གངས་དཀར་སེམས།
བུ་མོ་ཆོས་འཛོམས་སྐམ་ལ་རིད་ཅིང་གཟུགས་ཕུང་ཆུང་། འོན་ཀྱང་མོས་མོའི་གཟུགས་ཕུང་ཙི་ཙི་སྐམ་པོ་དེ་དང་ཧ་ཅང་མི་འཚམས་པའི་རླངས་འཁོར་ཆེན་པོ་གཡག་རྒན་ལྟ་བུ་ཞིག་ཁ་ལོ་བསྒྱུར་ནས་ལས་ཀར་འགྲོ་བཞིན་ཡོད། ཆོས་འཛོམས་རྒྱ་གར་ཡོད་དུས་འཛིན་རིམ་བཅུ་གཅིག་ཐོན་རྗེས་ཕ་མ་མཉམ་ཕྱི་རྒྱལ་དུ་གནས་སྤོས།
མོ་ནི་ད་ཆ་སྨན་ཁང་ཆེན་པོ་ཞིག་ནང་སྨན་ཞབས་མའི་ལས་ཀ་བྱེད་བཞིན་ཡོད། དེ་སྔོན་མོའི་ལོ་ཚད་དང་མཉམ་པའི་རོགས་པ་མང་པོས་གང་མགྱོགས་ལས་འཇུག་ལ་བྲེལ་ཞིང་། དངུལ་བསགས་རྒྱུ་དང་དགའ་རོགས་བསྒྲིག་རྒྱུ། སྤྲོ་འཆམ་དང་སྐྱིད་པོ་ཟེར་བ་གཏོང་ཐབས་གང་ཐུབ་བྱེད་བཞིན་པའི་སྐབས་ཆོས་འཛོམས་ཅུང་མི་འདོད་བཞིན་དུ་དགུང་ལོ་ལྔ་བཅུ་དྲུག་བཅུ་བརྒལ་ཟིན་པའི་ཕ་མའི་བཀའ་ལ་ཉན་ནས་མུ་མཐུད་སློབ་སྦྱོང་བྱས། དེ་རྗེས་སྨན་ཞབས་མའི་ཆེད་ལས་ཐོན་པ་དུས་མཚུངས་རླངས་འཁོར་ཁ་ལོ་བསྐོར་ཆོག་པའམ་ལེགས་པར་ཐོན།
དེ་ནས་ཆོས་འཛོམས་ཀྱིས་མིག་ངོར་དེ་སྔོན་མོ་དང་ལོ་ན་མཉམ་པའི་རོགས་པ་དེ་དག་གིས་སྐབས་དེར་གཞན་ཟེར་རྗེས་འབྲངས་ཀྱིས་སོ་སོའི་འདོད་མོས་ཀྱི་ལས་ཀ་མ་རག་པར་དངུལ་བསག་ཆེད་ལས་ཀ་གང་རུང་རག་པ་ཙམ་གྱིས་བྲེལ་འཚུབ་ཀྱིས་སོང་བ་དང་། ཡང་བུ་མོ་ལ་ལས་ཁ་ལོ་སྦྱོང་བ་ལས་སྤྱི་སྤྱོད་རླངས་འཁོར་ནང་སོང་ན་བདེ་འཇགས་ཆེ་ལུགས་སོགས་བཤད་པ་དེ་དག་ཅོལ་ཆུང་དུ་མཐོང་ཞིང་། སོ་སོའི་ངོས་ནས་ཕ་མའི་བཀའ་ལ་ཉན་བཞག་པ་འགྲིག་འདུག་སྙམ་བཞིན་ཡོད།
དེའང་མོས་རོགས་པ་བདེ་སྒྲོན་རྒྱ་གར་ཡོད་དུས་མཛེས་བཟོའི་ཆེད་ལས་སྦྱོང་མྱོང་ཡང་། ཕྱི་རྒྱལ་སླེབས་མ་ཐག་སྤུན་མཆེད་ཀྱི་ཁ་ལ་ཉན་ནས་ད་ཆ་རྒས་གསོ་ཁང་ཞིག་ཏུ་ཡོད། བདེ་སྒྲོན་གྱིས་གཞན་ཐུག་དུས་མོའི་དོ་དབྱིངས་མེད་པའི་ལས་ཀ་དེ་མོ་ལ་མཚོན་ན་མནར་གཅོད་ལྟ་བུ་ཡིན་ལུགས་ཀྱི་འཁང་ར་མང་པོ་ཐོས་ཚར། ཡང་རོགས་པ་ཚེ་རིང་ནི་རྒྱ་གར་ནས་འཛིན་རིམ་བཅུ་གཉིས་ཐོན་ཟིན་ཡང་འདིར་ཚོང་ཁང་དུ་ཟ་ཅའི་རིགས་སྒྲིག་མཁན་བྱས་ནས་བསྡད། ཁོས་ལས་ཀ་འདིས་ཁོའི་སྐེ་བསྡམ་བཞག་པ་ལྟར་གྱུར་ནས་དངུལ་བསག་ཅིང་ཁང་གླ་སྤྲད་པ། འཚོ་བ་བསྐྱེལ་བ་ཙམ་ལས། ཁོས་དེ་སྔོན་ཧ་ཅང་དོ་དབྱིངས་ཡོད་པའི་གློག་ཀླད་ཀཱམ་པུ་ཊའི་ལས་གཞི་དེ་ནས་ལེ་དབར་སྟོང་བར་གྱེས་ཡོད་པའི་སྐོར་ཁོའི་གཞན་དང་ཁ་བརྡ་ནམ་བྱས་ལ་བཤད་རྒྱུ་ཁོ་ན་ལྟ་བུར་གྱུར། བུ་མོ་ཆོས་འཛོམས་སྐབས་དེར་སེམས་གཏིང་ནང་རོགས་པ་ཚོས་དངུལ་སྤྱོད་དེ་དགའ་རོགས་མཉམ་འཆམ་ཀར་འགྲོ་བ་དང་། ལག་པར་དངུལ་ཡོད་དུས་གང་སར་སྐྱིད་པོ་གཏོང་བ་སོགས་མཐོང་དུས་མཚམས་རེར་སྟོང་ལྷང་ལྷང་ངམ། གྲོགས་མེད་ཁེར་རྐྱང་ངམ་ཉམས་དམའ་མོ་འདྲའང་ཚོར་མྱོང་། འོན་ཀྱང་མོས་དཀའ་བསྐྱེད་སྡུག་རུས་ཀྱིས་ཕ་མའི་བཀའ་ལྟར་སློབ་གྲྭ་མཇུག་མ་རྫོགས་བར་སོང་ཞིང་། དེ་རྗེས་ཀྱང་སོ་སོའི་འདོད་མོས་སམ་དོ་དབྱིངས་ཡོད་པའི་སྨན་ཞབས་མའི་ཆེད་ལས་དེའང་ལེགས་པར་སྦྱང་ཞིང་ད་ཆ་ལས་འཇུག་བྱས་ཡོད་པར་ཡིད་ཚིམས་ནས་ཡོད།
དེ་རྗེས་ཆོས་འཛོམས་ཀྱིས་རོགས་པ་ཚོ་མོ་རང་ལས་གླ་ཕོགས་ཉུང་བ་མ་ཟད། གཙོ་བོ་དངུལ་བསག་བྱེད་ཀྱི་ལས་ཀ་བདུན་གཅིག་ལ་ཉིན་ལྔ་དྲུག་ཙམ་བྱེད་པ་དེ་སྒེར་གྱི་འདོད་མོས་ཡོད་སའི་ལས་ཀ་མིན་པ་ཤེས་དུས་ཕ་མའི་བཀའ་ལ་ཉན་པ་འགྲིག་འདུག་སྙམ།
འོན་ཀྱང་དུས་མཚུངས་སུ་ཆོས་འཛོམས་ཀྱི་རོགས་པ་མང་པོས་ཕྱི་གླིང་བའི་བྱ་སྤྱོད་ལ་སྦྱོང་ནས་བཤད་སྟངས་ལས་སྟངས། ཟ་སྟངས་ཚུན་ཆད་ནས་ལད་ཟློས་བྱེད་པ་མ་ཚད། སོ་སོའི་ཕ་མ་རྒན་རབས་རྣམས་ནི་ཕྱི་གླིང་དུ་སླེབས་ཚར་དུས་ཀླད་སྟོང་དཀྱལ་སྟོང་། ཅིའང་མི་ཤེས་པའི་དུད་འགྲོ་ནང་བཞིན་བརྩི་མཁན་ཡོད། ལ་ལས་ད་དུང་སོ་སོའི་སྐད་དང་རིག་གཞུང་མི་ཤེས་ཕྱི་སྐད་རྒྱག་རྒྱུ་དེ་ཡར་ཐོན་དང་དར་སྲོལ་ལྟ་བུའང་བརྩི་མཁན