ཤྲྰིས་སྨྱོན་པ།
འགྲོ་འདུལ་འཕགས་པ་སྤྱན་རིས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །
ཨེ་མ་ཧོཿ
ཞི་བའི་གོམས་རྒྱུགས་སེམས་ལ་འཆང་ཞིང་ལུས་ཀྱི་སྒྱུ་རྩལ་རྒྱུན་དུ་སྦྱོང་། །
ཞི་བདེ་རྒྱལ་ཁ་ཁ་ཙམ་མིན་པར་རང་བརྩོན་རྔུལ་ཆུའི་ཐིགས་པ་བསགས། །
ཞི་བདེའི་རྒྱ་མཚོའི་ཤར་ནུབ་ཀུན་ལ་ཁྱོད་ཀྱི་གཟེངས་རྟགས་མངོན་སུམ་སྟོན། །
ཞི་རྩལ་ཨོ་འགྲན་གོམས་སྟབས་ཤིག་གིས་རྒྱལ་ཡོངས་ཀུན་ལ་བོད་ཅེས་གླེང་། །
སྟོབས་ཆེན་རྒྱལ་ཁབ་མི་མང་ཀུན་ལ་གསེར་དངུལ་གཟེངས་རྟགས་རྡོ་བཞིན་འགྲིམས། །
ནུས་ཆུང་རྒྱལ་ཕྲན་གྲངས་ཉུང་འགའ་ལ་གཟེངས་རྟགས་ཐོབ་པ་སྲིད་མཐའ་ཙམ། །
དེ་དག་ཀུན་ལས་ཆོས་དབྱིངས་སྐྱིད་ཀྱི་རིན་ཆེན་གཟེངས་རྟགས་ངོ་མཚར་འབར། །
གདོང་དམར་ཉམ་ཆུང་ཤ་ཁྲག་མཆེད་པའི་ཟངས་མདོག་དཔལ་རིའི་རྟེན་འབྲེལ་ངོམས། །
ཆོས་ཀྱི་ཞིང་ས་གངས་ཅན་ལྗོངས་ཞེས་དཔའ་མཛངས་ལྡན་པའི་རྒྱལ་ཁབ་ལ། །
ཆོས་སྲིད་མཐུན་པའི་དཀའ་སྤྱད་གོམས་པའི་རིན་ཆེན་ཟངས་ཀྱི་གཟེངས་རྟགས་འདི། །
ཆོས་ཅན་ཆོས་ཉིད་རྟེན་འབྲེལ་ལེགས་འགྲིགས་ཞི་འདུར་གོམས་རྒྱུགས་ཨང་གསུམ་པ། །
ཆོས་དབྱིངས་སྐྱིད་ལ་དགའ་འཛུམ་བཅས་པས་བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཞུ། །
བོད་པའི་བུ་མོ་ཆོས་དབྱིངས་སྐྱིད་ལ་རྒྱལ་ཡོངས་རྩེད་འགྲན་གཟེངས་རྟགས་འདིས། །
གངས་ཅན་བོད་པའི་རྒན་གཞོན་བྱིས་པར་ཤུགས་རྒྱོབ་ཅེས་པའི་བརྡ་རྟགས་ཤིག །
རྫུན་དང་གཡོ་སྒྱུའི་རང་དོན་མིན་པར་ངལ་རྩོལ་འབོད་པའི་རང་དབང་ཞིག །
རང་སྲོག་བཅད་པར་དཔའ་བོ་མིན་པའི་རིང་འཚོ་འབད་པའི་དུང་ཞེན་ལགས། །
ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པའི་དབང་ཐང་བདེ་ཆེན་ཞིང་དང་མཉམ། །
ཡ་རབས་ཆོས་མཐུན་དགེ་བཅུའི་ཁྲིམས་བཟང་འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་བརྩི། །
སོར་བྱང་སྔགས་ཀྱི་བསྟན་པའི་སྙིང་པོ་བྱང་ཆུབ་སེམས་མཆོག་རྟག་འབད་ནས། །
འདི་ཕྱི་བདེ་དགའི་ལུགས་གཉིས་ལམ་ལ་ཆོས་བཞིན་སྤྱོད་པས་ལེགས་འཚོ་ཤོག །
ཅེས་པ་རབ་རྒྱན་ཆུ་འབྲུག་ཆུ་སྟོད་ཟླ་ཚེས་དགེ་བར་རྒྱལ་ཡོངས་རྩེད་འགྲན་ལས་བུད་མེད་རིང་རྒྱུགས་ཨང་གསུམ་པ་དེ་བོད་མོ་ཆོས་དབྱིངས་སྐྱིད་ལ་ཐོབ་པར་མཐོང་བའི་མོད་ལ་དགའ་ཚོར་དང་བཅས་གང་དྲན་དུ་ཤྲྰིས་སྨྱོན་པས་དབྱིན་ཡུལ་རྒྱལ་སྤྱིའི་གནམ་ཐང་ནས་ཤར་མར་བྲིས་པ་དགེའོ། །
