རེབ་ཐོག་མདའ།
བདག་གིས ཁ་པར་གྱི་སྣེ་མོ་ཁྱོད་ལ་གཏད་པ་ནས་བཟུང་
བདག་གིས རྨི་ལམ་ངོགས་སུ་ཁྱོད་རང་འཁྲུངས་པ་ནས་བཟུང་
བདག་གིས ངེད་གཉིས་ཀྱི་བརྕེ་བ་དེའི་སྣེ་མོ་གཅིག་ཏུ་སྦྲེལ་འདོད་པ་ནས་བཟུང་
ཁྱེད་ཀྱིས ཁྱེད་རང་གསར་བཞད་ཀྱི་མེ་ཏོག་ཆུང་ཆུང་ཞིག་ཏུ་སྣང་སོང་ལ
ཁྱེད་ཀྱིས ཁྱེད་རང་དབྱར་དྲུག་པའི་ལྗང་མདོག་གི་ཁྲོད་ན་སྨིན་པའི་རྒྱ་སེ་མེ་ཏོག་དེར་འཁྲུལ་སོང
ཉི་མ་དེ་ནས
ངས་ཁྱོད་ལ་སྙིང་གཏམ་གླེང་བའི་ཉི་མ་དེ་ནས
ངས་ཁྱོད་ལ་ལག་ཟུང་བརྐྱངས་པའི་ཉི་མ་དེ་ནས
ཁྱོད སྔོན་ཆད་ཀྱི་ཁྱོད་དང་མི་འདྲ་བར
སྐད་ཆའི་སྣེ་མོ་རྫུན་གྱིས་བྲིས་འདུག་ལ
སེམས་པའི་ནང་རོལ་ཁེངས་སེམས་ཀྱིས་སྦྲུམ་འདུག
ཡིན་ཡང་ བུ་མོ་ལགས
བདག་གི་བསམ་བློ་ལ་ནག་ཐིག་མ་བབས་གོང་
བདག་གི་བརྕེ་བ་ལ་གས་ཆག་མ་ཤོར་གོང
བདག་གི་སེམས་ཁོང་ལ་རླུང་འཚུབ་མ་ལྡང་གོང
ཁྱོད་ཀྱི་བརྩེ་བ་དྲོན་མོ་འདི་འཁྱག་ཏུ་མ་བཅུག་ན་བསམ་ཡོད
ཁྱོད་ཀྱི་དུང་བ་གསོན་པོ་འདི་ཕྱི་མར་མ་བརྫངས་ན་དྲན་ཡོད
འོན་ཀྱང་ ཁྱོད་ཀྱི་རེ་སྙེགས་དེར་བདག་གིས་ཁ་ལོ་བསྒྱུར་མི་སྲིད་ལ
ཁྱོད་ཀྱི་འདོད་འདུན་ལ་བདག་གིས་ཨུ་ཚུགས་བྱེད་མི་སྲིད་ཀྱང་
བུ་མོ་ཁྱོད་དེ་ལྟར
གློ་བུར་དུ་འགྱུར་འགྲོ་བ་ནི་བདག་ལ་མཚོན་ན
ཅི་འདྲའི་དཔག་དཀའ་བའི་དྲི་བ་ཞིག་རེད་ཨང་
བུ་མོ་ཁྱོད
མེ་ལོང་མ་མཐོང་བའི་བུ་མོ་ཁྱོད
ད་དུང་ཡང་
ལོ་ལྔའི་སྔོན་གྱི་གཞོན་ནུ་མ་ཞིག་ཏུ་འཁྲུལ་བཞིན་འདུག་ལ
དབྱར་ཁ་ཞིག་གི་ནམ་ཟླ་ལ་རེ་བས་འཁྲེང་ནས་འདུག
དེར་བརྟེན
བརྕེ་དུང་མི་ཤེས་ལ བདེ་སྐྱིད་མི་འདོད་པའི་ཁྱོད
དུས་ནམ་ཡང་
ངོ་གདོང་དཀར་པོ་དེའི་མཛེས་པ་ཡི
བྲན་གཡོག་ཏུ་གྱུར་འདུག
ཕྱི་ལོ ༢༠༡༣ ཟླ ༤ ཚེས ༡༦ ལ་དཔེ་མཛོད་ནས།