅེས་པ་ལྟར་རང་གིས་རང་བསྐྱག་ཆེ་དྲགས་པའི་སྐྱོན་རེད། གཟིགས་དང། མི་ཕལ་ཆེ་བ་དང་སྤྱི་ཚོགས་དཀྱུས་མ། བཤད་སྟངས་འདི་ལ་ལྟོས་དང་་་་སྤྱི་ཚོགས་ཕལ་པ་དང་རང་ཉིད་གཙོ་བོ། མི་གཞན་དཀྱུས་མ། རང་ཉིད་ཡང་དག་པ། བརྗོད་བབས་འདི་གཅིག་པོར་བསམ་བློ་བཏང་བ་ཡིན་ནའང་རང་ཉིད་སྤོབས་སེམས་ཆེ་དྲགས་པའི་སྐྱོན་གྱིས་སྤྱི་ཚོགས་ཀྱིས་ཁྱེད་རང་སྦལ་དོང་ནང་བཞིན་དང་སྨྱོན་པར་མཐོང་གི་ཡོད་པ་ཡིན་གྱི་རེད། ཡོན་ཏན་ཆུང་ང་རྒྱལ་ཆེ། ཆུ་ཀླུང་ཆུང་ཆུང་འུར་སྒྲ་ཆེ། ཟེར་བ་ལྟར་རང་བསྟོད་དང་རང་ཤེད་ཆེ་དྲགས་ན་གཞན་གྱིས་སྨྱོན་པར་ལོས་མཐོང། གོང་དུ་དྲ་གྲོགས་ཞིག་གིས་བཤད་པ་ལྟར། ལྟ་བ་ནམ་མཁའ་དང་མཉམ་ཀྱང། སྤྱོད་པ་མི་དང་བསྟུན། ཟེར་བ་ལྟར་སྤོབས་སེམས་ང་རྒྱལ་ཆུང་དུ་གཏོང་ཐབས་བགྱིས་མ་གཏོགས། དོང་ནང་གི་སྦལ་བ་བཞིན་ང་རྒྱལ་གྱིས་ལུས་བགད་ཡོང་བསམ་པ་འདུག དགོངས་པ་མ་འཚངས་རོགས་ཐད་ཀར་ཞ་ཐལ་སོང་་་འོན་ཀྱང་སེམས་དཀར་པའི་བསླབ་བྱ་ཡིན།
རང་ཉིད་ཅི་ཙམ་གྱིས་སྤྱང་བ་ཡོད་ན་དེ་ཙམ་གྱིས་གཞན་རྒྱུ་ཤེས་བར་བྱེད། གཞན་རྒྱུ་ཅི་ཙམ་གྱིས་རྟོག་པ་ན་དེ་ཙམ་གྱིས་རང་གཞན་མཉམ་དུ་བསྡུང་ནས་འཇིག་རྟེན་ལ་ལྟ། སྐབས་དེར། རང་གི་རིག་པ། རང་གི་འོད་གསལ། རང་གི་རྣམ་དཔྱོད་སོགས་ནི། བདག་གཞན་མེད་པའི་ངོ་བོ་དབྱེར་མེད་ཡིན་པས། སེམས་སྐྱིད། ལུས་བདེ། ཡིན་རུང་། ཁྲི་ཁ་མཐོན་པོ་ཞིག་ནས། སེམས་ཅན་ལ་སྙིང་རྗེ་སྐྱེས་ན་ཡང་མི་སྐྱིད། འབོལ་གདན་མཐུག་པོ་ཞིག་གི་སྒང་ནས་ཡོད་ཚད་ལ་མཐོང་ཆུང་བྱས་ན་ཡང་མི་སྐྱིད།
ཁྱོད་གྲུང་གྲུང་ཡོད་པ་དེ་ནི། གྲུང་གྲུང་ཡོད་པ་ཞིག་གི་གྲུང་གྲུང་མ་ཡིན་པར། གྲུང་མེད་པ་ཞིག་གྲུང་གྲུང་བྱས་ཡོད་པའི་ཡོད་སྙམ་ཙམ་ཡིན་པས། རྟ་གོང་ནས་མར་བབས་སྟེ། རྐང་ཐང་ལ་ལྷ་སར་སོང་ན་ག་འདྲ་འདུག།
ང་རྒྱལ་རི་རབ་འདྲ་ཞིག་ཡོད་པའི་སྐྱོན་རེད། ང་རྒྱལ་ཅན་ལ་འགུ་དུས་མེད། ཞེས་པ་དེ་ཅིའི་མ་བདེན།
དུས་ཚོད་་མི་འཁྱོལ་བའི་མི་ལས་མེད་ཞིག་ཡིན་ས་རེད་ཁྱེད་ལ་ངའི་དམ་ངག་
གཅིག་གནང་ཆོག་ཁྱེད་ཀྱི་ཡིད་ལ་བཟུང་ཤིག་།ཧ་་ལོག་ང་ཧ་ལོག་ང་སོ་ཧ་ཧུང་
ཕཌ་སོ་ཧ་་དམ་ངག་འདི་ཉིན་རེར་ཚར་བརཱྱ་ཚར་རེ་ཐོན་།
གོང་དུ་དྲ་གྲོགས་རེ་ཟུང་གིས་”རྟོགས་པ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་བསྟུན།” ཞེས་པ་གསུངས་འདུག་མོད། དེ་ནི་ཁ་ནས་བཤད་བདེ་བ་མ་གཏོགས་དོན་དུ་ལག་ལེན་ལ་འདེབས་ཧ་ཅང་དཀའ་བར་སྣང་། ང་ནི་རང་ཉིད་ཀྱི་སེམས་ལ་གང་དྲན་དང་། ཁ་ནས་གང་བཤད་པ། ལག་གིས་གང་བྱེད་པ་དེ་མཐུན་པ་ཞིག་ཡོང་བར་འབད་མཁན་ཞིག་ཡིན། ངས་རང་གི་སེམས་ཀྱི་རྟོགས་པ་དང་། ལག་ལེན་གྱི་སྤྱོད་པ་གཉིས་ཆ་མི་མཚུངས་པ་ཞིག་བྱེད་ཐུབ་ཀྱི་མི་འདུག
ལ་ལ་ཞིག་གིས་སྙིང་རྗེ་དགོས་ཚུལ་བཤད་འདུག ང་ལ་སྙིང་རྗེ་མེད་པ་མིན། ངས་སྤྱི་ཚོགས་ལ་དགོས་མཁོ་ཡོད་པའི་ཕན་བདེའི་བྱ་བ་ཞིག་སྒྲུབ་འདོད་འདུག་ཅེས་གོང་དུ་ཡང་ཞུས་ཡོད། དཀའ་ངལ་ངོ་མ་དེ་ངའི་སྙིང་རྗེ་དེ་སྤྱི་ཚོགས་དཀྱུས་མ་ལ་འབྲེལ་ཐུབ་ཀྱིན་མི་འདུག་ཅེས་ཞུ་བཞིན་ཡོད་ལགས།
སྤྱིར་ན། འཇིག་རྟེན་འདིར་རྣམ་དཔྱོད་ཅན་གྱི་མི་ལ་རིགས་གཉིས་ཡོད་པ་འདྲ། རིགས་གཅིག་ནི་རྣམ་དཔྱོད་ཅི་ཙམ་འཕེལ་བ་དེ་ཙམ་གྱི་ལྟ་སྤྱོད་སྤྱི་ཚོགས་དཀྱུས་མ་དང་མི་མཐུན་པར་འགྱུར་འགྲོ་བའི་རིགས་གཅིག་སྟེ། དཔེར་ན་སྔོན་གྱི་རྣལ་འབྱོར་པ་མང་པོ་ཞིག་མི་མེད་དབེན་པའི་རི་ཁྲོད་འགྲིམ་དགོས་ཐུག་པ་དང་། རི་ཁྲོད་འགྲིམ་མ་ནུས་མཁན་གྱི་རྣམ་དཔྱོད་ཅན་སྐོར་ཞིག་གིས་འཇིག་རྟེན་སྤྱི་ཚོགས་དཀྱུས་མའི་གནོན་ཤུགས་མ་བཟོད་པར་རང་སྲོག་གཅོད་དགོས་ཐུག་པ་དང་ཆང་རག་དང་སྨྱོས་རྫས་བརྟེན་དགོས་ཐུག་པ་སོགས་བྱུང་བ་ཡིན་པར་ངེས། རིགས་གཅིག་ནི་རང་གི་རྣམ་དཔྱོད་ཀྱི་རྩལ་ཅི་ཙམ་རྒྱས་ན་ཡང་འཇིག་རྟེན་དཀྱུས་མའི་སྤྱི་ཚོགས་ཀྱི་ཁྲོད་དུ་སྤྱོད་པ་མཐུན་པར་གནས་ཐུབ་མཁན་གྱི་རིགས་ཤིག་ཡོད་པར་ངེས། རིགས་དེ་གཉིས་ནི་མི་རང་གི་གཤིས་ཀ་དང་བསྐྱེད་སྲིང་གི་ཁོར་ཡུག་སོགས་ལ་རག་ལས་པ་ཡིན་ནམ།
རག་རྒན་མཐའ་དག་གི་ནད་གཅིག་པ་རང་རེད། ལོས་ཡིན། ནད་ཀྱི་རྒྱུ་བསགས་སྟངས་གཅིག་པ་ཡིན་པསོ།
ལ་དྭགས་པ་འདིས་ཡི་མུག་ཏུ་འཇུག་གི་འདུག
ག་དུང་ཡིན་ནའང་། ངས་ཅིག་བྱས་ངས་ཅིག་བྱས་ཡིན་ཟེར་བ་རེད། ཁ་སྔོན་ཟམ་གདོང་གི་མངོན་བསྟོད་གླེགས་བམ་དུ་ཟམ་གདོང་གཅིག་ཀྱང་བྲིས་མི་འདུག་པས་ཁོ་རང་གིས་ཅིག་བྱས་ཡིན། ཁོ་རང་ཅི་ཞིག་བྱས་ཡིན་སོགས་རང་ཉིད་བསྟོད་པ་འདྲ་ཞིག་བྱས་འདུག བོད་ཀྱི་གཏམ་དཔེར། མི་ངན་པས་རང་སྟོད། བྱ་ཁྭ་ཏས་སྒྲོ་སྟོད་ཅེས་པ་ལྟར་མི་ངན་ཞིག་ཡིན་གསལ་ལོ།།
སྤོབས་པ་ལགས། སྐྱེས་བུ་དམ་པའི་མཛད་རྣམ་ཀློག་རྒྱུ་དེས་ཕན་སྲིད། འདི་ངའི་མན་ངག་ཡིན།
སྙིང་ཉེ་བའི་དྲ་གྲོགས་ཁྱུང་སེ་ལགས། སྤོབས་པས་ཁོ་རང་རྣམ་དཔྱོད་ཅན་ཡིན་རབས་དང་། མཐོང་རྒྱ་ཅན་དང་ཤེས་རྒྱ་ཅན་ཡིན་རབས་བཤད་འདུག རང་གིས་རང་བཀྱགས། སྣང་བས་རིག་པ་བཀྱགས སྐྱག་པས་རྐུབ་བཀྱགས་པའི་ཟོལ་འདྲ་པོ་མཐོས་སྲིད་ཀྱང་དོན་དངོས་སྤོབས་མཐའི་སྐད་ཆ་དྲང་བཤད་བྱས་པ་རེད་བསམས་ཀྱི་འདུག
ཁོང་གི་སྤོབས་པ་དེ་ལ་ང་ཧང་ཅང་དགའ་པོ་ཡོད། མི་ལ་ཤེས་རྒྱ་མེད་ན་སྤོབས་པ་མཐོ་པོ་དེ་འདྲ་སྐྱེས་སྲིད་ཀིན་མ་རེད། ངས་ནི་སྤོབས་མཐའི་ཡོན་ཏན་མང་པོ་མཐོང་གི་ཡོད་ལ་སྐྱོན་ཡང་ཏོག་ཙམ་རེ་མཐོང་གི་ཡོད།
ཨ་ཁུ་སྤོབས་མཐའ་ལགས། ཁྱོད་ཀྱིས་སྐད་ཆ་ཡག་པོ་ཞིག་བཤད་འདི་འདུག ང་ལ་ཡང་བཟང་པོའི་ཕྱོགས་ནས་ཇ་ཆང་ཞེས་པའི་དཔེ་ལྟར་བསླབ་བྱ་རེ་རེག་པའི་རེ་བ་འདུག ང་ལའང་སྤྱི་ཚོགས་དང་མ་མཐུན་པའི་དཀའ་ངལ་ཆེན་པོ་ཡོད། ངས་ངོས་ནས་བོད་མི་བརྒྱ་ཆ་ལྔ་བཅུ་སྨྱོན་པའི་ཟོལ་འདྲ་པོ་མཐོང་ག་ཡོད། དེ་འདྲ་ཡིན་དུས་སྨྱོན་པ་དེ་དག་དང་མཐུན་ཐབས་རྩ་བ་ནས་མི་འདུག
གོང་དུ་དྲ་གྲོགས་ཁ་ཤས་ཀྱིས་རྟོགས་པ་ལྷ་དང་མཉམ་ན་སྤྱོད་པ་མི་དང་མཐུན་དགོས་ཅེས་ཟེར་གྱི་འདུག་མོད། ཁྱོད་ཚོ་ལ་དྲི་བ་ཞིག་ཡོད། བླ་མ་དང་སྤྲུལ་སྐུའི་གཅིན་པ་འཐུངས་མཁན་ཚོའི་སྤྱོད་པ་ལྟར་འཐུང་དགོས་པར་ཨེ་རེད། ལྷ་འདྲེ་ལ་རྨོངས་དད་མེད་པའི་མི་ཞིག་ངོས་ནས་ལྷ་གསོལ་འདྲེ་མཆོད་བྱེད་འདོད་ག་ནས་འོང་གི་རེད་དམ།