བདེན་ཚིག་སྒྲ་སྒྲོགས་སྐྱེ་བོ་རང་ཕྱོགས་ས་འགྱེལ་པ་ཀུན་གྱིས་ཉན་མིན་མི་ཤེས་ཀྱང་། ཁོ་བའི་ཡིད་ལ་བབས། བདེན་པ་ཉིད་རྒྱལ་བར་གྱུར་ཅིག།
ཨ་ལ་ལ།ཤིག་ཐོག་ཏུ་སྟ་རེ་འདྲ་བའི་བསྟོད་པ་ཞིག་གཡུག་ཤག
བུ་མོ་ཆོས་དབྱིངས་སྐྱིད་ལགས་་་་་་ལོ་བཞིའི་རྗེས་སུ་་་་་་ཨང་རིམ་དང་པོའི་བྱ་དགའ་་་་་གསེར་གྱི་གཟེངས་རྟགས་ཐོབ་ཡག་གི་རེ་བ་ཡོད་་་་་བུ་མོ་ལགས་་་་་ཤུགས་རྒྱོག་ཨ།།
ཆོས་དབྱིངས་སྐྱིད་ཀྱིས་རྟགས་མས།
ཟངས་མདོག་ད་ལྟའི་དཔལ་རི་གུ་རུའི་ཞིང་། །
ཟངས་མདོག་མ་འོངས་བྱམས་པའི་སྐུ་མདོག་རེད། །
ཟངས་ཀྱི་རྟགས་མ་ཐོབ་མ་ཐག་པ་འདིས། །
ཟངས་ཀྱིས་དེང་དུས་བོད་རིགས་བཟང་རྟགས་བསྟན། །
ཟངས་ནས་དངུལ་དང་གསེར་ཡང་འཐོབ་པར་ཤོག །
འཇིག་རྟེན་མཐུན་འཇུག་གི་ཁ་ཕྱོགས་དང་སྲིད་པ་འཁོར་ཕྱོགས་ཀྱི་རིང་ལུགས་ནས་བཤད་ན།
གང་དགྲ་ལ་དགའ་བའི་ལས་ཤིག་བྱས་ན་གཉེན་ལ་སྡུག་པའི་ལས་ཤིག་བྱས་པའི་ཁྱབ། དཔེར་ན་གཞི་མོ་ཆོས་དབྱིངས་སྐྱིད་བཞིན། རང་གི་འཇོན་ཐང་དགྲ་ཕྱོགས་ནས་ངོམས་པ་དེ་ཡང་དགའ་དགའ་གཉེན་སྡུག་གི་ལས་ཤིག་ཡིན་ནོ། རྡ་ས་དང་པེ་ཅིང་གཉིས་ཀས་དགའ་བསུ་ཐོབ་པའི་བོད་པ་གསུམ།
༡) ང་ཕོད། ༢) འབའ་པ་ཕུན་ཚོགས་དབང་རྒྱལ། ༣) ཆོས་དབྱིངས་སྐྱིད།
ཁོང་རྣམ་པ་གསུམ་ནི་ངོ་མ་བོད་ཀྱི་འཇོན་པོ་རྣམ་གསུམ་རེད།
ང་ཚོ་མཐའ་གཅིག་ཏུ་རྒྱལ་བའི་ཕྱོགས་སུ་ལངས་ནས་གུང་ཁྲན་གྱི་དགྲ་བོར་གྱུར།
ར་སྡིག་སོགས་བོད་མི་མང་པོས་གུང་ཁྲན་གྱི་ཕྱོགས་སུ་ལངས་ནས་ང་ཚོའི་དགྲ་བོར་གྱུར།
བོད་མི་མང་ཆེ་བས་རྒྱ་དམར་གྱིས་འདོད་ཕྱོགས་དང་མི་མཐུན་པའི་ལས་འགུལ་གྱིས་ངོ་རྒོལ་བྱས་ཏེ་སྐུ་སྲོག་གྲངས་མེད་དོར་དགོས་བྱུང་། འགའ་ཞིག་གིས་གུང་ཁྲན་གྱི་འདོད་དོད་སྒྲུབ་པ་ལའང་བོད་མི་རྣམས་ཀྱི་དགའ་བསུ་བྱས་པ་དེ་ནི་ཆེས་ཡ་མཚན་གྱི་གནས་ཤིག་ཏུ་གྱུར་པ་རེད་ལ། མགོ་གཉིས་མགོ་བདེ་རིགས་ལ་རྒྱལ་ཁ་ཐོབ་པའི་དུས་ཤིག་ལ་སླེབས་ཟིན་ཏོ། ད་ནི་ངོ་མ་བོད་མི་རྣམས་ཀྱིས་འབུང་འགྱུར་གང་གི་ཕྱོགས་ནས་དང་ཅི་ཞིག་བྱེད་དགོས་མི་ཤེས་པ་མགོ་ཐོམ་གཞི་ཆེན་པོ་ཞིག་བཟོ་མཁན་ནི་ཕུགས་དོན་དང་རྩ་དོན་གྱི་ལ་རྒྱའི་གནས་ལ་རྨོངས་པའི་བོད་མི་ཀླད་གསར་ཅན་ཚོ་ཁོ་ན་རེད།