་ཡོད་ཀྱང་བུ་མོ་ཆོས་འཛོམས་ནི་ཕྱི་གླིང་སྐད་ཀ་ན་ཙམ་མི་ཤེས་པའི་ཕ་མ་རྒན་རྒོན་གཉིས་ཀྱི་བཟང་པོའི་བཀའ་ལ་ཉན་འཇོག་ཞུ་བཞིན་པ་མ་ཟད། ཕ་མ་རྒན་རྒོན་གཉིས་དབར་འདས་མ་ད་གསུམ་ལ་སེམས་ཁོང་རུས་པའི་གསེང་གི་སྙིང་བརྩེ་བས་འབྲེལ་ཐག་ཟབ་མོ་ཞིག་སྒྲིལ་ནས་ཡོད།
ཕྱོགས་གཅིག་ཏུ་འཇིག་རྟེན་ནི་རྙོགས་འཛིང་གི་རང་བཞིན་ཡིན་ཟེར་བ་ལྟར། ཆོས་འཛོམས་སྨན་ཞབས་མའི་ལས་ཀ་བྱེད་རིང་གནས་སྟངས་མི་འདྲ་བ་ཁག་ཅིག་དང་འཕྲད། ཐེངས་ཤིག་སྨན་ཞབས་ཚོའི་འགན་འཛིན་བུད་མེད་དེས་སྨན་ཞབས་ཁ་ཤས་ཡོད་ས་ནས་ཆོས་འཛོམས་ལ་མཛུབ་མོ་བཙུགས་སྟེ། ཁྱོད་ཀྱིས་སོ་སོའི་བྱ་བ་ཡག་པོ་སྒྲུབ་དགོས་ལ། དུས་མཚུངས་གཞན་དང་མཉམ་འདུས་ཀྱི་ལས་ཀའང་བསྒྲུབ་དགོས། ལས་དུས་ལྷོད་ལྷོད་ཁ་གཡེང་རྣམ་གཡེང་བྱེད་པ་དེ་ཡག་པོ་མ་རེད་ཅེས་གཏམ་ཆ་ལྟ་བུ་བྱས། ཆོས་འཛོམས་ཀྱིས་མ་གཞི་ནས་སྐད་ཆ་དེ་གནད་ཆེན་པོ་བྱས་ཏེ་མོ་ཁོ་ནར་དམིགས་ནས་བཤད་པ་ཞིག་ཡིན་ཚོད་མ་རེད་བསམ་ཡང་། སྒེར་ངོས་ནས་ལས་དུས་སྐབས་གང་ས་ཅིའི་ཐད་ནས་ཧུར་ཐག་འབད་ཐག་བྱེད་བཞིན་པ་ཤེས་གསལ་ཡིན། སྐབས་དེར་སེམས་ནང་ཁོ་ཚོའི་ནང་ལས་རོགས་འགའ་རེ་ངོ་མ་འགུལ་སྤྱོད་ཀྱི་ནད་པར་རོགས་རམ་བྱེད་རྒྱུར་ཧ་ཅང་ཉོབས་སྣང་དང་། རང་འཕྲིའི་ལས་འགན་ཆ་ཚང་སྤུས་དག་མི་སྒྲུབ་པའི་ཁར་ཡར་མར་ཁ་གཡེང་གིས་ལས་དུས་རྫོགས་ཐབས་གང་ཐུབ་ཁོ་ནར་བྱེད་མཁན་ཡང་ཡོད་པ་མཐོང་སྟབས། འགན་འཛིན་གྱི་སྐད་ཆ་དེ་དག་ནི་མོ་རང་ཁོ་ནར་གཏམ་ཆ་བྱེད་དོན་མེད། ཡིན་ཡང་དོན་དངོས་ཐོག་སྐབས་དེར་འགན་འཛིན་གྱིས་མོ་ཁོ་ནར་ཕྱོགས་ནས་སྐད་ཆ་དེ་དག་བཤད་དགོས་དོན་དང་། དེ་མིན་གཞན་ལས་རོགས་ཀྱི་ལེ་ལོའི་བྱ་སྤྱོད་དག་མ་མཐོང་མདོག་དེ་འདྲ་གང་ཡིན་ནམ་དྲན། ཆོས་འཛོམས་ཀྱིས་དེ་མུར་སོ་སོའི་བསམ་བློའི་ཁ་ལོ་བསྒྱུར་ནས་འགན་འཛིན་གྱི་ཅི་བཤད་པར་ཉན་ནས་རྟག་རྒྱུ་ལས། ལས་རོགས་གཞན་དག་ལ་ཇུས་རྟོགས་བྱེད་ན་འགྲིག་མི་འདུག་སྙམ་ཞིང་། ངོ་ལ་འཛུམ་དང་བཅས་ལགས་སོ། འགན་འཛིན་ལགས། བཀའ་བཞིན་ཞུ། ཞེས་ཞུས་ནས་རང་རང་ས་ལ་ལས་སུ་འཇུག
