(འགྲན་རྩོམ)
ལྷོ་ཕྲུག་སྣ་བོ་ཆེ།
ཁྲོན་པའི་ཟླ་གཟུགས་ཀྱིས་སྤྲེལ་རྒན་ཆུ་ལ་ལྷུངས་ཤིང་། སྨིག་སྒྱུའི་རྫུན་སྣང་གིས་རི་དྭགས་རྣམས་མྱ་ངམ་གྱི་ཐང་དུ་འཁྲིད་པར་བྱེད། བླུན་རྨོངས་དུད་འགྲོའི་ཚོགས་ལ་ཁག་ཅི་ཡོད། འཇིག་རྟེན་ཐོག་སྤྱང་གྲུང་དོད་ཤོས་དང་རྣམ་རིག་བཀྲ་ཤོས་ཡིན་ཟེར་མཁན་གྱི་མི་རྣམས་ཀྱང་ཉིན་རེའི་འཚོ་བའི་ཁྲོད་དུ་སྣང་གནས་མི་མཐུན་པའི་བསླུ་བྲིད་སྟོང་གིས་མྱ་ངན་དང་ཡིད་ཆད། ཕམ་ཁ་དང་སྡུག་བསྔལ་གྱི་ཚོར་བ་ཆུ་ཡི་གཉེར་རིས་ལྟར་ཟད་དུ་མེད་པ་དག་ལ་སྦྱོར་བཞིན་ཡོད། མ་གཞི། འཁྲུལ་པའི་རྫུན་ཕུགས་མ་བརྡིབ་བར། བདེ་བའི་གོ་སྐབས་ཅི་ལྟར་འཐོབ།
ཁྱོད་ཀྱི་སེམས་ལ་ཁོ་པའམ་ཁོ་མོའི་ལུས་སྟེང་ནས་ཇི་ལྟར་གཞོན་ཤ་ཆགས་ཤིང་། བལྟ་བཟོ་དོད་ལ། ཐང་ཉམས་ལྡན་པའི་སྣང་ཚུལ་ཡིད་དུ་འོང་བ་ཅི་ཞིག་སྟེར་བར་བྱེད་ཀྱང་། དེ་དག་བརྫུན་དུ་སྒོམ་ལ། བཅོས་མ་དང་བསླུ་བྲིད་ཀྱི་རྫུ་བག་ཏུ་བལྟ་བར་བྱོས། ཁྱོད་ཀྱིས་ཁོ་པའམ་ཁོ་མོའི་ཟུངས་ཁྲག་ནང་རེག་དུག་གི་ནད་འབུ་ཡོད་མེད་ཀྱི་བདེན་དཔང་མ་རྙེད་བར། ཁོ་པའམ་ཁོ་མོ་ནི་རེག་དུག་གི་ནད་གཞི་ཡོད་པའི་ནད་པ་ཞིག་ཡིན་ཤག་གི་བསམ་པ་བསྐྱེད་པར་བྱོས། ཐང་ལ་ཤེད་མོང་བཙན་པོའི་ཕོ་གཞོན་གྱི་ཁུ་བའི་ནང་རེག་དུག་གི་ནད་འབུའི་འདུ་ཚོགས་ལང་ལོང་དུ་འཕྱུར་གྱིན་ཡོད་ལ། དཀར་ལ་འཇམ་ཤ་དོད་པོའི་མོ་གཞོན་གྱི་གཡའ་ཆུའི་[Vaginal Fluid]ནང་རེག་དུག་གི་ནད་འབུའི་ཁྱུ་ཚོགས་ཟང་ཟིང་དུ་འཕྱོ་བཞིན་ལྡིང་གིན་ཡོད། ཅི་སྟེ་འདོད་ཆགས་ཀྱི་ངར་གཏིང་ནས་ལངས་ཏེ་གསེབ་ངར་མའི་སྲབ་ཁ་འགོག་པར་མི་ནུས་པའི་གནས་སྐབས་ལ་གྱར་ཚེ་འགྱིག་ཤུབ་ངེས་པར་དུ་སྤྱོད་པར་གྱིས། གཅེས་པ་ཡོད་ཚད་ཀྱི་མཆོག་རྟ་རྔའི་ཉག་མ་ལས་ཀྱང་ཕྲ་བའི་ཚེ་སྲོག་གི་རིན་ཐང་ལ་གོང་བརྒྱབས་ཏེ་ཡུན་ཚད་སྐར་ཆ་འགའ་ཡི་རིང་ཐུང་ལས་མེད་པའི་ཟག་བདེ་ཕྲ་མོ་ཞིག་ལ་དེ་འདྲའི་སྣང་ཆེན་དུ་མ་ཟུངས།
འཇིག་རྟེན་ཐོག་སྤྱིར་གྱི་མི་འབོར་དང་རེག་དུག་ནད་པའི་མི་འབོར་གཉིས་འགྲན་པ་བཞིན་འཕེལ་གྱིན་ཡོད། གླིང་ཆེན་ཨཕ་རི་ཁ་ནི་རེག་དུག་གི་ནད་འབུའི་ཕ་ས་ཡིན་ལ། འཕེལ་འགྱུར་རིག་པ་སྨྲ་བ་ཌར་ཝིན་གྱི་ལྟ་གྲུབ་དང་འབྲེལ་ནས་བཤད་ན་ད་ལྟའི་ཨཕ་རི་ཀའི་གླིང་ཕྲན་གྱི་དཔལ་འབྱོར་གནས་བབ་དང་། ཆབ་སྲིད་བརྟན་ལྷིང་། ཁོར་ཡུག་འགྱུར་ལྡོག ཡུལ་མིའི་ཤེས་ཡོན་དང་འཕྲོད་བསྟེན། འཚོ་བའི་གནས་སྟངས་སོགས་གླིང་ཆེན་དེའི་རང་བྱུང་ཁམས་ཀྱི་བཀོད་པས་རེག་དུག་གི་ནད་འབུ་འདེམས་སྒྲུག་བྱེད་ཀྱིན་ཡོད། རང་བྱུང་གི་སྣང་ཚུལ་ཆེས་མང་པོས་བརྒྱུད་ལམ་སྣ་ཚོགས་ནས་འདེམས་ཁ་བྱེད་པའི་སྐྱེ་ལྡན་ཞིག་ཡིན་ཚེ། རང་བྱུང་འདེམས་སྒྲུག་གི་གོ་རིམ་ཁྲོད་སྐྱེ་ལྡན་དེའི་རྒྱུད་རབས་འཕེལ་རྒྱས་སུ་འགྲོ་ལ། སྐྱེ་ལྡན་དེའི་རྒྱུད་རབས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དེའི་འགལ་ཟླའི་རིགས་ཀྱི་སྐྱེ་ལྡན་རྣམས་རྩ་སྟོངས་སུ་འགྲོ་བཞིན་ཡོད། དེས་ན་འཇིག་རྟེན་སྤྱིའི་བདེ་འཇགས་ཀྱི་གནས་བབ་ཐད་ནས་བཤད་ན་རེག་དུག་ནད་འབུའི་དར་འཕེལ་འདི་ནི་ཆག་སྒོ་ཆེན་པོ་ཞིག་གི་འགོ་འཛུགས་ཡིན་ངེས།