བོད་པའི་སྤྱི་ཚོགས་དང་མཐུན་དགོས་ན་དད་ལྡན་དམངས་ཚོགས་ཀྱི་སྤྱོད་པ་ལྟར་ལྷ་གསོལ་འདྲེ་མཆོད་བྱས། སུག་བཞི་ས་ལ་བཙུགས། བླ་སྤྲུལ་ཚོའི་གཅིན་འཐུངས། འདི་དང་འདི་འདྲ་བའི་སྤྱོད་པ་མང་པོ་ཡོད། ང་ཅོ་རིས་སྤྱོད་པ་དེ་དག་དང་ལེན་བྱེད་ཐུབ་ཐབས་རྩ་བ་ནས་མེད།
གཉིས་ནས་བོད་དོན་འཐབ་རྩོད་ཀྱི་ཐོག་ཏུ་སྤྱོད་པ་མི་མཐུན་ནས་དཀའ་ངལ་ཧང་ཆེན་པོ་ཡོད། རང་ཤི་རྒྱབ་དགོས་ས་རེད་བསམས་བསམས་ཀྱི་བསམ་བློ་ཐེངས་བརྒྱ་ལས་འཁོར་མྱངས་ཡོད་པར་དཀོན་མཆོག་པོ་དཔང་དུ་བཙུགས། དཀའ་ངལ་ཆེན་པོ་འདུག སྨྱོན་པའི་སྤྱི་ཚོགས་ནང་དུ་སྡོད་ཡ་དཀའ་ངལ་ཆེན་པོ་འདུག སྤོབས་མཐའ་ལྟ་བུའི་ཤེས་རྒྱ་དང་མཐོང་རྒྱ་ཆེན་པོ་རང་མིན་ཀྱང་བོད་པའི་སྤྱི་ཚོགས་ནང་གི་སྨྱོན་པ་རྣམས་དང་མ་མཐུན་པའི་དཀའ་ངལ་ཆེན་པོ་འདུག བསླབ་བྱ་རེ་ཡོད་ན་དགའ་པོ་ཡོང་བ།
ཉོན་དང་། མདང་དགོང་སྤོབས་པ་མཐའ་ཡས་ཀྱིས་མགོན་ཁང་གཏོར་དགོས་རེད་ཅེས་བཤད་སོང་། ངས་མགོན་ཁང་ནང་གི་ལྷ་འདྲེ་དེ་དག་འཇིགས་སྐུལ་དྲག་སྤྱོད་པ་རེད་ཅེས་ལབ་པ་ཡིན། འདི་ཚོ་སྤོབས་མཐའ་ངེད་གཉིས་ཀྱི་ལྟ་སྤྱོད་རེད། བོད་མི་དཀྱུས་མ་བ་རྣམས་དང་མཐུན་ཐབས་ཡོད་ས་ཨེ་རེད། སྤྱོད་པ་མི་དང་མཐུན་དགོས་ཟེར་ན་ཁག་པོ་འདུག་ག
ངེད་གཉིས་ཀྱིས་ཀྱང་ཧ་གོ་དོན་རྟོགས་ནས་སྐད་་དེ་འདྲ་བཤད་ཀྱི་ཡོད། སེམས་ལ་བསམས་ནས་བཤད་པ་ཡིན། རྨོངས་དད་མགོ་ཅན་ཚོས་བལྟས་ན་ངེད་གཉིས་ལྟ་བུའི་མི་རྣམས་སྨྱོན་པ་མིན་ནམ།
ཁྱེད་རང་གཉིས་ང་ཚོ་བོད་མི་སྤྱི་མི་ལ་མི་མཐུན་ན། རང་གཉིས་ཀྱིས་རང་གཉིས་སྤྱི་ཚོགས་ཤིག་གི་གདོན་འདྲེ་ཡིན་པ་གཞུག་ནས་ཤེས་སོང་བ་རེད། ཧ་ཧ་ཧ། བསླབ་བྱ་མེད་དོ།
རང་ཤི་རྒྱག་འདོད་ཡོན་ན། བོད་རང་བཙན་དགོས་ཡོད་ཟེར་ནས་རྒྱག་རོགས་བྱོས། མགོན་ཁང་དང་ལྷ་ཁང་གཏོར་གི་ཡིན་ཟེར་ནས་མ་རྒྱག་རོགས་ཞུ། འདི་བསླབ་བྱ་མིན། རེ་བ་ཡིན། ཧ་ཧ་ཧ།
ཧཧཧ ངོ་མ་མི་འདི་ཚོའི་སྐད་ཆ་ལ་གད་མོ་གཏིང་ནས་ཤོར་ཡོང་གི་འདུག རང་ཉིད་མ་གཏོགས་སྤྱི་ཚོགས་ནང་མི་ཚང་མ་སྨྱོན་པ་ལྟ་བུར་མཐོང་མཁན་དེ་ནི་སྨྱོ་ནད་ཚབ་ཆེན་ཞིག་གིས་ཟིན་ཡོད་པའི་རྟགས་གསལ་པོ་སྟན་པ་རེད། མགོན་ཁང་གཏོར་བ་དང་ལྷ་སྐུ་བཤིག་པ་དེ་རྣམ་དཔྱོད་ཅན་གྱི་བྱ་བ་ཡིན་ན་རྒད་པོ་མའོ་གཙོས་པའི་གུང་ཕྲན་ཏང་ལས་རྣམ་དཔྱོད་ཆེ་བ་ཞིག་མེད་ཚོད་ཡིན། འོན་ཀྱང་དེང་སང་དེ་དག་རྣམ་དཔྱོད་ཅན་རེད་ཟེར་མཁན་ཞིག་འཛམ་གླིང་གོ་ལ་ཟླུམ་པོའི་སྟེང་དཀོན་པོ་རེད།
སྤོབས་མཐའ་ལགས་ཁྱོད་ཀྱི་ཤེས་རབ་རང་གཞན་གཉིས་ཀྱི་དགྲ་རུ་ཤར་འདུག་པས་གནས་སྐབས་ཅིག་གི་རིང་ལ་ཁ་བྱང་དུ་འཁོར་ཡོད་པའི་བྲག་ཁུང་ཞིག་གི་ནང་དུ་ཅི་ཡང་མེད་པའི་ལྟ་བ་བསྒོམས་ནས་ལོ་དགུའི་རིང་མུན་ནག་སྒོ་གཅོད་ཀྱི་མཚམས་ལ་སྡོད། དེ་ནས་ཕྱིར་སྤྱི་ཚོགས་ཀྱི་ཁྲོད་དུ་ཐོན་ཏེ་ཅིག་བལྟོས་ད་རུང་མི་མཐུན་ན་བསྐྱར་དུ་ལོ་དགུར་སྡོད་དེས་ཀྱང་མ་ཕན་ན་ཚེ་འདིར་ཁྱོད་སྤྱི་ཚོགས་དང་མཐུན་པའི་སྐལ་བ་མེད་དོ་ཞེས་མོ་བབས་སོང་།
# 18 ཐུབ་པ།་ལགས་ཀྱིས་མཆན་བཏབ་པ།: November 13th, 2014 at 2:42 AM
ལ་དྭགས་པ་འདིས་ཡི་མུག་ཏུ་འཇུག་གི་འདུག ག་དུང་ཡིན་ནའང་། ངས་ཅིག་བྱས་ངས་ཅིག་བྱས་ཡིན་ཟེར་བ་རེད། ཁ་སྔོན་ཟམ་གདོང་གི་མངོན་བསྟོད་གླེགས་བམ་དུ་ཟམ་གདོང་གཅིག་ཀྱང་བྲིས་མི་འདུག་པས་ཁོ་རང་གིས་ཅིག་བྱས་ཡིན། ཁོ་རང་ཅི་ཞིག་བྱས་ཡིན་སོགས་རང་ཉིད་བསྟོད་པ་འདྲ་ཞིག་བྱས་འདུག བོད་ཀྱི་གཏམ་དཔེར། མི་ངན་པས་རང་སྟོད། བྱ་ཁྭ་ཏས་སྒྲོ་སྟོད་ཅེས་པ་ལྟར་མི་ངན་ཞིག་ཡིན་གསལ་ལོ།།
སྤོབས་པ་ལགས། སྐྱེས་བུ་དམ་པའི་མཛད་རྣམ་ཀློག་རྒྱུ་དེས་ཕན་སྲིད། འདི་ངའི་མན་ངག་ཡིན།
ཟམ་གདོང་རྒྱལ་བའམ་རྒྱལ་བའི་སྲས།
སྤྲུལ་པའི་སྐུ་ཡི་ཚུལ་བཟུང་ནས།
སངས་རྒྱས་བསྟན་དང་འགྲོ་བའི་དོན།
མཛད་པར་རྒྱ་བོད་མཁས་པས་བསྔགས།། ༡ །།
རྒྱལ་བ་རིན་པོ་ཆེའི་བཞེད་པ།
བཞིན་དུ་ཝཱ་རཱ་ཎ་སཱིའི་འགྲམ།
ཆོས་འཁོར་གནས་ཀྱི་རི་བོའི་སྤོར
བོད་ཀྱི་སློབ་གྲྭའི་རྒྱལ་མཚན་བསྒྲེངས།། ༢ །།
དེ་ཉིད་བརྟན་ཅིང་རྒྱས་པ་ལ།
ཟམ་གདོང་རིན་པོ་ཆེའི་མཛད་པར།
རྒྱ་བོད་མཁས་པས་བསྟོད་བསྔགས་ཞུས།
བཅོས་མིན་བདག་གིས་མཐོང་ཐོས་ལགས།། ༣ །།
རྒྱལ་བ་ཕྱག་ན་པདློའི་ཞབས།
རང་གི་དགེ་སློང་མཁན་པོ་སོགས།
རྩ་བའི་བླ་མར་ཡོངས་བསྟེན་ཏེ།
རྒྱ་བོད་ནང་བསྟན་སྲིད་ཞུ་སྒྲུབ།། ༤ །།
དགེ་སློང་རྣལ་འབྱོར་པ་ཆེན་པོ།
ལོངས་སྤྱོད་གསོག་འཇོག་རིང་དུ་འདོར།
ཆོག་ཤེས་མཛད་པས་བཙུན་པ་ཡི།
ངང་ཚུལ་བཟང་པོར་འདུད་པར་འོས།། ༥ །།
ཞེས་དང་།
དེ་ནས་ཟམ་གདོང་རིན་པོ་ཆེས་ཐུགས་ཁུར་ཆེ་བཞེས་ཀྱིས་སློབ་དཔོན་རྣམས་ལ་གསོལ་ཕོགས་སྤར་བའི་ཆེད། སློབ་དཔོན་འབྲིང་དང་། ཆེན་པོའི་འོས་འབབས་སུ་བསྒྱུར་བར་མཛད།
ཆོས་འཁོར་གནས་ཀྱི་ཉེ་འགྲམ་དུ་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་པོའི་གཞི་བཏིངས་ཏེ། འཛིན་གྲྭ་ཚོགས་ཁང་དང་། དཔེ་མཛོད་ཁང་། སློབ་དཔོན་དང་སློབ་གཉེར་པའི་གནས་ཁང་། ལས་ཁུངས་སོ་སོའི་ཁང་པ་སོགས་ཁང་བཟང་ཡིད་དུ་འོང་བ་མང་པོ་བོད་ཀྱི་ཁང་བཟང་གི་དབྱིབས་སུ་བསྐྲུན་པ་དང་། རྒྱ་གཞུང་དང་། བོད་ཆོས་ལུགས་ཁག་གི་རང་གཞུང་དང་། བོད་ཀྱི་སྨན་གཞུང་བཅས་ཀྱི་སློབ་འཁྲིད་དང་སློབ་སྦྱོང་། མཁས་པའི་གཞུང་འཚོལ་སྒྲུབ་དང་། སྒྲ་སྒྱུར་དང་། ལེགས་སྦྱར་སྐྱར་གསོའི་སློབ་སྦྱོང་སོགས་སྣོད་བཅུད་ཀྱིས་བརྒྱན་ཏེ། བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོའི་ཉི་མ་གཞོན་ནུ་ཤར་རིའི་རྩེ་ནས་འཆར་བར་མཛད་དོ། །
ཞེས་དང་མཇུག་བྱང་དུ།
སླར་ཡང་རྒྱ་བོད་རིག་གཞུང་གི
གངས་ཅན་ལྗོངས་དང་ཛམ་གླིང་དུ།
རྒྱལ་མཚན་མཐོན་པོར་སྒྲེང་བ་ལ།
གོང་ས་ཆེན་པོའི་སྲིད་ཞུ་གཅེས།། ༧ །།
ཟམ་གདོང་རིན་པོ་ཆེའི་རི་བོ།
གྲུབ་མཐའ་རིས་སུ་མ་ཆད་པར།
ཕན་ཐོགས་ལྷག་བསམ་དག་པའི་ངང་།
གཡོ་མེད་གཟི་བྱིན་འབར་གྱུར་ཅིག། ༨ །།
་
ཞེས་སོགས་བྲིས་ཡོད་པ་མཐོང་མེད་པའམ་སྣང་རྟགས་མ་བྱས་པའམ། ཡང་ན་ཆགས་སྡང་གི་དྲི་མས་རྣམ་དཔྱོད་ཀྱི་མིག་ཉམས་ཡོད་པར་མཐོང་ངོ་། །