ཡང་ཉིན་ཞིག སྨན་ཞབས་མ་ལས་རོགས་གཞན་ཞིག་གིས་རླུང་འཚུབ་འཚུབ་ཀྱིས་སྨན་བཞག་སའི་ཁང་པའི་ནང་མོ་ལ་བལྟས་ནས་ངས་ཅ་ལག་འདིར་བཞག་ཡོད། ང་ཕྱིར་སྐར་ཆ་འགའ་ཤས་འགྲོ་ཡུན་རིང་འཁྱེར་ཚར་འདུག དེ་ནི་ཧ་ཅང་ཀུན་སྤྱོད་རྫོབས་པོ་ཞིག་རེད། དེ་ནི་རྐུ་མའི་བྱ་སྤྱོད་ངན་པ་རེད། མ་རབ་རེད་བཅས་གང་ཡིན་འདི་ཡིན་མེད་པའི་ཚོགས་གཏམ་རོ་འདྲ་མང་པོ་ངར་ནས་བཤད་བྱུང་། ཆོས་འཛོམས་ཀྱིས་ལས་རོགས་ཀྱི་གདོང་དམར་རྐྱང་གྱུར་ཞིང་ངུ་ངག་ལྟ་བུ་འདར་བཞིན་ཁོང་ཁྲོ་མེ་འབར་བ་ལྟ་བུའི་ཅི་ཡིན་ཆ་མི་འཚལ་བའི་སྐད་ཆ་དེ་དག་ཐོས་དུས་ཏོག་ཙམ་ཧ་ལས་ནས་ལུས། དེ་ནས་ཆོས་འཛོམས་ཀྱིས་ཕར་ཚུར་བལྟས་པས་ཁང་པའི་ནང་མོ་རང་གཉིས་མ་གཏོགས་མེད་པ་མཐོང་དུས་ཚོགས་གཏམ་དེ་དག་སོ་སོར་བསྒྲགས་པ་ཤེས་ཏེ། དགོངས་དག ངས་ཁྱོད་ཀྱི་ཅ་ལག་ཅི་གང་ལ་ལག་པ་འཆང་རྒྱུ་མ་བྱུང་། ང་རང་ནད་པའི་ཞོགས་དུས་ཀྱི་སྨན་གྲ་སྒྲིག་བྱེད་ཀྱི་ཡོད། ཅེས་བཤད་པར་ལས་རོགས་ཀྱིས། ངས་སུས་འཁྱེར་ན་དེ་ལ་བཤད་ཀྱི་ཡོད་མ་གཏོགས་ངས་ཁྱོད་ཀྱིས་འཁྱེར་འདུག་ཟེར་རྒྱུ་མ་བྱུང་། མ་གཞི་ནས་ཁྱོད་ངའི་སྐད་ཆ་དེར་རླུང་ལང་དགོད་དོན་ཅི་ཡིན། འཁྱེར་མེད་ན་ཁ་བཙུམ་ནས་སྡོད་ན་འགྲིག་གི་རེད་ཟེར།
ཆོས་འཛོམས་དེ་མུར་སེམས་གཏིང་ནང་ལས་རོགས་ཀྱིས་ངའི་ངོ་གདོང་ནས་ང་རྐུ་མ་རེད་ཟེར་བ་མ་ཚད་ད་དུང་དོན་ཚན་ཆེ་མདོག་ཁེངས་དྲེགས་འདི་འདྲས་གང་ཡིན་ནམ་བསམ་ཞིང་། ཆོས་འཛོམས་ཀྱིས་དེ་མ་ཐག་ཁང་པའི་ནང་ངེད་གཉིས་མ་གཏོག་མི་འདུག ང་ལ་ཟེར་གྱི་མེད་ན་འདྲེ་ལ་ཟེར་གྱི་ཡོད་དམ། སྐད་ཆའི་ནང་ང་རྐུ་མ་རེད་ཚུན་ཆད་ངར་བཞག་པ་དེ་ང་ཡིན་མིན་སྤུ་ཙམ་མ་རྟག་པར་ང་ཡིན་ཤག་དགོས་དོན་ཅི་ཡིན། དེ་བས་ཁྱོད་ཀྱིས་ང་རྐུ་མ་རེད་ཟེར་གྱི་འདུག