དུས་རབས་གསར་པའི་ནང་གི་རང་ཅག་བོད་པ་ནི་འཚོ་གནས་ཀྱི་འགལ་ཟླ་སྣེ་མང་ལ་གདོང་ལེན་རྫོགས་མེད་དུ་བྱ་དགོས་པའི་གནས་སྟངས་ཡ་ང་པོ་ཞིག་གི་ནང་ལྷུངས་ཡོད། ཆབ་སྲིད་ཀྱི་ཡོ་འཁྱོམ་ཆེན་པོ་ཞིག་གི་རྨང་གཞིའི་འོག་སྲོལ་རྒྱུན་གྱི་རིག་གནས་དང་གོམས་སྲོལ་སོགས་རྒྱུན་འཛིན་བྱ་ཆེད་གོ་ལ་གཅིག་གྱུར་གྱི་རླུང་རླབས་དྲག་པོ་དེར་གདོང་ལེན་བྱ་དགོས་ཀྱིན་ཡོད་ལ། མི་རིགས་ཀྱི་ཚེ་སྲོག་རྒྱུན་སྲུང་བྱ་ཆེད་རེག་དུག་དང་མཆིན་པའི་གཉན་ཚད་ལྟ་བུའི་ནད་ཀྱི་གཤེད་མ་སྟོབས་ལྡན་དག་གི་ཁ་གཏད་དུ་ལངས་དགོས་ཀྱིན་ཡོད། གླིང་ཕྲན་ཨཕ་རི་ཀའི་སྤྱི་ཚོགས་དང་མཚུངས་པར་རང་རེ་བོད་པའི་སྤྱི་ཚོགས་ཀྱིས་ཀྱང་རེག་དུག་ནད་བུའི་དར་འཕེལ་གྱི་ཚད་གཞི་ཇེ་མགྱོགས་སུ་གཏོང་བར་རམ་འདེགས་བྱེད་བཞིན་ཡོད། ལྷ་ས་གྲོང་ཁྱེར་དུ་ཆགས་པའི་གྲངས་འབོར་སྟོང་ཕྲག་བརྒལ་བའི་གཞང་ཁང་དེ་དག་ནི་རང་རེའི་མི་རབས་གསར་པ་དག་གི་ཚེ་སྲོག་གི་རྒྱུན་ཐག་དུམ་བུར་ཆད་སའི་དམག་ས་ཡིན་ལ། ལྡི་ལི་དང་རྡ་ས། བལ་ཡུལ་དང་ལྷོ་གཞིས་བཅས་སུ་ཡན་ལག་དང་ཉིང་ལག་གིས་སྦྲེལ་ཞིང་དུས་བཞི་འཁོར་མོར་རང་རེའི་གཞོན་སྐྱེས་ཚོའི་རྒྱུ་འགྲུལ་ཆད་དུ་མེད་པའི་ལམ་ཆེན་དེ་དག་གི་ཟུར་དང་སུལ་ན་འཚོ་བ་རོལ་གྱིན་པའི་ནད་ཀྱི་བདག་པོ་དང་བདག་མོ་ཚོ་ནི་རང་རེའི་བཙན་བྱོལ་ཁྲོད་ཀྱི་མི་རབས་གསར་པ་ཚོའི་ཚེ་སྲོག་གི་གཅེས་པ་འཇོམས་པའི་ཆོམ་རྐུན་ཡིན། དེང་སང་བོད་དུ་སྨད་འཚོང་མ་རྣམས་གྲོང་ཁྱེར་ཆེ་ཁག་གི་རྭ་བ་ལས་བརྒལ་ཏེ་དབྱར་རྩ་དགུན་འབུ་འཐུ་སའི་ས་མཐོའི་གཡའ་རི་དང་སྤང་རིའི་སུབ་ཀ་རྣམས་སུ་ཡང་མངོན་གྱིན་ཡོད་པར་བཤད།
འཕྲོད་བསྟེན་གྱི་ཤེས་བྱའི་ཆུ་ཚད་ཧ་ཅང་ཞན་པའི་ཞིང་འབྲོག་ས་ཁུལ་ནས་གྲགས་འོང་པའི་དཀར་འཇམ་ལང་འཚོའི་འཕེལ་བ་རྫོགས་པའི་རྒྱ་མོ་གཞང་འཚོང་མའི་རྒྱུ་འགྲུལ་གྱི་རྡོག་སྒྲ་འདི། ངའི་རྣ་བར། མེ་མདའི་སྐད་སྒྲ་ལས་ཀྱང་གཟན་པ་འདུག
ལོ་རྒྱུས་དངོས་གཞི།
སྤྱི་ལོ་ ༢༠༠༩ ཟླ་བ་ ༨ ཚེས་ ༡༦ གི་ཉིན་དགུང་རྡ་ས་བོད་ཀྱི་ཐབ་ཚང་ནང་།
“ཇོ་ལགས་བཀྲ་ཤིས་བདེ་ལེགས།……..” ངའི་གཡས་ཕྱོགས་ཀྱི་སྒྲོག་རྩེའི་སྟེང་ལག་ངར་གཉིས་སྣོལ་སྟབས་སུ་བཞག་ཅིང་། ཕར་བལྟ་ཚུར་བལྟ་ཡང་ཡང་བྱེད་པའི་བུ་མོ་དེས་ཁོ་མོའི་མདུན་ཐད་ཀྱི་སྒྲོག་རྩེ་གཞན་དེའི་ཐོག་གི་དཀར་ཡོལ་ཁ་ངོས་མི་སྙོམ་པ་དེའི་ནང་ནས་ཐུག་པ་ཧུབ་འཐུང་རྒྱག་གིན་ཡོད་པའི་ཕོ་གསར་སྐྲ་རིང་དེར་སྐད་ཆ་ཤོད་པའི་མགོ་བརྩམས། ཕོ་གསར་དེ་རྡ་སའི་ཟ་ལེར་རྒྱ་གསར་གྲས་ཤིག་ཡིན་པ་འདྲ། དེ་སྔོན་རྩ་བ་ནས་རིག་མྱོང་མི་འདུག