སྨྱོན་པ་ཟེར་བ་དེ་ལ་བྱ་སྤྱོད་ཀྱི་ཐོག་ནས་ཚད་གཞི་ཞིག་འཇོག་པ་ཡིན་ན་་་གཅིན་སྐྱག་ཟ་མཁན་གྱི་མི་རྣམས་ནི་སྨྱོན་པ་ངོ་མ་ཡིན་དགོས། ཆང་བཟིས་ཀྱང་གཅིན་མི་འཐུངས། བོད་པའི་ཆོས་བཟི་ཚོས་གཅིན་འཐུངས། ངས་བལྟས་ན་གཅིན་འཐུངས་མཁན་དེ་དག་སྨྱོན་པ་རེད་བསམས་ཀྱི་ཡོད།
སྨྱོན་པ་ནང་ནས་ཞེན་སྣང་ཚ་ཤོས་རེད། ཆོས་བཟི་ཚོ་བླུན་རྟགས་ཚ་བ། རང་གི་རྩ་བའི་བླ་མ་དང་ལྷ་སྲུང་གྱི་ཆེད་དུ་རང་གི་སྲོག་གཏོང་ནུས་ལ་་་གཞན་གྱི་སྲོག་ལ་ཡང་རྒོལ་ནུས་པའི་སྨྱོན་པ་ཞེན་སྣང་ཚ་པོ་རེད། མི་དེ་དག་གིས་ཡུལ་ལུང་ཕུང་ལ་སྦྱར་བཞིན་པ་ཡོད་པར་མཐོང་དུས་ཅོ་རིའི་སེམས་གཏིང་ནས་སྐྱོ་བ་སྐྱེས་ཀྱི་ཡོད། ཆོས་བཟི་སྨྱོན་པ་དེ་དག་གིས་རང་གི་རྩ་བའི་བླ་མ་དང་སྲུང་མ་ཟེར་བ་དེ་དག་གི་དོན་སྒྲུབ་ན་འདི་ཕྱི་གཉིས་ལྡན་ཡིན་བསམས་ཀྱི་ཡོད་པ་རེད།
རྩ་བའི་བླ་མ་རང་མི་མགོ་སྐོར་མཁན་གཏོང་མཁན་དང་ལྷ་སྲུང་རང་མི་ལ་ཞེན་སྣང་ལོངས་མཁན་དེ་དག་གིས་རྒྱ་དཔོན་མའོ་ཡིས་འཇོན་པ་ལྟར་འཇོན་ཡོད་ན་བོད་མི་རིགས་སྡུག་བསྔལ་གྱི་རྒྱ་མཚོ་ནང་དུ་ལྷུངས་དགོས་ས་མེད་ལ་དམྱལ་བ་ཚ་དམྱལ་བོད་ཡུལ་དུ་བསླེབས་དགོས་པའི་རྒྱུ་མཚན་ཅང་ཡོད་ས་མེད།
མི་ཁྱོད་ལྟ་བུ་རྣམས་དམྱལ་བའི་ལས་བྱེད་སྟག་མགོ་ཅན་ལྟ་བུ་མཐོང་གི་ཡོད། བོད་མི་རིགས་ལ་མནར་གཅོད་གཏོང་དགོས་ན་དམྱལ་བའི་ལས་བྱེད་པ་རང་རེད། བོད་མི་རིགས་མགོ་སྐོར་གཏོང་དགོས་ན་གཡོ་སྒྱུ་ཡི་ས་ལམ་ཞིག་ཐོབ་ཚར་བ་མིན་ནམ་བསམས་བསམས་འདྲ་ཞིག་མཐོང་གི་ཡོད།
དེང་སང་ཁྱོད་ཚོས་རྒྱ་དཔོན་མའོ་ཡི་བཙུགས་པའི་གུན་ཁྲན་སྲིད་གཞུང་ལ་སེམས་པ་ཤོར་ནས་རྩ་ཁྲིམས་འཁུར་གྱི་ཡིན། ང་ཚོ་གཅིག་ཡིན། སྤུན་ཟླ་ཡིན། བོད་རང་བཙན་བརྩད་ཀྱི་མིན་ཟེར་བཞིན་ཡོད་པར་མིན་ནམ།་་་་ཧཧཧཧ སྨྱོན་པ་འདི་ཚོ།
བུ་ཕས་བསྟོད་མི་དགོས་དགྲ་ཡིས་བསྟོད། བུ་མོར་མས་བསྟོད་མི་དགོས་གནས་ཀྱིས་བསྟོད་ཟེར་བ་ལྟར་མའོ་ཤི་ནས་མི་ལོ་སུམ་ཅུ་སོ་ལྔ་འགྲོ་ཚར་དུས་མའོ་ཡིས་བཙུགས་པའི་བཟོ་ཞིང་མཉམ་འབྲེལ་གྱི་དཔལ་འབྱོར་ཡར་རྒྱས་དེ་ལ་མའོ་ཁ་གཏོད་དགྲ་བོ་ཚོས་བསྟོད་ར་བཏང་གི་ཡོད་པ་རེད།
སྤྲང་པོ་རྒྱ་ནག་པ་འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པའི་ནང་དུ་བསླེབས་བསྡད་ཡོད་པ་རེད། གུན་ཁྲན་ཏང་མི་རྣམས་ཨ་སྒོར་ས་ཡ་ཡོད་པའི་ཕྱུག་བདག་ཤ་དག་ཆགས་བསྡད་ཡོད་པ་རེད། འཛམ་གླིང་ལ་སྐད་གྲགས་ཡོད་པ་རེད་མ་གཏོགས་་་རང་གིས་རང་བཀྱགས།་སྐྱག་པས་རྐུབ་བཀྱགས་པ་དེ་འདྲ་མ་རེད། གནས་ལུགས་ཀྱི་ཐོག་ནས་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད།་་་་་ཧཧཧ
སྤོབ་མཐའ་དང་ཅོ་རི་གཉིས་ཀ་ན་ཚ་གཅིག་པ་རེད་འདུགས་བསླབ་བྱའི་སྨན་བཅོས་ཀྱི་ཕན་མི་ཐོག་ཁོང་གཉིས་རང་ཤི་རྒྱབ་ན་ཡག་གི་རེད་བསམ་བློ་མང་པོ་མ་གཏོང་
ཐབས་དང་ཤེས་རབ་དོ་མཉམ་དགོས། །
སྤྱོད་ཤེས་གཉིས་པོ་དོ་མཉམ་དགོས། །
སྤྱི་སྒེར་ལ་རྒྱ་དོ་མཉམ་དགོས། །
མཉམ་ན་དོ་མེད་ཡང་རྩེར་འགྱུར། །
སྤོབས་མཐའི་ཞབས་ཟུང་དོ་མཉམ་ཤོག །
གཅིན་འཐུང་བས་ནད་མང་པོ་ལ་ཕན་པ་སྨན་གཞུང་ནང་དུ་ཡོད་པ་རེད། གཅིན་འཐུང་བ་ཙམ་གྱིས་སྨྱོན་པ་ཡིན་ན་ཁྱེད་ཚོས་སྔོན་ཐོན་པ་དང་མིག་དཔེ་ལྟ་ཡུལ་དུ་རྩི་བའི་ནུབ་ཕྱོགས་པ་ཚོས་སྟུ་ལྡག་པ་དང་མཇེ་ནུ་བ་ཐིག་ལེ་འཐུབ་བ་དེ་ཚོ་སྨྱོན་པའི་ནང་གི་ཚབ་ཆེ་ཤོས་དེ་ཡིན་ངེས་རེད། ཧཧཧ རང་གི་རྩ་བའི་བླ་མ་ལ་དད་པ་བརྟན་པོ་དགོས་པ་ནི་ནང་ཆོས་སྤྱི་དང་ལྷག་པར་རྡོ་རྗེ་ཐེག་པའི་སླབ་བྱ་རེད། དེས་ན་ཆོས་ལ་ཡིད་ཆེས་ཡོད་མཁན་ཚོས་རང་གི་བླ་མའི་ཆེད་དུ་སྲོག་བཏང་ན་ཡང་འོས་ཤིང་འཚམས་པ་ཞིག་རེད། ང་ཚོ་དད་པ་དང་ཡིད་ཆེས་ཡོད་མཁན་ཚོས་ལྟས་ན་ཁྱོད་ཚོ་ནམ་ཡང་སྨྱོན་པ་ལྟ་བུ་དང་ཁྱོད་ཚོའི་སྐད་ཆ་སྨྱོ་སྐད་ལས་ཅི་ཡང་མཐོང་མི་སྲིད་པ་རེད། དེས་ན་དད་པ་བརྟན་པའི་སྤྱི་ཚོགས་ནང་ལ་དད་མེད་རེ་ཟུང་གིས་ཅིག་བཤད་སྡད་ན་མི་སེམས་དཀྲུག་སྐྱེད་ལས་ཕན་ཐོག་མེད་པ་གསལ་པོ་ཡིན་པས། གནས་སྐབས་ར་བྲག་དགའ་བྲག་དང་ལུག་སྤང་དགའ་སྤང་ལ་འགྲོ་ན་ཡག་ཤོས་རེད། ངས་ཀྱང་མི་ཁྱོད་ལྟ་བུ་དག་ནི་མའོའི་ཨ་ཕྲུག་དང་དོལ་རྒྱལ་གྱི་སྤྲུལ་པ་བོད་མི་རིགས་ཀྱི་ཁ་ལས་རླུང་རྟ་ཐུར་ནས་ཐུར་ལ་རྒུད་བཅུག་མཁན་ལས་ཅི་ཡང་མཐོང་གི་མེད། ཁ་ལ་རང་བཙན་ཁྱེར་ནས་དོན་དུ་བོད་མི་རིགས་ལ་ཅི་ཡང་ཐོབ་རྒྱུ་མེད་པ་ཞིག་བཟོ་བསམ་པ་དེ་ཁྱོད་ཚོའི་སེམས་འདུན་ངོ་མ་དེ་མིན་ནམ།
རྒྱ་ནག་དཔལ་འབྱོར་ཡར་རྒྱས་སོང་བ་ཡང་ཏིན་གྱིས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་བྱུང་བ་ལས། མའོས་རིག་གནས་རྩ་ཆེན་མེད་བརླག་གཏོང་བ་དང་མི་མང་མང་པོ་མུག་ཤི་ཐེབ་བཅུག་པ་ལས་དཔལ་འབྱོར་རྒྱས་གཏོང་བའི་ལོ་རྒྱུས་མེད།
མི་ལ་རྣམ་དཔྱོད་ཅན་རིགས་གཉིས་སམ་གསུམ་བཞག་འདུག། དང་པོ་ནི་ཚེ་དང་སྒྲུབ་པ་མཉམ་ཞིང་ལུས་རྟེན་གཅིག་ལ་ཡང་སངས་རྒྱས་གྱི་ས་ལ་བགྲོད་ནུས་མཁན་རྗེ་བཙུན་མི་ལ་ལྟ་བུ་ནི་རྣམ་དཔྱོད་ནང་ནས་མཆོག་ཏུ་གྱུར་པ་གང་ཟག་ཁྱད་པར་བ་རེ་ཟུང་མ་གཏོགས་ཚང་མས་སྤྱོད་ཡུལ་མ་ཡིན། དེ་ལྟར་མ་བྱུང་ཀྱང་ཇི་ཙམ་རྣམ་དཔྱོད་རྒྱས་དུས་དེ་ཙམ་སྤྱི་ཚོགས་ལ་ཞི་བདེ་བསྐྲུན་ཐུབ་མཁན་ཞིག་ཡིན་ན་དེ་ཡང་རབ་རེད། གཞན་སྨྱོ་རྫས་ལ་རྟེན་ནས་རང་སྲོག་གཅོད་པའི་བྱ་བ་དེ་རྣམས་སྙིང་རྗེའི་ཡུལ་དུ་གྱུར་པ་ལས་རྣམ་དཔྱོད་ཅན་ཞེས་སུ་ཡི་ཟེར། རྣམ་དཔྱོད་རིམ་པ་གསུམ་གྱི་རྒྱུགས་སྤྲོད་འདི་རྣམ་དཔྱོད་ཅན་རྣམས་ལ་གུས་པས་ཕུལ།
༡ ཀྱེ་ཧོ།
སྣ་ཚོགས་ཐབས་ཀྱིས་འཁོར་མང་བསྡུས་ནས་ནི།།
མཐུན་རྐྱེན་འཛོམ་པའི་དགོན་གཞི་འཛིན་པ་ཡང་།།
རྩོད་པའི་གཞི་དང་བདག་སེམས་ཞེན་པའི་རྒྱུ།།
གཅིག་པུར་སྡོད་པ་ཁོ་བོས་སྙིང་གཏམ་ཡིན།།
༢
གྲོང་ཆོག་སྲིའུ་གསོན་འདྲེ་འདུལ་སོགས་ཀྱི།།
ཡོན་ཏན་སྐྱེ་བོའི་དབུས་སུ་བྲིམ་གྱུར་ཀྱང་།།
ཟས་ནར་སྲེད་པས་བདག་བློ་བདུད་ཀྱིས་ཁྱེར།།
རང་སེམས་འདུལ་བ་ཁོ་བོས་སྙིང་གཏམ་ཡིན།།
༣
དབུལ་ཕོངས་རྣམས་ལ་ཁྲལ་ཆེན་བསྡུས་ནས་ནི།།
རྟེན་ཆེན་བཞེངས་དང་ཡོ་ལང་འགྱེད་ལ་སོགས།།
དགེ་ལ་བརྟེན་ནས་གཞན་སྡིག་གསོག་པའི་རྒྱུ།།
རང་སེམསམདགེ་བ་ཁོ་བོས་སྙིང་གཏམ་ཡིན།།
༤
རང་ཆེ་འདོད་ཕྱིར་གཞན་ལ་ཆོས་བཤད་དང་།།