ངས་བརྐུས་པའི་དཔང་རྟགས་བཏོན་ཤོག གང་བྱུང་མང་བྱུང་གཞན་ལ་མ་ཉེས་ཁག་གཡོག་བྱེད་པ་དེ་ངས་འཁྱེར་གྱི་མ་རེད་སོགས་ཡིད་ལ་གཅིག་གཅིག་གཉིས་གཉིས་ཀྱིས་འཆར་ཡང་ཆོས་འཛོམས་ཀྱིས་གོང་གསལ་སྐད་ཆ་དེ་དག་ལས་རོགས་ལ་བཤད་མེད། སྐབས་དེར་ཆོས་འཛོམས་ནི་སྔར་སྲོལ་རྒྱུན་འཇགས་སུ་སོང་བའི་ལུགས་སྲོལ་ལྟར་ཨ་མའི་སྐད་ཆ་འགའ་ཡིད་ལ་འཁོར། གཞན་ལ་བཟོད་པ་སྒོམ་ཟེར་བ་དེ་ཁྱོད་དང་ཕ་རོལ་པོ་མི་དགའ་ཞིང་རླུང་དང་ཁོང་ཁྲོ་ཟ་བའི་སྐབས་སུ་ལ་ཟེར་གྱི་ཡོད་རེད། དུས་དེར་ཁྱོད་ཀྱིས་བཟོད་པ་སྒོམ་རྒྱུ་དེ་ནི་ཡ་རབ་ཀྱི་སྤྱོད་པ་རེད། ལས་ཁུངས་སུ་གཞན་སུ་ཡིན་ཡང་ཁ་རྩོད་སྣ་རྩོད་རྩ་བ་ནས་བྱེད་མི་ཉེན། ལས་རོགས་ནི་ཐག་རིང་གི་སྤུན་མཆེད་ལས་དུས་ཚོད་མང་བ་གཤིབ་དགོས་དུས་ཕན་ཚུན་ངོ་ལོག་ནས་དགྲ་རུ་ངོས་བཟུང་མི་རུང་། དེ་འདྲ་བཟོས་ན་སྡིག་པ་ཆེན་པོ་ཡོད་ལེ་རེད་ཅེས་གཏམ་པོ་དེ་དག་ཡིད་ལ་ཤར།
མོའི་སེམས་ནང་དོན་མེད་མོ་ལ་བརྙས་བཅོས་བྱེད་མཁན་ལས་རོགས་མ་དེར་ཁོ་ཁྲོ་མེ་ལྟར་འབར་ཡང་དེ་མུར་བསྲན་ནས་ཁུ་སིམ་མེར་ཏོག་ཙམ་བསྡད། དེ་ནས་ལས་རོགས་མ་སྒོ་ཕྱི་ལ་ཐོན་གྲབས་སྐབས་ཆོས་འཛོམས་ཀྱིས་ངག་འཇམ་པོས་ཁྱོད་རང་གང་འདྲ་འདུག ཅེས་པར་ལས་རོགས་ཀྱིས་མོ་ལ་བལྟས་ནས་ཏོག་ཙམ་ཧེར་རྗེས་ང་ལ་སེམས་འཁུར་མི་དགོས། ང་འགྲིག་ཐག་ཆོད་ཡོད་ཅེས་ཟེར་ནས་རླུང་འཚུབ་འཚུབ་ཀྱིས་ཕྱི་ལ་ཐོན་སོང་།
དེ་རྗེས་ཀྱི་ཉིན་འགའི་རིང་ཆོས་འཛོམས་ཀྱིས་ལས་རོགས་དེ་ཧམ་པ་ཆེ་ཐག་ཆོད་དེ་ང་ལ་དོན་མེད་མ་ཉེས་ཁག་གཡོག་གྱི་ཚོགས་གཏམ་དེ་འདྲ་བཤད་བྱུང་། སྒེར་ལའང་ནོར་འཕྲུལ་གང་ཡང་མེད་པར་སྡུག་གྱོང་དེ་དག་འཁྱེར་དགོས་དོན་གང་ཡིན་ནམ་བསམ་ནས་མི་སྐྱིད་པ་ཏོག་ཙམ་གྱུར།