མི་མང་པོས་རྡ་སའི་ཁུལ་གྱི་ཤ་ཁྱིས་རི་དྭགས་འདེད་འདེད་ལྟར་དབྱིན་མོ་རྗེས་འདེད་གཏོང་མཁན་གྱི་ཕོ་གསར་སྐྲ་རིང་ཁྱད་མཚར་པོ་དེ་ཚོར་ཟ་ལེར་རྒྱ་ཞེས་འབོད་ཀྱི་ཡོད། དུས་སྐབས་དེའི་ཉིན་ཤས་སྔོན་ང་གླིང་སྐོར་ལ་འགྲོ་དུས་ཤིག་ལ་བུ་མོ་འདི་ལྷ་དབྱིན་སྐད་འཛིན་གྲྭར་དབྱིན་སྐད་སྦྱོང་དུ་འགྲོ་མཁན་གདན་སའི་གྲྭ་ལོག་ཅིག་ཡོད་པ་དེ་དང་མཉམ་པོར་འགྲོ་གིན་འདུག གྱོན་པ་གོན་ཚུལ་དང་སྐད་ཆའི་འགྲོས། ལུས་ཀྱི་དབྱིབས་རྣམ་སོགས་གང་ལ་བལྟས་ཀྱང་གཞིས་ཆགས་ཤིག་གི་བུ་མོ་ཡིན་པ་གསལ་པོ་རེད། ང་བུ་མོ་དེ་དང་རྒྱང་ཁད་ཅུང་ཟད་ཡོད་པའི་གཡོན་ངོས་ཀྱི་རྐུབ་སྟེག་ཐོག་ལྷོད་ཀྱིས་བསྡད་དེ་Pizzaཟ་བཞིན་ཡོད། རྡ་སའི་བོད་ཀྱི་ཐབ་ཚང་གི་ཁམ་ཇ་ཚ་པོ་དེ་ང་རང་ཆེས་དགའ་ས་ཞིག་ཡིན་སྟབས་ངས་pizzaཟས་པའི་མཇུག་དེར་ཡང་བསྐྱར་ཁམ་ཇ་ཕོར་གང་མངགས། ཁོང་གཉིས་ཀྱི་སྐད་གསེང་ཟ་ཁང་གི་གླུ་དབྱངས་ཀྱི་གདངས་འགྲོས་དང་འདྲ་བར་སྐབས་རེ་མཐོ་རུ་འགྲོ་ཞིང་སྐབས་རེ་དམའ་སར་བབ། བརྒྱ་འདུས་ཁྲོམ་པའི་ལབ་གླེང་ལ་དམིགས་ཀྱིས་དོ་སྣང་བྱ་སྲོལ་ཞིག་མེད་པ་ལྟར་ངས་ཀྱང་ཁོང་གཉིས་ཀྱིས་ཡང་སྙིང་ཅི་ཞིག་གླེང་གི་ཡོད་པའི་ནང་དོན་ལ་དོ་སྣང་གང་ཡང་བྱས་མེད། ང་ཁམ་ཇ་འཐུང་བཞིན་པའི་སྐབས་ཤིག་ལ་ཁོང་གཉིས་མཉམ་པོར་ཕྱིར་བུད་སོང་། ངའི་སེམས་སུ་དེང་དུས་ཀྱི་ན་གཞོན་འདི་ཚོ་འདི་འདྲའི་འཆམ་ཆོག་ཆོག་དང་འབྲལ་ཆོག་ཆོག་ཅིག་ཡིན་པ་ཅིའི་ཕྱིར་ཡིན་ཨང་སྙམ་པ་ཞིག་བྱུང་། མ་གཞི་གཟའ་ཟླ་བརྗེ་བ་དང་གྱོན་པ་བརྗེ་བ་གཉིས་ཚོད་མཉམ་དུ་འགྱུར་བའི་དུས་མཐའ་འདི་འདྲར། ཕོ་གཞོན་མོ་གཞོན་ཚོའི་ཕན་ཚུན་གྱི་འགལ་འབྲེལ་གྱི་སྣང་བ་འདི་ལྟར་མྱུར་པོས་གཅིག་འཕྲོ་གཅིག་བསྣན་གྱིས་འགྱུར་བཞིན་པར་ངོ་མཚར་རྒྱུ་ཅི་ཡོད་སྙམ།
ངའི་གྲོགས་པོ་བཀྲ་ཤིས་ནི་བུད་མེད་ལ་ཞེན་ཆགས་ཤིན་ཏུ་ཆེ་མཁན་ཞིག་ཡིན། འོན་ཀྱང་སྐབས་དེ་དུས་ཁོ་པ་རྡ་སར་བསླེབས་ནས་ལོ་ངོ་བདུན་ལ་ཉེ་བ་སོང་ཡོད་ཅིང་། དུས་སྐབས་ཡོད་ཚད་ལ་མེག་གྷན་གྱི་ཁྲོམ་སྲང་ཉུལ་གི་ཡོད་ཀྱང་། ཁོ་པར་བལྟ་བཟོ་ལེགས་པའི་བུ་མོ་གཅིག་ཀྱང་ཐུག་མྱོང་མེད། བུད་མེད་ལ་དགའ་དད་ཆེ་བའི་ཁོ་པའི་འདོད་འདུན་གྱི་ཐད་ནས་བཤད་ན་སྙིང་རྗེ་སྐྱེ་འོས་པ་ཞིག་རེད། འོན་ཀྱང་ཁོ་པས་མེག་གྷན་ཁྲོམ་སྲང་གི་གཡས་གཡོན་ན་ལ་ཧྥིང་འཚོང་མཁན་གྱི་ཨ་ཅག་དེ་ཚོར་མིག་མ་ཟད་ལྟག་ཁུང་གིས་ཀྱང་མི་བལྟ་ཁ་བྱེད་ཀྱི་རེད།
སྤྱི་ལོ་ ༢༠༠༩ ཟླ་བ་ ༨ ཚེས་ ༢༤ ཉིན་མེག་གྷན་ཨ་མདོ་གྲོང་གསེབ།
