ཆང་སྐྱེས།
ཆུ་སྐྱེས་པད་མ་དཀར་པོའི་བཞིན་རས་ལ།།
ཡིད་དུ་འོང་བའི་འཛུམ་མདངས་བཟི་ཁ་ཅན།།
སྲབ་མཐུག་རན་པའི་མཆུ་སྒྲོས་དམར་བོ་དེ།།
སུ་ལ་འབུལ་བའི་ལང་ཚོའི་མཆོད་པ་ཡིན།།
ཕྲག་ལ་དཔྱང་པའི་སྣུམ་ནག་སྐྲ་ལོའི་མདངས།།
ཉི་མའི་འོད་དཀར་ངོགས་ན་ལམ་ལམ་འཕྲོ།།
ཉི་སྒྲིབ་སྤྱན་ཤེལ་ནག་པོའི་ཧྲག་བར་ནས།།
འཕངས་པའི་ཟུར་མིག་དེ་ཡང་ཡིད་དུ་འོང་།
སེར་བོ་གསེར་གྱི་རྣ་ལོང་ཆ་གཅིག་མ།།
འཛུམ་པའི་མཁུར་ཚོས་ཁུགས་ན་འོད་དུ་འཚེར།།
གཡུ་བྱུར་ཕྲེང་ལ་རྒྱུས་པའི་སྐེ་རྒྱན་དེ།།
ཁྱོད་ཀྱི་མགུལ་ན་དེ་བས་སྙིང་ཏུ་སྡུག།
དྭངས་གཙང་དཀར་པོ་གོས་གྱི་སྟོད་ཐུང་དང་།།
ཁ་དོག་ལྗང་སེར་ཅན་གྱི་མཆོར་གོས་ཡིས།།
ལང་ཚོ་དར་ལ་བབས་པའི་ཁྱོད་ཀྱི་ནི།།
འཇོ་སྒེག་རྨ་བྱ་སྔོན་མོའི་དཔལ་ཏུ་བསྐྲུན།།
མགོ་བོ་ལག་པས་སྐྱོར་བའི་གཟུགས་བརྙན་དེ།།
སེང་ལྕམ་འབྲུག་མོ་གདན་ལ་བཞུགས་པ་འདྲ།།
འདོད་པའི་མྱོས་བུམ་ཅུང་ཙམ་འབུར་བ་ཡང་།།
མྱི་རྐྱང་མང་པོ་ཆགས་པའི་རྒྱུ་རུ་སྨིན།།
གང་ལྟར་ཁྱེད་ཀྱི་མཛེས་སྡུག་རེ་རེ་ནི།།
སྣུམ་མཚོན་རི་མོ་པུར་གྱིས་བྲིས་དང་མཚུངས།།
བརྒྱ་བྱིན་དྲུང་གི་ལྷ་མོའི་ཚོགས་ཀྱིས་ཀྱང་།།
སྨོན་པའི་ཁ་བཏགས་དཀར་པོ་འབུལ་ལ་བྲེལ།།