མཐར་ཉིན་ཞིག་མོས་སྨན་ཞབས་ཚོའི་འགན་འཛིན་དང་ལས་རོགས་ཀྱི་སྤྱོད་པ་དེ་དག་སེམས་ཚོར་ཡོད་པའི་སྒོ་ནས་དེ་དག་གིས་སོ་སོར་མཐོང་ཆུང་དང་ཁྱད་བསད་བྱས་ལུགས་སྐོར་ཨ་མ་ལ་ཆ་ཚང་བཤད། ཨ་མས་སྐབས་དེར་དལ་བུར་གྱིས་ཆོས་འཛོམས་ཀྱི་ལག་མགོ་གཉིས་འཇུས་ཏེ་ཨ་མའི་མ་གཡང་མ། ཁྱོད་ཀྱིས་ལས་སྟངས་བཅའ་སྟངས་དེ་ཚོ་དཔེ་ཡག་པོ་བྱས་འདུག མི་སུ་འདྲ་ཞིག་ཡིན་ཡང་རླུང་ལང་བའི་དུས་ཚོད་ཅིག་ཡོད་པ་རེད། དམིགས་བསལ་དུ་ངས་གོ་ཐོས་ལྟར་ན་ཕྱི་གླིང་བ་མང་པོ་ཧ་ཅང་རླུང་ཚ་པོ་རང་གཤིས་ཚ་པོ་དེ་འདྲ་ཡོད་རེད་ཟེར་གྱི་འདུག སྙིང་རྗེ། རང་གཞན་གཉིས་ཀ་རླུང་ལང་དུས་གཅིག་གིས་གཞན་དེ་ལ་གུ་ཡངས་དང་སྙིང་རྗེ་སྐྱེས་ནས་ངག་འཇག་པོས་སེམས་གསོ་གཏོང་ནས་བཟོད་པ་སྒོམ་དགོས་པའི་སྐོར་བླ་མས་གསུངས་མྱོང་བ་དྲན་གྱི་འདུག ཨ་མ་ནི་བུ་མོ་ཁྱོད་ནང་བཞིན་ཤེས་ཡོན་ལྡན་པ་ཞིག་མིན་པར་ཡི་གེ་ཀ་ན་ཙམ་ཡང་ཤེས་ལེ་མ་རེད། ང་ཚོའི་བླ་མ་དགེ་བཤེས་ས་ནས་བཀའ་ཆོས་མང་པོ་ཞུས་ཡོད་དུས་གཞན་སུ་འདྲ་ཞིག་ཡིན་ཡང་ཁ་དགྲ་སྣ་མི་བསགས་རྒྱུ་གཙོ་བཟུང་བྱེད་ཀྱི་ཡོད། མིའི་སེམས་མི་དགའ་བ་བཟོས་པ་དེ་ལ་སྡིག་པ་ཆེན་པོ་ཡོད་རེད། དམིགས་བསལ་དུ་གཞན་དེ་རླུང་ལང་སྡོད་པ་དང་། ཡང་ན་སེམས་སྡུག་ཆེ་བའི་སྒང་ལ་དེ་འདྲ་བཟོས་ན་སྡིག་པ་ཆེ། བུ་མོ་ཁྱོད་ཀྱིས་འགན་འཛིན་དང་ལས་རོགས་ལ་རྣམ་འགྱུར་སྡུག་ཆག་སྟོན་མེད་པ་དེ་དཔེ་ཡག་པ་བྱས་བཞག ཅེས་གསུངས།
སྤྱིར་ན་ཆོས་འཛོམས་ཀྱིས་ཕ་མའི་བཀའ་ལ་རྟག་ཏུ་ཉན་རྒྱུ་དེ་གོམས་གཤིས་ཡིན་སྟབས་ད་ཐེངས་ཀྱང་ཨ་མའི་བཀའ་དེ་དག་གིས་མོ་ལ་ཉུང་མཐའ་ཡང་སེམས་གསོ་ཏོག་ཙམ་བྱུང་ཡོད་པ་རེད།
ཡང་དུས་མཚུངས་སུ་ཆོས་འཛོམས་ཀྱི་བསམ་པར། ད་དུང་ང་ལ་མ་ཉེས་ཁ་གཡོག་དེ་འདྲ་འབྱུང་ན་ངས་བཟོད་པ་ཟེར་བ་དེ་འདྲ་མི་སྒོམ་རྒྱུ་ཐག་ཆོད། ཧུན། དེར་ཁ་བཙུམས་ནས་སྡོད་པ་ལས་དུས་ཐོག་ལན་ཚ་ཐག་ཆོད་ཅིག་བརྒྱབ་བཞག་ན་དགའ་ས་རེད། དེ་འདྲ་བྱས་ན་ང་རང་ཡང་བློ་བདེ་པོ་ཡོང་ས་རེད། དོན་མེད་དེ་འདྲ་ཁ་རྡུང་རག་དུས་སོ་སོ་ཁ་བཙུམས་བསྡད་པ་དེ་ཅི་འདྲ་བྱས་ཀྱང་ཏོག་ཙམ་འགྲིག་གི་མེད་ཚོད་རེད་སྙམ་ནས་ལུས།