ཉིན་དེའི་ཞོགས་པ་བཀྲ་ཤིས་ངའི་སར་དབུགས་ཧལ་ཧལ་གྱིས་རྒྱུགས་བྱུང་། ཁོ་པ་ངའི་སྡོད་ཤག་ཏུ་མ་བསླེབས་སྔོན་ཁ་པར་ལ་དྲིལ་བརྡ་ཐེངས་དགུ་ལ་བརྒྱབས་འདུག འོན་ཀྱང་ང་ཕྱི་ལ་ཕྱིན་པས་ལེན་སྐབས་མ་བྱུང་། ཁོ་པའི་ངོ་གདོང་ལ་བལྟས་ན་ངོ་མཚར་ཞིག་གམ། འདོད་དོན་ཅི་ཞིག་འགྲུབ་སོང་བ་ལྟ་བུའི་སྐད་ཆ་ཞིག་བཤད་རྒྱུ་ཡོད་པ་འདྲ། ངས། ཁྱོད་འདི་འདྲའི་བྲེལ་བ་དང་ཧང་སང་མདོག་གིས་ཡོང་དོན་ཅི་ཡིན་དྲིས་པར། ཁོས། དོན་ཆེན་ཞིག་འགྲུབ་སོང་ཟེར། ངས། ཨ་རིའི་མཐོང་མཆན་རེག་སོང་བ་མ་རེད་དམ་ཅེས་བཤད་པར། ཁོ་པས་ཉོབ་སྣང་ལྟ་བུས། ཆོ་མེད་པ་དེའི་སྐོར་མ་ཤོད་ཟེར། སྐབས་དེ་དུས་ནི་ཁོ་པ་ལྡི་ལིར་མཐོང་ཆེན་རེག་ཐབས་སྐོར་གྱི་ལས་དོན་ཞིག་བསྒྲུབ་ཏུ་ཕྱིན་ནས་ཉིན་བརྒྱད་དགུ་ཞིག་ལས་འགོར་མེད་པའི་སྐབས་ཤིག་ཡིན། ཕལ་ཆེར་ཐེངས་དེའི་ཁོ་པའི་ལྡི་ལིའི་འགྲུལ་བཞུད་དེ། ལོ་དེའི་ནང་གི་འགྲུལ་བཞུད་ཐེངས་དྲུག་པ་དེ་ཡིན་པ་ཡོད། དུས་རྒྱུན་ཁོ་པས་ལྡི་ལི་ནས་རྡ་སར་འབྱོར་མཚམས་མཐོང་མཆན་རེག་པའི་སྐོར་གྱི་གཏམ་བཟང་ཞིག་བཤད་རྒྱུ་མེད་ཀྱང་། པད་སྒྲོན་ཐུག་སོང་། ནོར་འཛོམས་ཐུག་སོང་། སྒྲོལ་མ་ཐུག་སོང་། ཁོ་མོར་མཚན་གཅིག་ལ་ཧིན་སྒོར་ཉིས་སྟོང་ལྔ་བརྒྱ་སྤྲད་པ་ཡིན་ཟེར་བ་ལྟ་བུའི་གཏམ་གསར་པ་གསར་པ་དག་འགྲོ་ཐེངས་རེ་རེའི་ཕྱིར་ལོག་སྐབས་བཤད་རྒྱུ་ཡོད། བུད་མེད་དང་འབྲེལ་བའི་གཏམ་གླེང་ལ་འཇུག་པ་སྤྲོ་བའི་ཁོ་བོའི་གཤིས་ཀའི་ངོས་ནས་བཤད་ན། གཏམ་རྒྱུད་འདི་ཚོ་ནི་ཁོ་པས་ལྡི་ལི་ནས་འཁྱེར་འོང་བའི་རྔན་པའི་ཚོད་ལྟ་བུ་ཞིག་ཏུ་བསམ་གྱིན་ཡོད་པ་འདྲ།
ངས། ཧང་སང་མདོག་མ་བྱེད། ཆུ་ཚ་པོ་འཐུང་ན་ཐུངས་ཟེར་ནས་ཇ་དེམ་དེ་ཁོ་པའི་ཕྱོགས་སུ་ཕར་བསྲིངས་པ་ཡིན། ཁོས་ཇ་དེམ་ལེན་ཞོར། མདང་དགོང་བུ་མོ་མཛེས་མ་ཞིག་དང་ཐུག་སོང་ཟེར། ངས། ཁྱོད་ངའི་སར་དབུགས་ཧལ་ཧལ་གྱིས་ཡོང་ནས་བཤད་དགོས་རྒྱུ་དེ་འདི་ཡིན་ནམ་ཞེས་བཤད། ཁོས། ཕོ་གསར་ཞིག་ལ་བུ་མོ་ཞིག་གིས་ཚུར་འབྲེལ་བ་བྱེད་པ་འདི་རྒྱུན་ལྡན་ཞིག་མ་རེད་དཱ། ཟེར། ཁོའི་བསམ་པར་བུ་མོ་ཞིག་གིས་ཚུར་འབྲེལ་བའི་འགོ་འཛུགས་བྱེད་པ་འདི་བུ་མོ་དེས་ཕོ་གསར་གང་དེར་ཤིན་ཏུ་དགའ་སོང་བའི་རྟགས་མཚན་ཞིག་ཏུ་འདོད་ཀྱིན་ཡོད་པ་འདྲ། ངས། བུ་མོ་གང་འདྲ་ཞིག་འདུག་གམ་ཞེས་དྲིས། ཁོས། ཁྱོད་དེ་རིང་ཕྱི་དྲོ་ངའི་སྡོད་ཁང་དུ་ཡོང་ནས་བལྟས་ན་ཆོག ཁོ་མོ་དོ་དགོང་ངའི་སར་ཡོང་རྒྱུའི་ཁ་དན་བྱས་ཡོད་ཟེར།
གྲོགས་པོའི་རེ་བ་ལྟར་ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀྱི་སྟེང་ཨ་མདོ་གྲོང་གསེབ་ཀྱི་ཁོ་པའི་སྡོད་ཤག་ཏུ་བསྐྱོད་པ་ཡིན། ང་ནང་དུ་བསླེབས་དུས་ཁོ་པ་འཁྲུས་ཁང་ནང་འཁྲུས་ལ་རོལ་བཞིན་ཡོད་པ་འདྲ། གྱོན་པ་ཉལ་ཁྲིའི་ཐོག་ཏུ་ཕུད་ནས་འདུག་ལ་འཁྲུ་ཁང་གི་སྒོ་གཏན་ནས་འདུག། རྒྱུན་ལྡན་ཁང་ནང་གང་སར་གོ་རིམ་མེད་པར་གཡས་གཏོར་གཡོན་གཏོར་གྱིས་འཇོག་པའི་གྱོན་པ་དང་སྣོད་ཆས་སོགས་སྐབས་དེར་གྲྭ་དག་སྤུས་གཙང་གི་ཚུལ་དུ་བསྒྲིགས་འདུག་ལ། སྣུམ་ཞག་དང་དྲེག་རྡུལ་གྱིས་ལོ་ངོ་མང་པོའི་རིང་འཕྱིས་བརྡར་ཙམ་ཡང་བཏང་ཨེ་ཡོད་སྙམ་བྱ་སའི་ལྕགས་ཐབས་འཁོབ་དོ་དེ་ཡང་དུས་དེར་གཙང་ཧྲིལ་ཧྲིལ་གྱིས་འཕྱིས་འདུག