གཡོ་ཐབས་ཆེན་པོས་མཆོག་དམན་འཁོར་སྐྱོང་བ།།
དངོས་འཛིན་སེམས་ཀྱི་ང་རྒྱལ་སྐྱེ་བའི་རྒྱུ།།
བློ་སྣ་བསྟུངས་པ་ཁོ་བོས་སྙིང་གཏམ་ཡིན།།
༥
ཚོང་དང་བུན་སྐྱེད་གཡོ་སྒྱུ་ལ་སོགས་ཀྱིས།།
ལོག་འཚོ་བསགས་པའི་ནོར་རྫས་བརྒྱ་འབུལ་ཡང་།།
ལོ་འདོད་དགེ་བ་ཆོས་བརྒྱད་དག་གི་རྒྱུ།།
ཞེན་ལོག་སྒོམ་པ་ཁོ་བོས་སྙིང་གཏམ་ཡིན།།
༦
གཉའ་དང་དཔང་པོ་ཞལ་ལྕེ་ལ་སོགས་ཀྱིས།།
གཞན་རྩོད་བསྡུམ་པ་འགྲོ་དོན་ཡིན་སྙམ་ཡང་།།
དེ་ལ་བརྟེན་པའི་ཞེ་འདོད་འབྱུང་བའི་རྒྱུ།།
རེ་དྭོགས་མེད་པ་ཁོ་བོས་སྙིང་གཏམ་ཡིན།།
༧
མངའ་རིས་ལོངས་སྤྱོད་འཁོར་དང་བསོད་ནམས་དང་།།
སྙན་པའི་གཏམ་གྱིས་འཛམ་གླིང་གང་གྱུར་ཀྱང་།།
རང་ཉིད་འཆི་ཚེ་ཕན་པ་གཅིག་ཀྱང་མེད།།
སྒྲུབ་ལ་བརྩོན་པ་ཁོ་བོས་སྙིང་གཏམ་ཡིན།།
༨
གཉེར་པ་ཉེ་གནས་གཙོ་བོ་ལ་སོགས་པ།།
ཐབས་ཀ་གྲྭ་སའི་སྲོག་ཤིང་ཡིན་མོད་ཀྱང་།།
གཟུང་འཛིན་བློ་ཡི་སེམས་ཁྲལ་འབྱུང་བའི་རྒྱུ།།
འདུ་འཛི་བསྟུངས་པ་ཁོ་བོས་སྙིང་གཏམ་ཡིན།།
༩
རྟེན་མཆོད་དཔེ་ཆ་ཐབ་ཀ་ལ་སོགས་པ།།
ཅི་དགོས་ཁུར་ནས་རི་ཁྲོད་འགྲིམ་པ་ཡང་།།
འཕྲལ་ལ་འཛོམ་སྟེ་སྡུག་བསྔལ་རྩོད་པའི་རྒྱུ།།
དགོས་མེད་བསྟེན་པ་ཁོ་བོས་སྙིང་གཏམ་ཡིན།།
༡༠
སྙིགས་མའི་དུས་སུ་དམུ་རྒོད་འཁོར་རྣམས་ལ།།
བཀའ་བཀྱོན་ལ་སོགས་ཕན་སེམས་ཡིན་མོད་ཀྱང་།།
དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་བའི་རྒྱུ།།
ཞི་བར་སྨྲ་བ་ཁོ་བོས་སྙིང་གཏམ་ཡིན།།
༡༡
ཕན་པའི་སེམས་ཀྱིས་རང་འདོད་མེད་པའི་གཏམ།།
བརྩེ་བའི་མི་ལ་འཚང་ནས་བརྗོད་པ་ཡང།།
དྲང་པོ་ཡིན་ཡང་སྙིང་སྐྲན་འཇུག་པའི་རྒྱུ།།
སྙན་པར་སྨྲ་བ་ཁོ་བོས་སྙིང་གཏམ་ཡིན།།
༡༢
རང་ཕྱོགས་སྐྱོང་ཞིང་གཞན་ཕྱོགས་དགག་པའི་རྒྱུ།།
བགྲོ་གླེང་བསྟན་པའི་གད་བདར་ཡིན་སྙམ་ཡང་།།
དེ་ལ་བརྟེན་ནས་ཉོན་མོངས་སྐྱེད་པའི་རྒྱུ།།
སྨྲ་བཅད་བྱེད་པ་ཁོ་བོས་སྙིང་གཏམ་ཡིན།།
༡༣
བླ་མ་བཀའ་བརྒྱུད་གྲུབ་མཐའ་ལ་སོགས་པ།།
ཕྱོགས་རིས་ཁ་འཛིན་ཞབས་ཏོག་ཡིན་སྙམས་ཡང་།།
རང་བསྟོད་གཞན་སྨད་ཆགས་སྡང་དག་གི་རྒྱུ།།
ཐམས་ཅད་བསྐྱུར་བ་ཁོ་བོས་སྙིང་གཏམ་ཡིན།།
༡༤
ཐོས་པས་ཆོས་ཀྱི་རྣམ་དཔྱོད་ལ་དཔྱད་ནས།།
གཞན་སྐྱོན་རྟོག་པ་ཤེས་རབ་ཡིན་སྙམ་ཡང་།།
དེ་ལ་བརྟེན་ནས་རང་སྡིག་གསོག་པའི་རྒྱུ།།
དག་སྣང་སྐྱོང་བ་ཁོ་བོས་སྙིང་གཏམ་ཡིན།།
༡༥
སྟོང་སྐད་ཧད་པོས་རྒྱུ་འབྲས་ཁྱད་བསད་དེ།།
བྱར་མེད་ཆོས་ཀྱི་མཐར་ཐུག་ཡིན་སྙམ་ཡང་།།
ཚོགས་གཉིས་སྤངས་པས་ཉམས་ལེན་སྐལ་བ་ཆད་།།
ཟུང་འཇུག་སྒོམ་པ་ཁོ་བོས་སྙིང་གཏམ་ཡིན།།
༡༦
གསུམ་པའི་དོན་དུ་ཐིག་ལེ་དབབ་པ་སོགས།།
གཞན་ལུས་ལམ་གྱི་བོག་འདོན་ཡིན་སྙམ་ཡང་།།
ཟག་བཅས་ལམ་གྱིས་སྒོམ་ཆེན་བསླུས་པ་མང་།།
གྲོལ་ལམ་སྐྱོང་བ་ཁོ་བོས་སྙིང་གཏམ་ཡིན།།
༡༧
སྐལ་མེད་དག་ལ་དབང་བསྐུར་སྦྱིན་པ་དང་།།
སྐྱེ་བོའི་དབུས་སུ་དམ་རྫས་འགྲིམ་ལ་སོགས།།
གཤེ་སྐུར་གཞི་དང་དམ་ཚིག་ཉམས་པའི་རྒྱུ།།
བཙུན་འགོ་འདོན་པ་ཁོ་བོས་སྙིང་གཏམ་ཡིན།།
༡༨
སྐྱེ་བོའི་དབུས་སུ་གཅེར་རྒྱུག་བྱེད་ལ་སོགས།།
ཐོ་ཅོའི་སྤྱོད་པ་བརྟུལ་ཞུགས་ཡིན་སྙམ་ཡང་།།
འཇིག་རྟེན་པ་རྣམས་མ་དད་སྐྱེ་བའི་རྒྱུ།།
བག་ཡོད་བརྟེན་པ་ཁོ་བོས་སྙིང་གཏམ་ཡིན།།
༡༩
ས་ཕྱོགས་འདི་ན་བདག་ཉིད་མཆོག་འདོད་ཕྱིར།།
བཙུན་དང་མཁས་ཤིང་བཟང་པོ་བསྒྲུབ་པ་ཡང་།།
མཐོན་པོའི་རྩེ་ནས་དམའ་སར་ལྟུང་བའི་རྒྱུ།།
ཐང་ལྷོད་མེད་པ་ཁོ་བོས་སྙིང་གཏམ་ཡིན།།
༢༠
གྲོང་དང་དགོན་པ་རི་ཁྲོད་ལ་སོགས་པ།།
གང་དུ་སྡོད་ཀྱང་སྒོས་འཛའ་མི་འཚོལ་ཞིང་།།
སུ་དང་འགྲོག་ཀྱང་མི་མཛའ་མི་འཁོན་པ།།
རང་ཚུགས་འཛིན་པ་ཁོ་བོས་སྙིང་གཏམ་ཡིན།།
༢༡
དད་ལྡན་ཕོ་མོས་འཚོ་བ་སྦྱར་ལ་སོགས།།
བཟང་པོར་བཀུར་ནས་ཚུལ་འཆོས་སྤྱོད་པ་ཡང་།།
གཞན་ཕྱིར་བསླུ་ཕྱིར་བདག་ཉིད་འཆིང་བའི་རྒྱུ།།
རོ་སྙོམས་སྤྱོད་པ་ཁོ་བོས་སྙིང་གཏམ་ཡིན།།
༢༢
མོ་རྩིས་སྨན་སོགས་ཡིག་སྣ་དཔག་མེད་ཀྱི།།
རྟེན་འབྲེལ་ཐབས་ཀུན་རྣམ་མཁྱེན་རྒྱུ་ཡིན་ཀྱང་།།
སྣ་ཚོགས་ཆགས་ཕྱིར་བསམ་གཏན་གཅོག་པའི་རྒྱུ།།
ཤེས་བྱ་བསྐྱུངས་པ་ཁོ་བོས་སྙིང་གཏམ་ཡིན།།
༢༣
ནང་དུ་སྡོད་ཚེ་ཁང་པའི་བཀོད་སོགས་སྤང་།།
དབེན་པའི་ཁོངས་ན་ཕུན་ཚོགས་སྒྲུབ་པ་དང་།།
དོན་ཆུང་རང་ལ་མི་ཚེ་ཟད་པའི་རྒྱུ།།
བྱེད་བྱེད་བཤོལ་བ་ཁོ་བོས་སྙིང་གཏམ་ཡིན།།
༢༤
མཁས་དང་བཙུན་སོགས་སྒྲུབ་ལ་བརྩོན་གྱུར་ཀྱང་།།
ཕྱོགས་རིས་ཡོན་ཏན་ཕུལ་དུ་ཕྱིན་གྱུར་ཀྱང་།།
གང་ཞེན་དེ་ཡིས་བདག་རྒྱུད་འཆིང་བའི་རྒྱུ།།
ཕྱོགས་མེད་ཁྲོལ་ཤེས་ཁོ་བོས་སྙིང་གཏམ་ཡིན།།
༢༥
ཐོག་སེར་ལ་སོགས་གཏད་སྲུང་སྣ་ཚོགས་ཀྱིས།།
གདུལ་བྱ་འདུལ་བ་ཕྲིན་ལས་ཡིན་སྙམ་ཡང་།།
གཞན་རྒྱུད་སྲེག་ཅིང་རང་ཉིད་ངན་འགྲོའི་རྒྱུ།།
དམན་ས་འཛིན་པ་ཁོ་བོས་སྙིང་གཏམ་ཡིན།།
༢༦
གཞུང་དང་ཞལ་གདམས་ཟིན་བྲིས་ལ་སོགས་པ།།
ཟབ་མོའི་དཔེ་ཆ་དགོས་རྒུ་འཛོམས་ན་ཡང་།།
ཉམས་ལེན་མ་བྱས་འཆི་ཚེ་དཔེའི་མི་ཕན།།
སེམས་ལ་ལྟ་བ་ཁོ་བོས་སྙིང་གཏམ་ཡིན།།
༢༧
རྩེ་གཅིག་སྒྲུབ་ཚེ་ཉམས་དང་གོ་བསྡུར་དང་།།
བསྟན་བཅོས་རྩོམ་དང་ཉམས་དབྱངས་ལེན་པ་སོགས།།
རྩལ་སྣང་ཡིན་ཀྱང་རྣམ་རྟོག་འཕེལ་བའི་རྒྱུ།།
བློ་བྲལ་སྐྱོང་བ་ཁོ་བོས་སྙིང་གཏམ་ཡིན།།
༢༨
རྣམ་རྟོག་སྐྱེས་ཚེ་ཅེར་གྱིས་ལྟ་བ་གཅེས།།
སེམས་ཐག་ཆོད་ཚེ་ཐོག་ཏུ་བཞག་པ་གཅེས།།
སྒོམ་དུ་མེད་ཀྱང་སྒོམ་དུ་བཞག་པ་གཅེས།།
ཡེངས་མེད་སྐྱོང་བ་ཁོ་བོས་སྙིང་གཏམ་ཡིན།།
༢༩
སྟོང་ཉིད་ངང་ལས་རྒྱུ་འབྲས་སྤྱོད་བྱེད་ཅིང་།།
བྱར་མེད་རྟོགས་ན་སྡོམ་གསུམ་བ་དང་།།
དམིགས་མེད་སྙིང་རྗེས་འགྲོ་ལ་ཕན་བརྩོན་པ།།
ཚོགས་གཉིས་དབྱེར་མེད་ཁོ་བོས་སྙིང་གཏམ་ཡིན།།
༣༠
མཁས་གྲུབ་བླ་མ་མང་བསྟེན་གདམས་པ་ཟབ་མོའང་ཞུས།།
མདོ་རྒྱུད་ཟབ་མོ་འགའ་མཐོང་ཅུང་ཞིག་ནང་དུ་བརྟགས།།
ཤེས་བཞིན་མི་སྤྱོད་ཀྱེ་ཧུད་རང་གིས་རང་བསླུས་པ།།
བདག་དང་བདག་འདྲའི་ཚུལ་ལ་སྙིང་གཏམ་སུམ་ཅུ་བཤད།།
རྒྱལ་བ་ཀློང་ཆེན་པའི་གསུང་སྙིང་གཏམ་སུམ་ཅུ་པ།
ལུང་རྟོགས་ལགས། དེ་ལྟར་ཡིན་ན་ད་ནས་ང་ཚོས་བླ་མའི་གཅིན་འཐུང་རྒྱུ་བཞག་ནས་བླ་མའི་མཇེ་ནུ་རྒྱུའི་སྲོལ་ཞིག་ཨེ་དོད་བལྟས་ན་ག་འདྲ་འདུག དེའི་ང་ཚོ་ལ་ཅིག་མ་ཕན་རུང་བླ་མ་ལ་ཅིག་ཕན་ན་ཅི་ཤེས།