བདུན་གཉིས་ཀྱི་རྗེས་ལས་རོགས་མ་དེ་དང་ཆོས་འཛོམས་གཉིས་ཇ་འཐུང་ས་ཁང་པའི་ནང་སླར་ཐུག་ནས་འདུག ཆོས་འཛོམས་དེ་མུར་མ་དགའ་ནས་མོ་ལ་གཡོལ་ཏེ་ཟུར་གཅིག་ལ་སོང་ནས་མར་བསྡད་དེ་ཇ་འཐུང་བརྩིས་བྱས། ཆོས་འཛོམས་ཀྱིས་ཇ་ཕོར་ལག་གཡོན་པར་བཟུང་ཞིང་། གཡས་པས་ཁ་པར་མར་བཏོན་ནས་བལྟས། སྐབས་དེར་ལས་རོགས་མ་དེས་ཀྱང་ཚིགས་ཇ་ཕོར་གང་བཟུང་ནས་མོ་ལ་འཛུམ་དང་བཅས་དགོངས་དག ང་འདིར་བསྡད་ན་འགྲིག་གི་རེད་པས་ཟེར་བྱུང་། ཆོས་འཛོམས་ཏོག་ཙམ་བདེ་མིན་ངང་འགྲིག་ཚུལ་གྱི་མགོ་ལྡེམ་ཙམ་བྱས།
དེ་ནས་ལས་རོགས་མས་ཆོས་འཛོམས་ཀྱི་མིང་དང་ཕ་ཡུལ་གང་ནས་ཡིན་མིན་སོགས་ཁ་བརྡ་མང་པོ་བྱས། མོས་དབུགས་རིང་ཞིག་དང་སྦྲགས། ངས་ཁྱོད་ལ་ཡིན་ལུགས་ཚུལ་ལྡན་གྱི་དགོངས་དག་ཞུ་དགོས་ཡོད། ངས་ཉིན་དེར་ཁྱོད་ལ་རླུང་བཏོན་པ་མ་ཚད་དོན་མེད་ཀྱི་སྨྱོ་བཤད་མང་པོ་བྱས། འོན་ཀྱང་ཁྱོད་ཀྱིས་ཉིན་དེར་ང་སྒོ་ཕྱིར་དོན་དུས་སེམས་འཁུར་དང་བཅས་གང་འདྲ་འདུག་ཟེར་སོང་། དོན་དངོས་ཀྱི་གནས་སྟངས་ནི་ཉིན་དེར་ང་དང་དགའ་རོགས་ངེད་གཉིས་ཁྲོས་ནས་ཁ་ཁར་ཆགས་སོང་། ང་སེམས་པ་འཁྲུག་ནས་ཡོད། ཁོས་ང་ལ་མགོ་བསྐོར་བཏང་བ་མ་ཟད། ངའི་ནང་མི་ལའང་སྐད་ཆ་རྫུན་མ་བཤད་འདུག་་་་་་ད་གཡུག་ཞོག་་་་་་གང་ལྟར་ཡང་ཁྱོད་ཀྱིས་ངས་གང་བྱུང་བཤད་བཞག་པ་ར་ཁོང་ཁྲོ་བཏོན་རྒྱུ་བཞག་སྟེ་ང་ལ་སེམས་འཁུར་བྱེད་ཀྱི་འདུག