ངས་ཁོ་པའི་སྡོད་ཤག་ནང་ཁྱིམ་བདག་གསར་པ་ཞིག་བསླེབས་ནས་བྱུང་བ་ལྟ་བུའི་གློ་བུར་བའི་འགྱུར་ལྡོག་གསར་པ་དེ་ཚོར་ཕར་བལྟ་ཚུར་བལྟ་བྱེད་པའི་སྐབས་ཤིག་ལ་ཁོ་པ་འཁྲུ་ཁང་ནས་ཨ་ཅོར་ཞིག་སྨད་ལ་དཀྲིས་ཏེ་ཕྱིར་དོན་བྱུང་། ཁོས། ཁྱོད་ཇ་ཞིག་བསྐོལ་ཏེ་འཐུང་གྲབས་ཙམ་ཡང་མི་བྱེད་པར་ཅི་ཞིག་ལ་འཐོམ་ནས་ཡོད་དམ་ཟེར། ངས། ཁྱོད་ཀྱིས་དུས་རྒྱུན་ནས་ཁྱིམ་ཆས་ལ་བདག་གཉེར་འདི་ལྟར་བྱས་ཏེ་གཙང་ཧྲིལ་ཧྲིལ་གྱིས་སྡོད་ཀྱི་ཡོད་ན། ང་ཚོ་ལྷོད་ལྷོད་བསྡད་དུ་ཡོང་གི་རེད་པཱ་ཞེས་བཤད། ཁོས། ཁྲེལ་བགད་ཅིག་དང་མཉམ་དུ། ཁྱོད་ཚོའི་ཆེད་དུ་འདི་ལྟར་བཟོ་དགོས་ན་ལྟ་…..ཟེར། ངས། རེད། དེ་རིང་ཁྱོད་ཀྱིས་བུ་མོ་དེའི་ཆེད་དུ་བཟོས་པ་རེད། མ་རེད་དམ་ཞེས་བཤད་པར། ཁོས། ཡིན་དང་ཡིན། བུད་མེད་ཀྱི་མིག་མདུན་དུ་ཁྱིམ་ནང་གི་བཀོད་པ་ལྟ་སྨྲོས་ཅི། ལག་པའི་མཛུབ་མོའི་འགུལ་སྐྱོད་ཡན་ཆད་ལ་དོ་སྣང་དང་མཉམ་འཇོག་བྱེད་དགོས་པ་རེད། ཁྱོད་ཚོས་གནད་འགག་འདི་ཚོ་ཤེས་རྒྱུ་གལ་ཆེན་པོ་རེད་ཟེར། ངའི་ཁོག་པའི་གཏིང་རིམ་ཞིག་ནས་བགད་མོ་ཁོག་མི་ཐུབ་པ་ཞིག་ལངས་ཀྱིན་ཡོད་ཀྱང་ཨུ་ཚུགས་ཀྱིས་ཕྱིར་ཐོན་མི་དགོས་པ་ཞིག་བྱས་པ་ཡིན། ཁོ་པའི་དགའ་ཚོར་ས་ལྡིང་གནམ་ལྡིང་བྱེད་པའི་སྐབས་དེ་འདྲར་མི་འཚམ་པ་ཞིག་བྱུང་ན་གཏན་ནས་མི་འགྲིག་བསམ་ཏེ་བསྡད། ཁོ་པས་བུ་མོ་དེ་འབེལ་ཀོབ་གཞིས་ཆགས་ནས་ཡིན་པ་དང་མིང་ལ་བསྟན་འཛིན་སྒྲོལ་མ་ཞེས་འབོད་ཀྱི་ཡོད་པ་སོགས་ཁོ་མོའི་སྐོར་གྱི་རྒྱུས་ཡོད་ཀྱི་གནས་ཚུལ་གང་ཤེས་ཙམ་ཞིག་ཁོ་བོར་ངོ་སྤྲོད་བྱས།
ངེད་གཉིས་ཁ་བརྡ་གློད་ཀྱིན་ཡོད་པའི་བར་མཚམས་ཤིག་ཏུ་ཁོ་པའི་ཁ་པར་ལས་དྲིལ་བརྡ་གྲགས་བྱུང་། ཁོ་པས་ལག་གཉིས་འཕུར་འཕུར་དང་ཨམ་གཙིགས་བསྡམ་ཀྱིན་དོན་དག་གལ་ཆེན་ཞིག་ལ་གཟབ་ནན་གྱིས་འཇུག་གི་ཡོད་པ་ལྟ་བུའི་རྣམ་འགྱུར་ཞིག་སྟོན་གྱིན་ཁ་པར་བླངས་ཏེ། ཧ་ལོའོ་་་་་་་ཁྱེད་རང་སུ་ཡིན་ནམ་་་་་་་་་ཞེས་བརྗོད་སོང་། དེ་ནས་ཁོས་ཁ་པར་ལ་ཉན་ཞོར། ཨཱ་ལས། བསྟན་འཛིན་སྒྲོལ་མ་ཡིན་པས་་་་་ཁྱེད་རང་ད་ལྟ་ག་པར་ཡོད་་་་་་ཨཱ་ལས་་་་བྱས་ན་དེ་གར་འཁྱུག་ཙམ་སྒུག་ཨཱ་་་་་་ངས་ད་ལྟ་རང་ལེན་དུ་ཡོང་ཆོག་ལཱོ། ཞེས་ལན་བཏབས། ཁོ་པས་ལམ་སེང་སྒོ་རྒྱབ་ཀྱི་ཤེལ་སྒོའི་མདུན་དུ་མཆོངས་ཏེ་དཔུང་པ་གཉིས་སིག་ཙམ་སིག་ཙམ་དང་། སྤྱི་གཙུག་དང་ལྟག་རྒྱབ་ཀྱི་སྐྲ་བྱིངས་ལས་ཅུང་ཟད་རིང་པོར་བཞག་ཡོད་པའི་དཔྲལ་མཚམས་ཀྱི་སྐྲ་ལོ་ལག་གཉིས་ཀྱིས་ཡར་མར་བྱུག་ཙམ་བྱུག་ཙམ་བྱེད་ཀྱིན་ཁོ་བོར་ཁ་ཕྱོགས་ནས་གང་འདྲ་འདུག་གམ་ཟེར་ཏེ་ཅུང་ཟད་འཚབས་བཞིན་པའི་ཟོལ་གྱིས་དྲིས། ངས་མཐེ་བོང་གནམ་ལ་ཀེར་ཏེ་རྫིག་ཐག་ཆོད་འདུག་ཟེར་བ་ལྟ་བུའི་རྣམ་འགྱུར་ཞིག་བསྟན་པར། ཁོ་པས། འགྲིག་ག བྱས་ན་ཏོག་ཙམ་སྒུག་ཨཱ། ངས་མགྱོགས་པོར་ཡོང་ཆོག་ཟེར་ནས་སྒོ་རྡག་སྒྲ་དང་བཅས་ཏེ་འཐེན་ནས་ཕྱིར་རྒྱུག་སོང་།