གང་ལྟར་ཆོས་ལ་བསྟོད་ན་འདྲ་སྨད་ན་འདྲ། ཆོས་ལྡན་བོད་མི་རིགས་ནི་འཛམ་གླིང་གི་རྗེས་ལུས་ནང་ནས་ཡང་ལུས་སུ་གྱུར་འདུག བོད་མི་རིགས་སྡུག་སྔལ་གྱི་རྒྱ་མཚོའི་ནང་ལྷུང་འདུག དྲ་འབུ་ཚོས་གཟིགས་དང་། སྤྱིར་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ནོར་བུ་རིན་པོ་ཆེ་ཞིག་ཡིན་ཀྱང་བོད་ཀྱི་བླ་རྒན་ཚོས་ཁ་ནས་བཤད་པ་ཙམ་ལས་དོན་དངོས་ཀྱི་ལག་ལེན་དྲི་མ་མེད་པའི་ཐོག་ནས་འགྲོ་མཁན་ནི་ཉིན་མོའི་སྐར་མའོ། ད་དུང་ཆོས་ལུགས་དེ་མི་སྒེར་གྱི་གནད་དོན་ཞིག་ལ་མི་བརྩི་བར་ཡོད་ཡོད་ཚད་ཆོས་ལུགས་ཐག་བཅད་དགོས་པའི་རྨངས་ཞེན་གྱི་ལྟ་ངན་འདིའི་འོག་ནས་བོད་མི་རིགས་ལ་ཕན་ཐོག་རྒྱུའི་ཚབ་ཏུ་གནོད་ཆེན་པོ་བསྐྱལ་ཡོད་པ་ནི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་གང་ལྟས་ཀྱང་ཤེས་ཐུབ།
བདེ་སྡུག་རྩ་བ་རང་གི་སེམས་ལགས་པས། བཙའ་སྐྱོང་ཤེས་ན་ཕན་བདེའི་གཞི་མ་དང་། རང་ཁར་བཏང་ན་སྡུག་བསྔལ་རྒྱ་མཚོའི་རྒྱུ། ཇི་ལྟར་འདམ་ཁ་ཤེས་ན་སྐྱེས་བུ་རབ། ཞེས་གསུངས་པའི་ཕྱིརརརར། །
མ་སྨྲས་ན་ཡང་སྨོད་བྱེད་ཅིང༌།
མང་དུ་སྨྲས་ན་སྨོད་པར་བྱེད།
དལ་བུས་སྨྲས་ཀྱང་སྨོད་བྱེད་དེ།
འཇིག་རྟེན་ན་མི་སྨད་མེད།། ༤༨ །། ཚོམས་ ༢༩
སྤྱོད་འཇུག་ཏུ། རྒྱལ་སྲས་ཞི་བ་ལྷས།
་
དང་པོ་ཉིད་དུ་བརྟགས་བྱས་ནས།
བརྩམ་མམ་ཡང་ན་མི་བརྩམ་བྱ།
མ་བརྩམས་པ་ཉིད་མཆོག་ཡིན་གྱི།
བརྩམས་ནས་ལྡོག་པར་མི་བྱའོ།།
་
ཞེས་གསུངས་པ་ལྟར་ཡིན་པ་ལ་ཡིན་པ་དང་། མ་ཡིན་པ་ལ་མ་ཡིན་པར་ལན་དགོས་སོ།
བརྩམས་ནས་ལྡོག་པ་བླུན་པོའི་ལུགས།
་
ཞེས་པ་ཡང་བློ་ལ་མཆིས་གང་ཡིན་དཔྱད་པར་འཚལ།
དགའ་སྐུ་་མཆོག་གིས་རྒྱལ་བ་ཀློང་ཆེན་པའི་ཞལ་གདམས་སུམ་ཅུ་པ་བཀོད་པར་བཀའ་དྲིན་ཆེ།
འདི་ལ་མ་དཔེར་གཟིགས་ཏེ། སླར་ཞུས་དག་མཐིལ་ཕྱིན་པ་ཞིག་མཛད་གྲོགས། དེ་ཡང་དིང་སང་དབུས་གཙང་དང་བོད་ཤར་ཕྱོགས་པ་ཕལ་ཆེ་བ་དག་གི་ཁ་སྐད་དུ། འི་དང་ས་རྗེས་གཅིག་པར་འབོད་པ་ཡོད་པས་ཡིག་སྐད་དུ་ཡང་ས་ཡིག་ལ་འི་འབྲི་བ་དང་། འི་ཡོད་དགོས་པ་ལ་ས་རྗེས་འཇུག་འབྲི་བ་མང་བས། ཁོ་བོས་སྙིང་གཏམ་ཡིན།། ཞེས་པར་ཁོ་བོའི་སྙིང་གཏམ་ཡིན།། ཞེས་མི་དགོས་སམ། འོང་ཀྱང་། ཁོ་བོས་སྙིང་གཏམ་བཤད། ཅེས་པར་བྱེད་པ་པོ་ལ་ས་རྗེས་འཇུག་དགོས།
ཡོ་ལང་ ཞེས་པའི་དོན། བོད་ཨིན་ཚིག་མཛོད་དུ། ཡོ་ལངས། ཞེས་མང་པོའི་དོན་ལ་བཤད་ཀྱང་འདིར་་ཡོ་ལང་འགྱེད་ཅེཨ་པའི་དོན་དག་་དཔྱིས་པ་ཕྱིན་པ་མ་ཤེས།
འཚང་ནས་བརྗོད་པ་ཞེས་པར་མཚང་ནས་བརྗོད་པ། ཞེས་སྔོན་འཇུག་མ་ཡིག་མི་དགོས་སམ།
སྙམས་ཡང་། སྙམ་ཡང་། ཞེས་པར་ཡིག་ནོར་བྱུང་།
གང་དུ་སྡོད་ཀྱང་སྒོས་འཛའ་མི་འཚོལ་ཞིང་།།སྒོས་འཛའ་དོན་དག་གོ་མ་སོང་།
སུ་དང་འགྲོག་ཀྱང་མི་མཛའ་མི་འཁོན་པ།། འགྲོགས་ཞེས་པར་ས་རྗེས་འཇུག་ཆད།
ཕྲིན་ལས་ ཞེས་པར་འ་སྔོན་འཇུག་ཡོད་པ་འཕྲིན་ལས་ དག་པར་སྙམ།
ཟབ་མོའི་དཔེ་ཆ་དགོས་རྒུ་འཛོམས་ན་ཡང་།། སྔོན་འཇུག་ད་ཡིག་ར་རུ་འབོད་པས་ཡིག་ནོར་བྱུང་། དགོས་དགུ་དགོས་པར་མཐོང་།
དཔེའི་མི་ཕན།། གོ་དོན་ཆུང་། རྦད་མི་ཕན། ཞེས་པ་མ་ཡིན་ནམ།
ཡེངས་མེད་ ལ་ག་སྔོན་འཇུག་ཡོད་པར་བྱས་ཏེ། གཡེངས་ཞེས་པར་དག་པར་སེམས།
བྱར་མེད་རྟོགས་ན་སྡོམ་གསུམ་བ་དང་།། འདིར་སྒྲ་གཅིག་ཆད་དེ། བརྒྱད་ལས་མ་བྱུང་། མ་རྗེས་འཇུག་མཐར་ཁུངས་ལྡན་གྱི་དཔེ་ཆ་རྣམས་སུ། གསུམ་པ། མཆིས་སོ།
་
ཇི་སྐད་དུ་ཆེ་རྗེ་ས་པཎ་གྱིས།
་
ཕན་པར་སྨྲ་བ་དཀོན་པ་སྟེ།
དེ་དག་པས་ཀྱང་ཉན་པ་དཀོན།
སྨན་པ་མཁས་པ་རྙེད་དཀའ་སྟེ།
དེ་ཡི་ཚིག་བཞིན་བྱེད་པ་ཉུང་།། ༢༥ །། ལེའུ་༥པ།
སྤོབས་མཐའ་ལགས། དངོས་གནས་མི་ཞེས་པ་དེ་ཁྱད་མཚར་པོ་ཞིག་རེད། བོད་པ་ཚོས་བླ་མའི་གཅིན་འཐུང་གི་འདུག་ཅེས་ཧང་སང་མདོག་བྱེད་ཀྱི་འདུག་ཀྱང་། ནུབ་ཕྱོགས་པ་ཚོས་མཇེ་ནུ་བ་དང་སྟུ་ལྡག་པ་ལ་ཡང་སྣང་མེད་རེད་ལ་ད་དུང་སོ་སོས་དེ་སྔོན་ཐོན་ལ་རྩིས་ཏེ་ལེད་མོ་ཡང་བྱེད་ཀྱི་ཡོད་སྲིད། མཐར་བཏུག་ན་མི་འདི་ཚོས་བླ་མ་ལ་མི་དགའ་སྡང་ཟུག་ཙམ་དང་རང་རིགས་ལ་སྨོད་པའི་མཆིལ་ཞག་འཕེན་འདོད་པ་ཙམ་ལས་གནས་ལུགས་ཤིག་བཤད་ཀྱི་མེད་པ་བྱ་སྤྱོད་འདིས་གསལ་པོ་སྟན་མི་འདུག་གམ།
ལ་དྭགས་བློ་བཟང་ལགས་ཀྱིས་གཟིགས་ཀློག་གནང་བར་བཀའ་དྲིན་ཆེ། མ་དཔེ་ཨེ་ཐོབ་ཞིག་བལྟ་འོང་ལགས། མཆན་གནང་མཁན་ཚོར་བཀའ་འདྲི་ཞུ། རང་ཅག་བླ་མ་རྣམ་པས་སྤང་བླང་དང་ཆོས་བྱེད་དགོས་ཟེར་བ་ལས། ཁོང་རྣམ་པའི་གཅིན་འཐུང་དགོས་གསུངས་མཁན་བླ་མ་ཅི་ཡང་གོ་མ་བྱུང་། ཡང་མིན་སོ་སོར་དེ་འདྲའི་བླ་མ་ཞིག་ཐུགས་མིན་འགྲོ་དེ་ལྟར་ཡིན་ཚེ་ཡང་ན་བླ་མ་གྲུབ་ཐོབ་ཞིག་མཇལ་བ་རེད་བསྐལ་བཟང་བསོད་དེ་ཅན་རེད། ཡང་མིན་བསོད་དམན་ཚོར་ཟབ་རྫུས་ཞིག་ཕྲད་པ་རེད་མ་གཏོགས་བླ་མ་ཡང་དག་ཞིག་གིས་སོ་སོའི་སློབ་མར་གཅིན་པ་གནང་ནས་གང་བྱེད། སློབ་མའི་ངོ་ནས་དད་པའི་འཐུང་ན་ལོ་རྒྱུ་ཁག་ཁག་རེད།
སྤོབས་པ་མཐའ་ཡས་ལགས། ངས་དུས་ཡུན་རིང་བོར་ཁ་བརྡ་དྲ་རྒྱའི་རྩོམ་དག་བཀླགས་པ་ཡིན། ཁྱོད་ཀྱིས་བྲིས་པ་དག་ལ་བལྟས་དུས་སྐབས་རེ་ཆོས་སེམས་ཡོད་པ་འདྲ་བོ། སྐབས་རེ་ཆོས་སེམས་ཡེ་ནས་མེད་པ་འདྲ་བོ། མདོར་བསྡུས་ནས་བཤད་ན་ཁྱོད་རང་སེམས་པ་བརྟན་པོ་མེད་པ་འདྲ་བོ་མཐོང་ཡོད་པར་མ་ཟད། གྲུབ་མཐའི་ཆགས་སྡང་ཡོད་པ། གཡོ་སྒྱུ་ཆེན་པོ་ཅན་ཞིག་ཏུ་མཐོང་སོང་། གོང་གི་ཁྱོད་ཀྱིས་བཤད་སྟངས་དེར་བལྟས་ནས་གད་མོ་ཞིག་རང་དབང་མེད་པར་ཤོར་སོང་། ཁྱོད་ཀྱིས་བསམ་བློར་རང་ཉིད་ཀུན་གྱིས་འགྲན་བཟླ་མེད་པ་ལྟ་བུ་མཐོང་བ་དེ་ནི། ཤིན་ཏུ་ནས་སྙིང་རྗེ་སྐྱེ་དགོས་པའི་ཡུལ་ཀྱང་རེད། དྲང་བོར་བཤད་ན་ཁྱོད་ཀྱིས་ཡིག་འཁྱོག་ཁ་ཤས་འབྲི་ཤེས་པ་ཙམ་ལས་དོན་གྱི་ཆ་ནས་ཁྱོད་ལ་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མེད་པའི་རྟགས་རེད། སྤྱིར་རང་ཉིད་ལ་ཡོན་ཏན་ཅི་ཙམ་འབྱོར་བ་དེ་ཙམ་གྱིས་རང་བརྒྱུད་ཐུལ་འགྲོ་བ་རེད། རང་བརྒྱུད་ཅི་ཙམ་ཐུལ་བ་དེ་ཙམ་གྱིས་གཞན་ལ་བརྩི་བཀུར་བསླེབས་པ་རེད། རང་ལ་ང་རྒྱལ་ཅི་ཙམ་ཡོད་པ་དེ་ཙམ་གྱིས་གཞན་ལ་མཐོང་ཆུང་བསླེབས་པ་རེད། གལ་ཏེ་འཇིག་རྟེན་འདི་ན་ས་མི་ཡག་པོ་ཞིག་བྱེད་འདོད་མཆིས་ཚེ། དུས་རྟག་ཏུ་དམན་པའི་ས་བཟུང་། གཞན་ལ་མཐོང་ཆུང་ངམ་འཕྱ་སྨོད་མ་བྱེད། ཁྱད་པར་དུ་༧གོང་ས་མཆོག་དང་སྐྱེས་བུ་དམ་པ་ཚོར་བསྐུར་པ་མ་འདེབས། འདི་ནི་ངེད་ཀྱི་ཁྱོད་ལ་བསླབ་བྱ་ཕུལ་བ་ཡིན། དུས་རྟག་ཏུ་ཐུགས་ལ་འཛིན་པར་འཚལ་ལོ།།