དེ་རྗེས་ང་ཕྱིར་ནང་ལ་སོང་ནས་དེའི་སྐོར་བསམ་བློ་མང་པོ་བཏང་བ་ཡིན། ང་ཚོའི་བྱེད་སྟངས་ལྟར་ན་དུས་དེར་ཕན་ཚུན་ཁ་རྩོད་ཤོར་ངེས་རེད་དེ་་་་་་འོ་རེད་་་་་་ཁྱོད་ཀྱིས་སྐབས་དེར་ང་ལ་བཟོད་བསྲན་དེ་གང་འདྲ་བྱེད་ཐུབ་པ་རེད་དམ། དེ་ནི་ངོ་མ་ཧ་ལས་པ་རེད། ངས་དེ་འདྲ་རྩ་བ་ནས་མི་འཇོན། ཁྱོད་ཀྱིས་ཁོང་ཁྲོ་ལ་བཟོད་བསྲན་བྱེད་པར་ངའི་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་འདོད་ཡོད། ངས་ཁྱོད་ཀྱི་མིང་མི་ཤེས་ལ། ཁྱོད་བོད་པ་ཡིན་པའང་ཧ་གོ་མ་སོང་། ངས་ཁྱོད་རང་ཤར་གླིང་གི་རྒྱ་མོ་གཏེ་ཀོག་ཅིག་རེད་འདུག་བསམ་སོང་། ཧ་ཧ་ཧ་ ཅེས་མོས་ད་དུང་ཆོས་འཛོམས་ཁྱོད་ལ་དུས་ཚོད་ཡོད་དུས་ང་དང་རོགས་པ་ཚོ་མཉམ་དུ་ཕྱི་ལ་འཆམ་ཀ་འགྲོ་འདོད་ཡོད་དམ། ཁྱོད་ལ་འདོད་མོས་ཡོད་ན་ངས་ཁྱོད་སྐད་གཏོང་དགོས་ཟེར།
ཆོས་འཛོམས་ཀྱང་ཏོག་ཙམ་ཧོན་འཐོར་ནས་ལས་རོགས་མའི་སྐད་ཆ་དེ་དག་ཉན་རྗེས་ཇ་ཕོར་པ་དེ་ཡར་ལེན་ནས་ཧུབ་གང་འཐུང་སྟེ་གེ་ཡོད་མ་རེད། སྐབས་དེར་ཁྱོད་ཀྱང་སྐྱིད་པོ་མེད་པའི་སྒང་ཡིན་བཟོ་འདུག ངས་་་ངའི་ཨ་མ་ལགས་ཀྱིས་་་འོ་རེད་་་ངས་ཀྱང་ཁྱོད་ལ་ཐུགས་རྗེ་ཆེ་ཞུ། ངའང་ཁྱོད་དང་མཉམ་ཕྱི་ལ་འཆམ་འདོད་ཡོད་ཅེས་བཤད། ཇ་འཐུང་ཚར་ནས་ཕྱི་ལས་ཀ་འགྲོ་རན་དུས་ལས་རོགས་མ་དེ་ཚུར་འོང་ནས་ཆོས་འཛོམས་ལ་འཆམ་པོའི་སྒོ་ནས་འཐམ་ཙམ་ཡང་བྱས།
དེ་ནས་བཟུང་ཆོས་འཛོམས་དང་ལས་རོགས་མ་དེ་གཉིས་གྲོགས་མོ་ཆགས། དུས་མཚུངས་སུ་ཆོས་འཛོམས་ཀྱི་སེམས་ནང་ཨ་མའི་གསུངས་པ་དེ་དངོས་གནས་ཕན་ཐོག་ཡོད་པ་ཞིག་རེད་བསམ་ཞིང་། གལ་ཏེ་སྐབས་དེར་ངའང་ངར་ལང་ནས་གཅིག་གཅིག་གཉིས་གཉིས་ཀྱིས་ལས་རོགས་དང་ཁ་རྩོད་བརྒྱབས་ཡོད་ན་དེའི་སྐབས་བབས་སུ་སོ་སོའི་སུན་སྣང་དེ་ཏོག་ཙམ་ཞི་ཐུབ་ཡོད་སྲིད་ཀྱང་། དུས་དེ་ནས་བཟུང་ངེད་གཉིས་ནམ་ཐུག་ལ་མི་དགའ་བའི་ཚོར་སྣང་ཡོང་ངེས་དང་། གཅིག་བྱས་ན་ངེད་གཉིས་དགྲ་ཁ་གཏད་ལྟ་བུའང་ཆགས་མི་སྲིད་པ་མིན་པས་ད་ཡིན་ན་འགྲིག་སོང་བསམ་བཞིན་མིག་ངོར་ཀ་ན་ཙམ་མི་ཤེས་པའི་ཨ་མ་རྒས་མོའི་ཞལ་རས་དེ་འཆར་བཞིན་དགའ་སྤོབས་དོན་དང་མཐུན་པ་ཞིག་སྐྱེས།