སྐྱེས་པ་ཞིག་གིས་བུད་མེད་ལ་བཅངས་པའི་ཚོར་བ་དང་བུད་མེད་ཅིག་གིས་སྐྱེས་པར་བཅངས་པའི་སེམས་ཚོར་འདི། རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ཚོར་བ་ཁྲི་འབུམ་གྱི་ཆ་ཤས་ཆུང་ངུ་ཞིག་ལས་གཞན་ཅི་ཡང་མིན་མོད། ཚོར་བ་འདིའི་སྒུལ་ཤུགས་ནི་རྒྱ་མཚོའི་རླུང་རླབས་དྲག་པོའི་སྒུལ་ཤུགས་ལས་ཀྱང་ཆེ་བ་ཡོད། ཕལ་ཆེར་ཁོ་པར་མཚོན་ན་ཆེས་གློ་བུར་བ་ཡིན་པའི་ཚོར་བ་འདིའི་སྒུལ་ཤུགས་ཀྱིས་དེད་འགོ་བརྩམས་ཟིན་པ་འདྲ། ང་ཡང་ཁོ་པའི་ངོ་ཤེས་བུ་མོ་དེ་ཇི་འདྲ་ཞིག་ཡོད་ན་ཨང་སྙམ་གྱི་སེམས་ཚོར་དང་བལྟ་འདོད་ཀྱི་ཚོར་བ་སྣ་ཚོགས་ཀྱི་ཟིང་ལོང་ཁྲོད་སྒུག་བཟོད་མི་ཐུབ་པ་ལྟར་གྱུར། སྐར་མ་བཅུ་ཙམ་གྱི་རྗེས་སྒོ་བརྡུང་བྱུང་། ཁོ་པར་ཁག་ཅི་ཡོད། ཁོ་བོར་ཡང་བུ་མོ་ཞིག་ཐུག་གི་ཡོད་པའི་དབང་གིས་འཚབ་སྣང་དང་དགའ་སྣང་གི་སྣང་བ་གློ་བུར་བ་འགས་ཁོ་པའི་མལ་ཁྲིའི་ཐོག་ནས་ཡར་ལངས་དགོས་པ་བྱུང་།
དང་ཐོག་ཁོ་པ་ཡར་འཛུལ་བྱུང་ཞིང་། ཁོ་པས་རྩེད་མཚར་དང་དགོད་བྲོའི་ཟོལ་གྱིས་ལག་གཉིས་ཀྱིས་གུས་བསུའི་ཕྱག་རྒྱ་ཞིག་དང་བཅས་ཁ་ཕྱིར་སློག་གིས། ཡར་ཕེབས་གནང་གོ་་་་་ཞེས་བརྗོད་སོང་། བཀྲ་ཤིས་ནི་དེ་འདྲ་མ་བྱེད་དང་་་་་ཞེས་ཅུང་ཟད་འཛེར་སྐད་གྱི་རྣམ་པ་ལྡན་པའི་སྐད་ངག་དང་དགོད་སྒྲ་འབྱིན་གྱིན་ཁོ་པའི་སྡོད་ཤག་ཏུ་འཛུལ་ཡོང་བའི་བུ་མོ་དེ་ནི་ངས་བདུན་ཕྲག་གཅིག་ཙམ་གྱི་སྔོན་བོད་ཀྱི་ཐབ་ཚང་ཟེར་བའི་ཟ་ཁང་དེ་ནས་མཐོང་མྱོང་བའི་བུ་མོ་ཞིག་ཏེ། སྐབས་དེ་དུས་ཁོ་མོ་ཟ་ལེར་རྒྱ་སྐྲ་རིང་ཞིག་དང་མཉམ་དུ་ཟ་ཁང་ལས་ཕྱིར་ཐོན་པ་མཐོང་། ངའི་འཚབ་སྣང་དང་དགའ་སྣང་རིམ་བཞིན་ཡལ་ཏེ། བདུན་ཕྲག་གཉིས་ཙམ་གྱི་སྔོན་རོལ་དུ་གླིང་སྐོར་གྱི་ལམ་ཁཪ་མཐོང་མྱོང་བའི་གདན་སའི་གྲྭ་ལོག་དེ་དང་བོད་ཀྱི་ཐབ་ཚང་ནང་གི་ཟ་ལེར་རྒྱ་དེ། ད་དུང་ཁོང་གཉིས་ཀྱི་མཉམ་དུ་ཡོད་པའི་བུ་མོ་དེ་རིམ་པར་དྲན་གསོས་པར་གྱུར། ཁོ་མོས། བཀྲ་ཤིས་བདེ་ལེགས། ཁྱེད་རང་བཀྲ་ཤིས་ཀྱི་ངོ་ཤེས་ཡིན་པས། ཞེས་དྲིས་བྱུང་། ངས་ཀྱང་། ཡིན། ང་བཀྲ་ཤིས་ཀྱི་གྲོགས་པོ་ཡིན། ང་གཉིས་སྐྱེས་ཡུལ་གཅིག་པ་དང་ཆུང་དུས་མཉམ་དུ་སློབ་གྲྭར་འགྲོ་མྱོང་ཡོད་ཅེས་ལན་བཏབས།