ས་ཁུག་ལ་ལར་བླ་མའི་གཅིན་པ་བྱིན་རླབས་སུ་བརྩིས་ནས་འཐུང་སྲོལ་ཡོད་པ་ཞིག་གོ་ཐོས་བྱུང་ལ་ཧང་ཡང་སང་སོང་། ངའི་ཕ་ཡུལ་ནས་བླ་མའི་གཅིན་འཐུང་མཁན་ཞིག་བྱུང་བ་ད་བར་མ་གོ་ལ་འཐུང་སྲོལ་ཡང་མེད་ཚོད་རེད། ཉེ་ཆར་གྲོགས་པོ་ཞིག་གིས་ཁོང་གི་ཕ་ཡུལ་ལ་སྔོན་ཆད་དེ་ལྟར་བྱེད་སྲོལ་ཡོད་པས་བླ་མ་དང་བླ་བརྫུས་མང་པོའི་གཅིན་པ་ཡུལ་མི་ཚོས་འཐུང་ཚུལ་བརྗོད་བྱུང་།
སྤོབས་པས་རྩོམ་འདི་ལ་བསླབ་བྱ་དང་སྨད་ར་གཏོང་མཁན་མང་པོ་བྱུང་འདུག ད་འདི་ལའང་དྲན་ཚོད་འགའ་ཞིག་ཞུ་འདོད་བྱུང་། ཉེ་ཆར་ཞིག་ལ་བྱིས་སྒྲུང་ཞིག་པར་སྐྲུན་བྱས་པའི་གཏམ་ཞིག་འགྲོ་བཞིན་འདུག དེར་བྱིས་སྒྲུང་དེ་ཚད་ལྡན་མིན་པའི་སྐད་ཆ་འཕེལ་བཞིན་པ་འདྲ། ང་ཚོས་སྐྱོན་འཚོལ་ཤེས་ཀྱིན་ཡོད། འོན་ཀྱང་སྐྱོན་སེལ་ཤེས་ཀྱིན་མེད་པ་ལྟར་སྣང་། སྐྱོན་འཚོལ་བ་ནི་འདོད་པར་མ་བབས་པ་ཙམ་ཞིག་རེད། འོ་ན་ཁྱོད་ཀྱིས་སྐྱོན་བྲལ་བའི་ལས་ཀ་ཞིག་བྱོས་དང་ཞེས་སྨྲས་ན་ཡོང་དཀའ་བ་ཞིག་རེད། ངས་ནི་ད་བར་དེ་འདྲ་མ་མཐོང་།
ད་སྤོབས་པའི་བརྗོད་གཞི་འདིའི་ཐད་ནས་བཤད་ན། སེམས་ཁམས་ཀྱི་དཀའ་ངལ་རིགས་ལ་བོད་པས་སྨན་བཅོས་བྱེད་པའི་ལམ་ཁ་ཞིག་ད་བར་དུ་བཙལ་ཡོད་ཀྱི་མ་རེད། རྒྱ་གར་ལ་གསར་འབྱོར་དུ་ཕེབས་མཁན་ཚོའི་གྲས་ན་ལྟོ་མ་ཁེངས་པ་དང་གོས་མེད་པ། སྡོད་ས་མེད་པ་སོགས་ལ་གཞུང་གིས་ལྟ་རྟོག་བྱས་ཡོད་པ་རེད། འོན་ཀྱང་སྣེ་ལེན་ཁང་ན་སེམས་ཁམས་ཀྱི་ན་ཚ་ལ་སྨན་བཅོས་ཞབས་ཞུ་ཡིན་ཟེར་བ་ཞིག་གོ་མ་མྱོང་། དེ་ནས་ང་ཚོ་བོད་ཀྱི་ཞིང་འབྲོག་ས་ཆ་ཞིག་ནས་སྐྱེས་ཏེ་དེང་རབས་ཀྱི་འཇིག་རྟེན་གྱི་མཐའ་ལ་སླེབས་པ་རེད། ཆུང་དུས་རིའི་རྒྱལ་པོ་རི་རབ་ལ་ཡིད་ཆེས་བྱས་ཏེ་ད་འཇིག་རྟེན་གོར་མོ་ལྒང་ལི་འདྲ་པོ་འདི་རྙེད་པ་རེད། རིག་གནས་སམ་རིག་གཞུང་མི་གཅིག་པའི་ཡ་མཐའ་དང་མ་མཐའ་གཉིས་ཀྱི་ནང་ང་ཚོས་འཚོ་བ་སྐྱེལ་བཞིན་ཡོད། དེ་འདྲའི་སྐབས་ལ་སྤོབས་པ་ལྟ་བུ་རིག་པ་ཅན་གྱིས་ཡ་མཐའི་རིག་གནས་ལ་དོ་སྣང་བྱས་ཤིང་མཁྱེན། མ་མཐའི་རིག་གནས་ལ་དོ་སྣང་བྱས་ཤིང་མཁྱེན། ད་དེ་གཉིས་ཀྱི་བར་འདུམ་བྱེད་སྐབས་རྒྱ་མཚོའི་ནང་གི་འབུ་སྲིན་བཞིན་འཁོར་འགྲོ་བ་ཞིག་མིན་ནམ་བསམས།
ཁ་སང་ང་ཚོགས་འདུ་ཞིག་ལ་སོང་། ཚོགས་འདུའི་ནང་དོན་ནི་སློབ་ཁྲིད་བྱེད་ཕྱོགས་རེད། དེར་བྱེད་ཐབས་ཡོངས་སུ་རྫོགས་པ་དགེ་རྒན་གྱི་སྟེང་ན་ཡོད། སློབ་མས་སྦྱོང་ནུས་པའི་བློ་གྲོས་ལ་ཚད་འཛིན་ཡོད། བློ་གྲོས་དེ་ཚད་བཀག་ཅན་ཡིན་པ་ངོས་ཟིན་པའི་ཐོག་ནས་བློ་གྲོས་དེ་སློབ་ཁྲིད་ལ་བསྐོར་ཐབས་འཚོལ་དགོས་སོགས་རེད། ངེད་ཀྱི་ཞེ་ཕུགས་ན་ཡོད་པ་ནི་ རྟ་ཕོར་ཆུ་འཐུང་འདོད་མེད་ན་ཨུ་ཚུགས་ཀྱིས་འཐུང་དུ་འཇུག་མི་ཐུབ་ཅེས་པ་དེ་ཡིན། འདི་ལྟ་བུའི་འགལ་བ་ཏག་ཏག་གི་ནང་མི་ཚེ་བསྐྱལ་སྐབས་རང་ཉིད་ངོས་མི་ཟིན་པ་དང་རང་ཉིད་ཀྱིས་རང་ཉིད་སུ་ཡིན་འཚོལ་དགོས་པའི་སྐབས་ཏན་ཏན་ཡོང་གི་རེད། འདི་ཙམ་ཞིག་ཞུ་འདོད་བྱུང་།
ཨ་རོགས་སྤོབས་པ་ལགས། འཇིག་རྟེན་ཆོས་བརྒྱད་ཐལ་བ་རླུང་ལ་བསྐུར་བ་བཞིན་མཆོག་ཉིད་ལྟ་བ་མཐོན་པོ་བསྙེགས་ཡོད་པ་མ་ཡིན་ནམ། དེ་མིན་ན་ཁྱོད་ཅིག་འགྲིག་གི་མེད་ཀི་ཡ། མཁྱེན་པ་ལ་མཐའ་མེད་པ་བཞིན། ཤེས་བྱ་ལའང་མཐའ་མེད་པ་རེད། དེ་ཤེས་ན་རང་བཞིན་གྱིས་ང་རྒྱལ་ཆག་འགྲོ་བ་རེད། ང་སྤྱང་བོ་ཡིན། ང་མཁས་པ་ཡིན། ང་གཞན་ལས་མཆོག་ཏུ་གྱུར་པ་ཞིག་ཡིན་བསམ་ན། སྤྱང་གྲུང་མ་འཛོམས་པའི་རྟགས་རེད་ད།
སྤོབས་རོ་ལ་གདམ་པ་ཞིག་རག་སོང་། དེ་ཡང་རང་གི་ཕ་དྲིན་ཆེན་གྱིས་གནངས་བ་ཡིན། བདག་གི་ཕ་དྲིན་ཆེན་ནི་ཀ་གི་གུའི་ང་མི་ཆོད་མཁན་ཞིག་ཡིན་ན་ཡང་། སྤྱང་གྲུང་ལྡན་པ། བློ་རིག་རྒོད་པ། ཁ་སེམས་དྲང་བ། ཤེས་རྒྱ་ཆེ་བ། བཤད་ཤེས་བ། བསམ་ཐུབ་པའི་མྱི་ཆེན་ཞིག་ཡིན།
ཁོས་གསུངས་ན། གཅིག་ལ་མ་འཆམ་ན་གཞན་གྱི་སྐྱོན། གཉིས་ལ་མ་འཆམ་ན་རང་གི་སྐྱོན་ཡིན་ནི་རེད་ཟེར། དེའི་སྒང་ལ་ཡང་སྣོན་པ་མང་པོ་བརྒྱབས་སོང་། གསེར་ལ་གོང་སྤྲད་མཁན་དེ་ཡང་མི་རེད་ལ། གསེར་ལ་གོང་གཅོག་མཁན་དེ་ཡང་མི་ཡིན་པས། གསེར་གོང་ཆག་ན་ཞ་ཉེ་རེད་ཟེར། དེ་ནས་མཚམས་མ་ཆད་པར་བཤད་རྒྱུར། རྟོག་པ་ལྷ་མཉམ་གྱི་སྐོར་དང་། ཨ་ལུའི་རང་ངོ་མི་རིག་པ་སོགས། སྐད་ཆ་ལུང་གང་གིས་ང་གཉིད་དུ་བརྫངས་ལ་ཡོད་སྐབས། མ་དྲིན་ཆེན་མས་མཐུད་སོང་། བུ་རྒོན་པོ། མའི་གཅེས་ལོ། རང་གིས་མྱི་དེ་འདྲ་ལ་མནའ་ཤག་མ་སྒྲིག། ཁ་མཆུ་མ་སློང་། ང་མཁས་ང་བདེན་གྱི་མྱི་དེ་ཚོ་ལ་ཕན་ཐོག་ནིའི་ཡོན་ཏན་ཞིག་མེད་ནོ་རེད། ང་ང་ཟེར་ནི་ཚོས་ཐ་ན་གྲོགས་ཡག་པོ་ཞིག་ཡང་མི་ཉན་ནོ་རེད། མྱི་དེ་འདྲ་དང་བར་ཐག་བཟུང་ཟེར།
ངོ་མ། རྒད་པོ་རྒོད་པོ་འདི་ཚོའི་ཤེས་བྱ་དང་ཡོན་ཏན་ལ། མྱི་ལོ་སྟོང་ཕྲོག་གི་རྩ་བ་དང་དཔྱད་པ། རྟོག་པ་ཡོད་པའི་གདམ་པ་རང་རེད་ཡ། ཕ་མ་བཀའ་དྲིན་ཅན་གཉིས་ལ་ཡང་མགོ་ཞིག་དུད་དོ།
༼ཤེས་བྱ་མཐའ་མེད་རེད། ཏག་ཙམ་ཡོད་པས་སྒྱང་མ་འདུག། ཁ་ཚུར་ལ་འཁོར་ནས་འཆམ་པོ་བྱོས། སྤོབས་རོ།༽ཧ་ཧ་ཧ།
ཀ་གི་གུའི་(ངོ)་མི་ཆོད་ལ་བཅས་སོ།
ལྟ་རྒྱ་དང་མཐོང་རྒྱ་ཆེ་རུ་ཆེ་རུ་ཕྱིན་ན། ནང་བསམ་བློ་གཏོང་སྟངས་གུ་ཡངས་སུ་ཡངས་སུ་འགྲོ་བ་རེད་གོ ང་རྒྱལ་ཆེ་རུ་ཆེ་རུ་ཕྱིན་ན། ནང་བསམ་བློ་གུ་དོག་ཏུ་དོག་ཏུ་འགྲོ་བ་རེད་གོ མི་ཀུན་དང་མི་མཐུན་པ་ཞིག་ཡིན་ཚེ། རང་སྐྱོན་ཡིན་མིན་ལ་ཐེ་ཚོམ་ཅི་ཞིག་ཡོད། །