ཁོ་མོས་བཤད་ན། སྐབས་དེར་ཁོ་མོ་གངས་སྐྱིད་དུ་ཡོད་པའི་སྲུ་མོ་ལགས་ཤིག་ཐུག་ཏུ་ཡོང་ཡོད་པ་དང་། བདུན་ཕྲག་རྗེས་མར་རྡེར་རྡུན་བདེ་སྐྱིད་གླིང་དུ་ཨ་ཅག་ལགས་ཐུག་ཏུ་འགྲོ་རྒྱུ་ཡིན་ཟེར། ང་ཚོས་བཀྲ་ཤིས་ཀྱིས་སྔོན་ཚུད་ནས་གྲྭ་སྒྲིག་བྱས་ཡོད་པའི་ཞོག་ཁོག་སྲེག་བརྔོས་དང་འཐུང་ཆུ་མངར་མོ་སོགས་འཐུང་གིན་ལབ་གླེང་བྱས་ཏེ་དུས་ཡུན་གང་འཚམ་བར་བསྡད། བར་མཚམས་ཤིག་ནས་བཀྲ་ཤིས་ཀྱིས་རྣམ་འགྱུར་སྟོན་སྟངས་ཤིག་གིས་ཁོ་བོར་གོ་དོན་ཞིག་བརྡ་སྤྲོད་ཀྱིན་ཡོད་པ་ཚོར། ངས་ཀྱང་བསམ་ཤེས་ཀྱིས། ད་ང་འགྲོ་རན་གྱི་འདུག ཁྱེད་གཉིས་ལྷོད་ལྷོད་ཀྱིས་ཁ་བརྡ་གློད་རོགས། རྗེས་སུ་ཐུག་ཡོང་ཞེས་བཤད་དེ་ཕྱིར་ཐོན་པ་ཡིན།
ལམ་བར་དུ་བུ་མོ་དེའི་སྐད་ཆའི་ཤོད་རྩལ་དང་ལང་འཚོའི་འཕེལ་བ་རྫོགས་པའི་གཟུགས་པོ། ལྷག་པར་བྲང་ངོས་ནས་འབུར་གཟུགས་སུ་དོད་འོང་པའི་མྱོས་བུམ་སོགས་སེམས་ལ་དྲན་གྱིན། གླིང་སྐོར་ནང་གི་གྲྭ་ལོག་དེ་དང་ཟ་ལེར་རྒྱ་དེ། བཀྲ་ཤིས་བཅས་ཀྱི་ངོ་གདོང་སོགས་སེམས་ལ་འཆར་གྱིན་རང་གི་སྡོད་ཤག་ཏུ་འབྱོར།
སྤྱི་ལོ་ ༢༠༠༩ ཟླ་བ་ ༩ ཚེས་ ༡ ཉིན་རྡ་ས་མེག་གྷན་གུ་དུང་ཁྲོམ་སྲང་ནང་།
སྤྱི་ཟླ་དགུ་པའི་ཚེས་གཅིག་ཉིན་མེག་གྷན་དུ་རྒྱ་གར་ཡུལ་པ་ཚོས་འཚོང་འདུས་འཚོགས་ཀྱི་ཡོད་སྟབས་ངས་བཀྲ་ཤིས་ལ་ཁ་པར་བཏང་སྟེ་འཁྱམ་ཉུལ་བྱེད་དུ་འགྲོ་དགོས་སྐོར་བཤད་པ་ཡིན། མེག་གྷན་སུམ་མདོ་དེར་ངེད་གཉིས་ཐུག་ཅིང་། ཁོ་པའི་ངོ་མདངས་ལས་སུན་སྣང་གི་ཉམས་ཅུང་ཟད་མངོན་གྱི་འདུག ངས་ཁོ་པར། མི་སྐྱིད་པ་འདྲ་འདུག་གམ་ཞེས་དྲིས་པར། ཁོས། བསྟན་འཛིན་སྒྲོལ་མ་མོ་ཕྱིན་རྗེས་ཕར་ཁ་པར་བཏང་ཡང་འགྲོ་གི་མི་འདུག ཚུར་ཡང་བཏང་མ་སོང་། ཁྱད་མཚར། ག་རེ་བྱས་པ་ཡིན་ནཱ། ཞེས་ངའི་དྲི་བའི་ལན་འདེབས་ལྟ་བུར་ཁེར་བཤད་བརྒྱབས། ངས། ཨཱ་ལས། ཁ་པར་གཅིག་ཀྱང་བཏང་མ་བྱུང་ངམ་ཞེས་དྲིས། ཁོས། རྩ་བ་བཏང་མ་བྱུང་ཟེར། ངས། གཅིག་བྱས་ན་ཁ་པར་བོར་བརླགས་སུ་སོང་ཡོད་མདོག་ཁ་པོ་རེད། ཅེས་བརྗོད་ཞོར་ལམ་ཟུར་གྱི་གཡོན་ཕྱོགས་སུ་ལྕགས་ཀྱི་ཨ་ལོང་འཕངས་ཏེ་འཁྲུས་རྫས་དང་ཤོག་སྒོར་སོགས་འཐོབ་ཐབས་བྱེད་པའི་རྩེད་མོ་དེ་རྩེ་རྒྱུ་བྱས། ཁོ་པས་སྒོར་ཉི་ཤུས་ལྕགས་ཀྱི་ཨ་ལོང་བཞི་ཉོས་ཏེ་ལྔ་བཅུ་ལོར་ཞིག་གི་སྟེང་རེ་རེ་བཞིན་འཕངས་སོང་ཡང་ཨ་ལོང་གཅིག་གིས་ཀྱང་ལྔ་བཅུ་ལོར་དེར་འཁོན་མ་ཐུབ། རྡ་སའི་ཆར་དུས་རེ་ཞིག་མཇུག་བསྡུས།
སྤྱི་ལོ་ ༢༠༠༩ ཟླ་བ་ ༡༠ ཚེས་ ༢༣ རྡ་སའི་རི་མགོ་ཞིག་ན།
ད་ནི་དྷུ་ལ་དྷར་གྱི་རི་མགོར་ཁ་བའི་ཚོམ་བུ་ཡང་ཅུང་ཟད་བབ་ཟིན་མོད། རྡ་སའི་གྲོང་སྡེ་འདིར་སྔ་དགོང་གི་བསིལ་རླུང་དེ་མ་གཏོགས་གཞི་རྩའི་གནམ་གཤིས་ཀྱི་དྲོད་ཚད་གྲང་མཐར་ལྷུང་མེད། ༸གོང་ས་མཆོག་ནས་ལོ་ལྟར་འཁྲིད་སྲོལ་ཡོད་པ་ལྟར་ལོ་དེའི་ཀོ་རི་ཡའི་གསུང་ཆོས་དེ་ཡང་འཚུགས་གྲབས་ཡོད་ལ། གསུང་ཆོས་མ་ཚུགས་པའི་ཉིན་གཉིས་ཀྱི་སྔོན་ང་རང་ལྡི་ལིར་སྦྱིན་བདག་དབྱིན་ཇི་རྒན་མོ་དེ་བསུ་བར་འགྲོ་དགོས་ཀྱི་ཡོད། ཁོ་མོ་༸གོང་ས་མཆོག་ལ་དད་གུས་བོད་པ་ལས་ཀྱང་ལྷག་ཙམ་བྱེད་མཁན་ཞིག་ཡིན་ཅིང་། འཁོམ་པ་ཡོད་