སྤོབས་པ་ལགས། ཁྱེད་ཀྱི་རྩོམ་ཡིག་འདི་ཀློག་གིན་ཀློག་གིན་ཁྱེད་ཤེས་བྱ་སྣ་མང་ལ་གོ་ཐོས་ཡོད་ཀྱང་། རིགས་གཅིག་རྐང་འཛིན་གྱི་ཤེས་ཚད་མ་རྫོགས་པར་ང་ལྟར་ཤེས་རབ་འཆར་གྱིན་ཨ་ཡོད་སྙམ་པའི་དོགས་པ་དང་ཕངས་སེམས་ཤིག་སྐྱེས། ཤེས་བྱའི་རྣམ་གྲངས་མཐའ་ཡས་པ་ཤིག་ཡོད་པ་ལྟར། སྐུ་ཉིད་དེ་དག་ལས་གང་ཞིག་ལ་མཁྱེན་པ་ཡངས་པོ་ཡོད་དམ། ཆོས་རིག་ལ་མཁས་པ་ཡིན་ན་དེ་ལ་དོ་སྣང་ཡོད་པའི་སྤྱི་ཚོགས་ནང་ཉིད་ཀྱི་ལྟ་བ་གླེང་སློང་བྱེད་པ་ལས། དོ་སྣང་མེད་མཁན་དག་ལ་གླེང་སློང་མ་བྱས་ན་ལེགས། དེ་བཞིན་ཚན་རིག་ལ་མཁས་པ་ཡིན་ན། ཚན་རིག་ཤེས་མཁན་དང་མཉམ་པོར་བསམ་ཚུལ་སྤེལ་རེས་བྱེད་པ་ལས། མི་ཤེས་མཁན་དང་མཉམ་པོར་དེ་སྐོར་མི་བཤད། དཔལ་འབྱོར་རིག་པར་མཁྱེན་པ་ཡངས་པོ་ཡོད་ན། དཔལ་འབྱོར་ཅན་དང་དཔལ་འབྱོར་དོན་གཉེར་ཅན་གྱི་སྤྱི་སྒེར་ཞིག་ལས། དཔལ་འབྱོར་ཐད་དོན་གཉེར་མེད་མཁན་ཚོར་དེའི་སྐོར་ནས་མ་གླེང་ན་བཟང་། རྒྱུ་མཚན་ནི་ཉིད་ཀྱིས་ཤེས་ཤིང་ཤོད་འདོད་པའི་གནད་དོན། གཞན་གྱིས་མི་ཤེས་ཤིང་དོ་སྣང་མེད་ཁར་ཤེས་འདོད་ཀྱི་འདུན་པའང་མེད་སྲིད་པ་རེད། དེ་བཞིན་རྩོམ་རིག་སོགས་ཤེས་བྱ་གཞན་ཡང་གཅིག་མཚུངས་རེད། ལེགས་པར་བསམས་ན། ཁྱོད་རང་ཉིད་ཀྱིས་མཐོང་བའི་འཇིག་རྟེན་དང་། གཞན་གྱིས་མཐོང་བའི་འཇིག་རྟེན་གཉིས་འགལ་ཟླར་འགྲོ་བཞིན་ཡོད་ཤས་ཆེ། ད་འདི་ལ་ལམ་ག་གསུམ་མ་གཏོགས་མི་འདུག་བསམས། དང་པོ། སློབ་དཔོན་ཆེན་པོས། ལྟ་ཕྱོགས་སུ་སྤྱོད་པ་ཤོར་མི་རུང་བ་དང་། སྤྱོད་ཕྱོགས་སུ་ལྟ་བ་ཤོར་མི་རུང་ཚུལ་གསུངས་འདུག དེ་ལ་གནད་འགག་ཆེན་པོ་ཞིག་འདུག་བསམ་སོང་། དེ་ལྟ་ན་ལྟ་སྤྱོད་གཉིས་སྲང་མདའི་མཐོ་དམན་ལྟར་ཐུགས་ཉམས་སུ་བསྟར་ན་དགེ་མཚན་ཆེ་བ་སྟེ། མ་ཅིག་གིས་ཀྱང་། གྲིམས་གྱིས་སྒྲིམ་ལ་ལྷོད་ཀྱིས་གློད།། དེ་ན་ལྟ་བའི་གནད་ཅིག་ཡོད།། གསུངས་པ་དེ་ཁྱེད་ཀྱིས་ཀྱང་ལོས་མཁྱེན། གཉིས་པ། སེམས་བསྐྱེད་གཉིས་ལས་རྒྱུ་འབྲས་མན་ངག་བདུན་མ་གཙོ་འཛིན་བྱས་ན་ཅི་འདྲ་འདུག གསུམ། ནང་གི་བསམ་གཏན་ལ་ནན་ཏན་བྱེད་པ་ལས། ཕྱིའི་འཇིག་རྟེན་ལ་སྨྲ་བྱེད་ཀྱི་ལྗགས་སྐྱོང་རྒྱུ་མ་མང་ན་ལེགས། མ་གཞི་ཉིད་ཀྱི་དྲི་བ་འདི་ལས་སླ་བོ་ཞིག་ཁྱོན་ནས་མ་རེད། འདི་སངས་རྒྱས་དང་སེམས་ཅན་བར་གྱི་གནད་དོན་ཞིག་གམ། དགེ་རྒན་ཆེན་མོ་ཞིག་དང་སློབ་ཆུང་བྱིས་པ་ཞིག་གི་གཞི་རྩའི་བསམ་བློ་ལྟ་བུ་ནས་གླེང་བ་ཞིག་ཡིན་ནམ་སྙམ་པའི་ཚོར་སྣང་བྱུང་། བསམ་བློར་མཐོ་དམན་ཤོར་བས་ཕན་ཚུན་གོ་རྟོགས་སྤེལ་རྒྱུར་དཀའ་ངལ་ཆེན་པོ་ཡོད་སྟབས། ནང་བ་ཞིག་མཚོན་ན། བཀའ་དང་བསྟན་བཅོས་ཞེས་གླེགས་བམ་གྱི་ཕུང་བོ་ཆེན་པོ་གསོག་དགོས་བྱུང་བ་རེད། མཐའ་ཡས་པའི་སེམས་ཅན་ཕར་ཞོགས། སྐབས་རེར་ངས་ནི་རང་གི་ནང་མི་ཚོ་ལའང་གོ་བརྡ་འཕྲོད་དཀའ་བའི་དཀའ་ངལ་འབྱུང་གི་འདུག འོད་ཀྱི་འཇིག་རྟེན་ཞིག་ནས་འོད་སྣང་བྲལ་བའི་འཇིག་རྟེན་ཞིག་ལ། འོད་ཀྱི་སྣང་བ་ཞིག་སྤར་འདོད་ན། བཟོད་སྒོམ་དང་། བྱམས་བརྩེ། བརྩོན་འགྲུས། བརྩི་བཀུར་སོགས་ནི་མེད་དུ་མི་རུང་བའི་སྔོན་འགྲོ་ཞིག་རེད་སྙམ།
སྤྱི་ལོ་༡༩༦༠ལོར་དགེ་རྒན་དཀའ་ཆེན་མཐར་ཕྱིན་ཞབས་དང་། ང་དང་། ནུ་བོ། ཡང་ཁུ་ནུ་པ་གྲྭ་པ་ཞིག་བཅས་རྡོ་རྗེ་གླིང་གི་ཉེ་འགྲམ་སུ་ཀེ་ཞེས་པའི་གྲོང་དུ་རྡོ་རྗེ་གདན་གྱི་བོད་དགོན་ཕྱག་འདེབས་པ་པོ་མཁན་པོ་ངག་བསམ་གྱི་དགོན་པར་ཁོང་ལྷན་རྒྱས་གསུམ་གཙང་ནས་ཕེབས་པ་དང་། བདག་ཝཱ་རཱ་ཎ་སཱི་ནས་དབྱར་གྱི་དགུང་གསེང་དུ་འཛོམས། ང་ལོ་གསུམ་ཙམ་སྔོན་དུ་རྒྱ་གར་སླེབས་པས་བྱེད་སྟངས་བྱེད་ལུགས་ལ་འགྱུར་བ་ཐེབས་ཡོད་པ་མཐོང་སྟེ། ངའི་ནུ་བོས་དགེ་རྒན་མཆོག་ལ་ཨ་ཇོ་བྱེད་སྟངས་བྱེད་ལུགས་ཁྱད་མཚར་ཞིག་ཆགས་འདུག་ཅེས་ཞུས་འདུག དེ་ལ་དགེ་རྒན་གྱིས་ད་ཁྱོད་ཀྱང་རྒྱ་གར་སློབ་གྲྭར་ཕྱིན་ཏེ་མ་འགྱུར་ན་ལེགས་ཞེས་གསུངས་པ་ཁུ་ནུ་གྲྭ་པ་དེས་ང་ལ་ལྐོག་ཏུ་བཤད་སོང་།
ང་བཀྲ་ཤིས་ལྷུན་པོར་ཡོད་དུས་གྲྭ་པ་ཞིག་ལ་༧པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་གསང་སྐྱག་ཅིག་བྱིན་རླབས་ལ་མྱངས་པ་ཞེས་གནས་ཚུལ་བཤད་པ་ཐོས། དེའི་དུས་ང་ལ་དུས་སྐབས་དེ་འདྲ་བྱུང་བ་ཡིན་ན། ཅི་ལྟར་བྱེད་ཆ་མ་རྟོགས། དེར་མ་ཟད་ད་ལྟར་ཡང་སེམས་མི་བརྟན་པས་ཅི་བྱེད་འོང་མི་ཤེས་སོ།
འེ་སྤོབས་པ་མཐའ་ཡས་བླུན་རྒན་ཡ། ད་མང་པོ་བཤད་གི་མ་འདུག། ཅང་འབྱོན་ནི་མ་རེད། ཁྱོད་ལ་ཤེས་རྒྱ་དང་རྣམ་དཔྱོད་ཡོད་ན་ཐང། ཡིན་འང་ཅང་འབྱོན་ནི་མ་རེད། དེ་ལས་རང་གི་འཚོལ་བ་ཡར་རྒྱས་གཏོང་ཐུབ་གི་ལྟས། སྤྱི་ཚོགས་དཀྱུས་མ་དང་སྤྱི་ཚོགས་མཐོ་པོ་གི་སྐད་ཆ་དགོས་ནི་མ་རེད། རང་གི་བོད་ཡིག་ཅིག་ཤེས་ནོ་དེ་བེད་ཡག་པོ་ཞིག་སྤྱོད་རོགས། དེ་མིན་གཞན་ཅང་འབྱོན་ནི་ར་མ་རེད། རང་སེམས་སྐྱིད་པོ་ཤེས་ངོ་མ་ཡིན།
གཞན་གཅིན་དང་། གཞན་གཅིན་འཐུང་བ།
ཆུང་ཆུང་བྱིས་པའི་དུས་སུ་ནི།
རང་གཅིན་སྨན་དང་གཞན་གཅིན་དུག
གོ་ཐོས་བྱུང་ཡང་བླ་མའི་གཅིན།
བྱིནརླབས་མོས་ནས་འཐུང་བ་ན།
དད་ལྡན་སེམས་ལ་ཕན་པའང་སྲིད།
རང་གཅིན་སྨན་དུ་ཤེས་ནས་བཏུང་།
འཐུང་བ་ལུས་ལ་ཕན་པའང་སྲིད།
གཅིན་འཐུང་ངོ་ཚ་དགོས་དོན་མེད།
ངའི་རྩོམ་ཐུང་འདི་ལ་བསླབ་བྱ་གནང་མཁན་དང་སྨད་ར་གཏོང་མཁན་ཧ་ཅང་པོ་བྱུང་འདུག དོ་སྣང་གནང་བར་ཐུགས་རྗེ་ཆེ་ཞུ་བ་ལགས། ལྷག་པར་རྔ་བ་རྒྱལ་ཁམས་པ་མཆོག་གིས་བསླབ་བྱ་གདམ་ཁ་གསུམ་གནང་འདུག་དེར་བསམ་གཞིག་ཅིག་བྱ།
༡ ལྟ་སྤྱོད་གཉིས་གཅིག་གི་ཕྱོགས་སུ་གཅིག་མ་ཤོར་བ་དེ་མན་ངག་རྩ་བ་ཆེན་པོ་ཞིག་ཡིན་སྲིད་ན་ཡང་། ང་ལ་མཚོན་ན་དཀའ་ངལ་ཞིག་རེད། ངས་གོང་དུ་ཞུས་ཡོད། ངའི་ཉམས་ལེན་གྱི་གཞི་རྩ་ངོ་མ་དེ་ནི་སེམས་ལ་དྲན་པ་དང་ཁ་ནས་བཤད་པ་མཐུན་པ། ཁ་ནས་བཤད་པ་དང་ལག་གིས་ལས་རྒྱུ་མཐུན་པ་ཞིག་ཨེ་ཡོང་ལྟ་གི་ཡོད་དུས་ལྟ་སྤྱོད་གཉིས་མི་མཐུན་པ་ཞིག་བྱེད་ཤེས་གི་མི་འདུག
༢ རྒྱུ་འབྲས་མན་ངག་བདུན་གྱི་ཉམས་ལེན་དེ་ལ་དད་མོས་ཡིད་ཆེས་ཡོད་ན་ཡང་། སེམས་ལ་དྲན་པའི་དུས་སུ་བསྒོམ་ཐུབ་ན་ཡང་། དངོས་སུ་ལག་ལེན་ལ་བསྟར་དུས་རྩ་བ་ཆུང་ས་ཉིན་རེའི་ལས་ཀ་དང་། སྤྱི་ཚོགས་འདིའི་ན་ས་ཚ་ས་ལ་མིག་གིས་བལྟས། ལག་པས་འཆངས་ནས་འགྲོ་བ་་གཏོགས་མི་འདུག ལྷག་པར་ཡང་ལྟ་གྲུབ་འདི་མ་མཐུན། ཐ་ན་བདེ་སྐྱིད་ཅེས་པ་དེ་ངོས་འཛིན་སྟངས་ཀྱང་མ་འདྲ་སོང་དུས་ཕན་བདེ་སྒྲུབ་ཅེས་པ་ཁག་པོ་རེད་འདུག
༣ དོན་ཚན་གསུམ་པ་དེ་ནི་གོང་དུ་ཀླུ་སྨྱོན་གྱིས་གསུངས་པ་མཚུངས་པར། མཚམས་ནག་སྒོ་བཅད་བྱས་ན་མ་གཏོགས་ཡོང་ཐབས་མེད་པ་ཞིག་རེད། ངའི་འཚོ་ཐབས། ངའི་ལས་གནས། ངའི་སྤྱི་ཚོགས་འབྲེལ་ལམ་དེ་མང་ཚོགས་དཀྱུས་མ་དང་ལྷན་དུ་ཡོད་སྟབས་མཚམས་ནག་སྒོ་བཅད་ཀྱང་ཡོང་ཁག་པོ་འདུག
གོང་དུ་དྲ་གྲོགས་རྒོད་པོ་ཟེར་ཞིག་གིས། “ཁྱོད་ལ་ཤེས་རྒྱ་དང་རྣམ་དཔྱོད་ཡོད་ན་ཐང། ཡིན་འང་ཅང་འབྱོན་ནི་མ་རེད། དེ་ལས་རང་གི་འཚོལ་བ་ཡར་རྒྱས་གཏོང་ཐུབ་གི་ལྟས་༼ལྟོས༽།”
ཅེས་བཀའ་བཀྱོན་གནང་བ་ནི་སེམས་པ་བཟང་པོའི་བསླབ་བྱ་ཡིན་ངེས་པས་ཐུགས་རྗེ་ཞུ་བ་ལགས་མོད་ལགས་སོ་ཟེར་ཐུབ་ཀྱི་མི་འདུག ངས་འཇིག་རྟེན་འདི་ལ་བྱས་རྗེས་ཕྲན་བུ་ཞིག་དང་སྤྱི་ཚོགས་ལ ཕན་ཅུང་ཟད་ཅིག་ཐོགས་པར་རེ་བ་བྱེད་བཞིན་ཡོད་མཁན་ཞིག་ཡིན་མ་གཏོགས་ང་རང་གི་འཚོ་ཐབས་ཙམ་ཞིག་ཡར་རྒྱས་གཏོང་ཐུབ་དང་མི་ཐུབ་དེ་གལ་ཆེན་དོན་ཆེན་ཞིག་ལ་བརྩི་གི་ཡང་མེད། དེའི་ཕྱོགས་ལ་དཀའ་ངལ་ཞིག་འཕྲད་ཀྱང་མ་མྱོང་། འཚོ་ཐབས་སྐོར་ལ་ནི་བཀའ་སློབ་ཞུ་གི་ཡང་མེད།
ངས་རྩོམ་ཐུང་འདི་འདིར་བཀོད་པས་ང་ལ་བསླབ་བྱ་འདི་ཐོབ་ཟེར་བ་མང་པོ་མེད་ན་ཡང་། ང་ཙམ་མ་ཡིན་པར་ཤེས་རབ་ཅན་མང་པོ་ལ་དཀའ་ངལ་གཅིག་མཚུངས་སུ་འཕྲད་ཀྱིན་ཡོད་པ་གསལ་བོར་མཐོང་བྱུང་།
དཔེར་ན། རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་མཆོག་གིས། “བྲག་ཁུང་སྐམ་པོ་ཞིག་གི་ནང་མཚམས་ནག་སྒོ་གཅོད་བྱས་ན་མ་གཏོགས་བྱེད་ཐབས་ཅི་ཡང་མེད། ང་ལ་ཡང་དཀའ་ངལ་གཅིག་མཚུངས་འདུག”
དྲ་གྲོགས་ཅོ་རི་ཉི་མ་ལགས་ཀྱིས། “ང་ལའང་སྤྱི་ཚོགས་དང་མ་མཐུན་པའི་དཀའ་ངལ་ཆེན་པོ་ཡོད། ངས་ངོས་ནས་བོད་མི་བརྒྱ་ཆ་ལྔ་བཅུ་སྨྱོན་པའི་ཟོལ་འདྲ་པོ་མཐོང་ག་ཡོད། དེ་འདྲ་ཡིན་དུས་སྨྱོན་པ་དེ་དག་དང་མཐུན་ཐབས་རྩ་བ་ནས་མི་འདུག”
མཁས་དབང་དགེ་རབ་མཆོག་གིས། “རྒྱ་གར་ལ་གསར་འབྱོར་དུ་ཕེབས་མཁན་ཚོའི་གྲས་ན་ལྟོ་མ་ཁེངས་པ་དང་གོས་མེད་པ། སྡོད་ས་མེད་པ་སོགས་ལ་གཞུང་གིས་ལྟ་རྟོག་བྱས་ཡོད་པ་རེད། འོན་ཀྱང་སྣེ་ལེན་ཁང་ན་སེམས་ཁམས་ཀྱི་ན་ཚ་ལ་སྨན་བཅོས་ཞབས་ཞུ་ཡིན་ཟེར་བ་ཞིག་གོ་མ་མྱོང་། དེ་ནས་ང་ཚོ་བོད་ཀྱི་ཞིང་འབྲོག་ས་ཆ་ཞིག་ནས་སྐྱེས་ཏེ་དེང་རབས་ཀྱི་འཇིག་རྟེན་གྱི་མཐའ་ལ་སླེབས་པ་རེད། ཆུང་དུས་རིའི་རྒྱལ་པོ་རི་རབ་ལ་ཡིད་ཆེས་བྱས་ཏེ་ད་འཇིག་རྟེན་གོར་མོ་ལྒང་ལི་འདྲ་པོ་འདི་རྙེད་པ་རེད། རིག་གནས་སམ་རིག་གཞུང་མི་གཅིག་པའི་ཡ་མཐའ་དང་མ་མཐའ་གཉིས་ཀྱི་ནང་ང་ཚོས་འཚོ་བ་སྐྱེལ་བཞིན་ཡོད། དེ་འདྲའི་སྐབས་ལ་སྤོབས་པ་ལྟ་བུ་རིག་པ་ཅན་གྱིས་ཡ་མཐའི་རིག་གནས་ལ་དོ་སྣང་བྱས་ཤིང་མཁྱེན། མ་མཐའི་རིག་གནས་ལ་དོ་སྣང་བྱས་ཤིང་མཁྱེན། ད་དེ་གཉིས་ཀྱི་བར་འདུམ་བྱེད་སྐབས་རྒྱ་མཚོའི་ནང་གི་འབུ་སྲིན་བཞིན་འཁོར་འགྲོ་བ་ཞིག་མིན་ནམ་བསམས།”
རྩོམ་པ་རྔ་བ་རྒྱལ་ཁམས་པའི་མིང་ཅན་ནས། “མཐའ་ཡས་པའི་སེམས་ཅན་ཕར་ཞོགས། སྐབས་རེར་ངས་ནི་རང་གི་ནང་མི་ཚོ་ལའང་གོ་བརྡ་འཕྲོད་དཀའ་བའི་དཀའ་ངལ་འབྱུང་གི་འདུག”
ཅེས་སོགས་རང་རང་གི་དགོངས་ཚུལ་དྲང་གཏམ་དུ་གསུངས་འདུག་པ་ལ་བསམ་གཞིག་བྱ་རིན་མང་པོ་ཞིག་འདུག ཐུགས་རྗེ་ཆེ་ཞེས་ཞུ་བ་ལགས།
སྤོབས་པ་མཐའ་ཡས་ལགས། ང་ལ་དྲི་བ་གཅིག་ཡོད། ལན་དྲང་བོ་ཞིག་རྒྱག་རོགས། ངས་ནི་ནམ་རྒྱུན་སྤ྄ོབས་པ་མཐའ་ཡས་དང་ཨ་ཕྱི་ཆོས་སྒྲོན་མིང་ཅན་གཉིས་མི་གཅིག་རེད་བསམ་ཡོད། ང་ནོར་བ་ཡིན་སྲིད། འོན་ཀྱང་བརྒྱ་ཆ་དགུ་བཅུའི་གདེངས་ཚོད་ཡོད། ངའི་བསམ་ཚུལ་ཙམ་བརྗོད་པ་ཡིན།།
ལྟ་བ་ཀུན་ལ་མཐོ་དམན་ཡོད། །
སྤྱོད་པ་ཀུན་དང་མཐུན་ན་བདེ། །
སྤྱོད་འཇུག་བཀླགས་ན་ཕན་པ་དང་། །
བཟོད་པའི་ལེའུ་དེ་དེ་བས་ཕན། །
རང་ཉིད་སྨྱོན་བ་ཤེས་བཞིན་དུ།།
འཇིག་རྟེན་ཕྱེད་ཙམ་སྨྱོ་ཞེས་སྨྲ།།
ཁྭ་ཏས་མི་གཙང་བཟས་པའི་མཆུ།།
ས་གཙང་གཞན་དུ་འབད་པས་ཕྱི།།
ཧཧཧཧཧཧཧཧཧཧཧཧཧཧཧ
ཕྲན་གྱིས་འདིར་སྐད་ཆ་ཁ་ཤས་ཤིག་བཤད་འདོད་བྱུང་། དེ་ཡང་ཕྲན་གྱི་ཉམས་མྱོང་དང་སྦྱར་ཏེ་ཡིན། སྐད་ཆ་མ་བཤད་སྔོན་ལ་གསལ་བཤད་ཚིག་ཁ་ཤས་ཤིག་ཞུ་འདོད་བྱུང་། ཕྲན་ནི་སློབ་གཉེར་པ་དཀྱུས་མ་ཞིག་ཡིན། སློབ་གྲྭའི་སློབ་ཕྲུག་དང་སློབ་གཉེར་པ་གྲྭ་རྐྱང་ཚོ་སློབ་མ་ཡིན་པ་གཅིག་མཚུངས་ཡིན་ན་ཡང་། དེང་སྐབས་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར། གྲྭ་བར་སྡང་མཁན་ཧ་ཅང་མང་བས། གྲྭ་བར་མི་དགའ་པ་ཚོས་ཕྲན་གྱི་སྐད་ཆ་འདི་རྣ་རྒྱབ་ཀྱི་རླུང་ལ་བརྩི་རོགས། དེ་ཡང་སྔོན་ཆད་གཞན་གྱིས་རྣམ་ཤེས་དང་ཚེ་ཕྱི་མ་རི་རབ་སོགས་ནང་པའི་གཞུང་ནས་གསུངས་པ་དག་ཁས་མ་བླངས་པའམ། དེ་དག་མེད་པར་སྒྲོག་ཚེ་ཕྲན་རང་ཡ་མཚན་པའམ། མི་བདེ་བའི་ཚོར་བ་ཡོང་གིན་འདུག །ཡིན་ན་ཡང་རྗེས་སུ་ཚན་རིག་ཅུང་སྦྱོང་བའི་སྐལ་པ་བྱུང་བ་དང་མཉམ་དུ་ཡ་མཚན་དང་ཚོར་བ་མི་བདེ་བ་དེ་མེད་པར་གྱུར་ཅིང་། ནང་གཞུང་ལ་ཡིད་ཆེས་ཀྱང་ཇེ་ཆེར་འགྲོ་སོང་། འདིས་ཕྲན་ལ་བློ་བསྐྱེད་ཅིག་འཐོབ་པ་ནི་རང་དང་མི་མཐུན་པའམ། རང་ལ་མི་བདེ་བ་བཟོ་མཁན་དེར་རྒྱུས་ལོན་དང་། སློབ་སྦྱོང་བྱེད་རྒྱུ་དེ་རང་གི་མི་བདེ་བ་དེ་མེད་པར་བཟོ་བྱེད་ཀྱི་ཐབས་ཤེས་མཆོག་ཅིག་རེད་སྙམ་པ་དེའོ།། རང་ཉིད་དང་ལྟ་སྤྱོད་མི་མཐུན་པའི་མི་དེར་རྒྱུས་ལོན་བྱ་རྒྱུ་དང་། རང་ཉིད་དེའི་གོ་སར་བསྡད་དེ་བསམ་གཞིག་བྱ་རྒྱུ་ནི། རང་ཉིད་དང་ལྟ་སྤྱོད་མི་མཐུན་པའི་དབང་གིས་རང་ཉིད་ལ་འཕྲད་པའི་དཀའ་ངལ་དེ་སེལ་བྱེད་ཀྱི་ཐབས་མཆོག་དེ་རེད་སྙམ། ཐུགས་དང་འགལ་ན་དགོངས་དག་ཞུས་པ་ཡིན།
འཇིག་རྟེན་འདི་ན་གྲུང་བོའི་ཚོས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་སྣེ་ཁྲེད་དེ་སྤྱང་གྲུང་ལྡན་པའི་མི་བུ་དེག་འདས་ཀྱང་ཁོང་ཚོའི་བྱས་རྗེས་ལ་ཀུན་ཀྱིས་སྟོད་གླུ་མི་རབས་ནས་མི་རབས་ལ་ལེན་གིན་འདུག་། ཁྱེད་སྤྱང་ན་ཁྱེད་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་གང་ཞིག་བྱེདབཡོད་།
རྣམ་དཔྱོད་ཀྱི་རྩལ་རྫོགས་ཤིང་བློ་གྲོས་ཟད་མི་ཤེས་པ་འབྱུང་བའི་གནས་སྐབས་ཀུན་ན་དེ་ཡི་ལྡོག་ཟླར་གནས་ཤིང་བློ་རྒྱ་ཁབ་མིག་ལས་དོགས་པའི་སྤྱི་ཚོགས་དང་སྐྱེ་བོ་དག་ལ་ནི་ནམ་ཡང་མཐུན་དུ་རེ་བ་མེད་ལ། གལ་སྲིད་དེ་ལྟར་རེ་བའི་བསམ་པ་ཞིག་ཞེ་ཕུག་ལ་ཉར་ཞིང་བློའི་རྩ་བར་བག་ལ་ཉལ་བའི་ཚུལ་དུ་གནས་ཡོད་ཚེ། རང་ཉིད་ཀྱིས་རྣམ་པར་དཔྱོད་པའི་བློ་མིག་གཏིང་ནས་རྫོགས་ཡོད་སྙམ་པའི་ཤེས་རབ་དེ་ལ་དོགས་པ་ཟོས་ན་རེད། མ་རེད་དམ། རང་གིས་སོམས།