དུས་དང་གཟུགས་གཞི་བདེ་དུས་རྡ་སར་གསུང་ཆོས་ཆེད་ཡོང་གི་ཡོད། ངས་ཁོ་མོའི་བསུ་སྐྱེལ་ཆེད་ལྡི་ལིའི་གནམ་ཐང་གི་སྒོ་ཁར་ཐེངས་ག་ཚོད་ལ་ཕྱིན་པ་གྲངས་ཚོད་ཅིག་མེད། ངས་ཉི་མ་མེ་ལས་ཚ་བའི་ལྡི་ལིའི་དབྱར་གཞུང་གི་དུས། རྐང་གསུམ་འཁོར་ལོའི་ནང་བསྡད་དེ་མདུན་ཐད་ཀྱི་གཞུང་ལམ་ནས་འཚུབ་འོང་པའི་ཚ་རླུང་མེ་ལྕེ་འབར་བ་ལྟ་བུའི་གདོང་ཐད་དུ་རྒྱུག་གིན་ཁོ་མོ་བསུ་བར་འགྲོ་མྱོང་ལ། ལྕགས་ཐབས་ཀྱི་ཚ་ངར་དང་ཁྱད་མེད་པའི་གནམ་ཐང་ཕྱི་རོལ་གྱི་རྡོ་སྐས་སྟེང་འཕོངས་བཞག་སྟེ་ཆུ་ཚོད་དང་ཆུ་ཚོད་ཀྱི་རིང་ཁོ་མོ་སྒུག་པ་ཉུང་ཉུང་མིན། འོན་ཀྱང་ང་གསོག་སྒར་སློབ་གྲྭར་ཡོད་དུས་ཀྱི་ངའི་ཡ་ང་དང་སྐྱོ་ཉམས་ཀྱི་མདོག་རིས་སྐྱོ་པོར་དམིགས་པའི་ཁོ་མོའི་དྲོད་ཁོལ་གྱི་སྙིང་རྗེ་དང་གཟིགས་སྐྱོང་དེ་དྲན་དུས་ལྡི་ལིའི་ཚ་ངར་ལ་མི་བཟོད་པའི་བསམ་པ་དག་ཆུ་འཁྱགས་བཞིན་བཞུར་གྱིན་ཡོད།
སྤྱི་ལོ་ ༢༠༠༩ ཟླ་བ་ ༡༠ ཚེས་ ༢༥ ཞོགས་པ་ལྡི་ལི་མ་ཇུ་ཊི་ལར།
ང་གཉིད་མ་སད་ཀྱིས་རླངས་འཁོར་ལས་བབ་དུས་རླངས་འཁོར་གྱི་སྒོ་ཁར་ངའི་གྲོགས་པོ་བསྟན་འཛིན་གྱིས་སྒུག་ནས་འདུག བསྟན་འཛིན་གྱི་འཛུམ་མདངས་དང་མ་ཇུ་ཊི་ལའི་ལམ་ཟུར་གྱི་དྲི་ངན་དང་དུ་འཐུལ་སོགས་ཀྱིས་མཉམ་གཅིག་ཏུ་ཁོ་བོར་མགྲོན་བསུ་བྱས། ཟླ་ཤས་རིང་མ་མཐོང་བའི་བསྟན་འཛིན་གྱི་བུ་མོ་བདེ་སྐྱིད་ཀྱི་འཚར་ལོངས་ལ་མངོན་གསལ་དོད་པོའི་འགྱུར་ལྡོག་བྱུང་འདུག་ཅིང་། སྐྱེས་ནས་ཟླ་བ་བཞི་ཙམ་ལས་ཕྱིན་མེད་པའི་བུ་མོ་གཉིས་པ་དེའི་ངོ་རིས་ཀྱང་བདེ་སྐྱིད་དང་འདྲ་སེ་འདུག ཨ་ཅག་པདྨ་ནི་བུ་མོ་དེ་གཉིས་ཀྱི་ཨ་མ་ཡིན་ཅིང་། ང་བསླེབས་དུས་ཁོ་མོས་ཞོགས་ཇ་ཞིམ་པོ་ཞིག་གྲྭ་སྒྲིག་བྱས་འདུག ཨ་ཅག་པདྨས་ཞོགས་ཇ་འདྲེན་ཞོར། ལོ་འདིའི་ནང་བསྟན་འཛིན་ལངས་སྔ་ཤོས་ཀྱི་ཉིན་མོ་དེ་དེ་རིང་ཡིན། སྔོན་མ་ཆང་ས་མ་བརྒྱབས་སྔོན་ང་ལ་ཚུར་ཞོགས་ཇ་སྤྲོད་ཀྱི་ཡོད། དེང་སང་ཕྲུ་གུའི་ཨ་མ་ཆགས་དུས་ཞོགས་ཇ་ཉལ་སའི་ནང་ཕར་སྐྱེལ་དགོས་ཀྱི་འདུག་ཅེས་ཟུར་ཟའི་ཚུལ་གྱིས་བཤད། ངས། ངོ་མ་བྱས་ན་ཕྲུ་གུའི་ཨ་མ་ཆགས་ཚར་དུས་བལྟ་རྟོག་སྔོན་མ་ལས་ཀྱང་ཡག་ག་བྱེད་དགོས་ཀྱི་རེད་པཱ་ཞེས་བཤད་པར། བསྟན་འཛིན་གྱིས། སྐྱེས་སྨན་གྱིས་ཁྱོ་གར་ཞབས་ཕྱི་ཞུ་རྒྱུ་འདི་ང་ཚོ་བོད་པའི་རིག་གཞུང་ཡིན་པཱ་ཞེས་ངར་ངར་གྱིས་བཤད་སོང་།
ཕྲུ་གུའི་ངུ་སྐད་དང་བསྟན་འཛིན་དང་པད་མའི་བར་ནམ་ཡང་མཚམས་འཇོག་མི་བྱེད་པའི་ཟུར་ཟ་ལྟ་བུ། དགོད་བྲོ་ལྟ་བུ། འཁྲུགས་རྩོད་ལྟ་བུ། རྩེད་མོ་ལྟ་བུ། དངོས་ཡོད་ལྟ་བུའི་ཚིག་འཁྲི་དང་རྩོད་པས་རེ་ཞིག་ཁོ་བོ་སུན་པར་བྱས། ཉིན་དགུང་ཁ་ལག་ཟ་ཁང་དུ་བཟའ་རྒྱུ་བྱས་པ་ཡིན། བློ་གསལ་གླིང་མགྲོན་ཁང་གི་ཤ་སྲེག་དེ་བྲོ་བ་ཧ་ཅང་ཆེ་སྟབས་རྡ་སར་ཡོད་དུས་ནས་ཟ་རྔམས་ལངས་ཡོད། ངས་ཁོང་གཉིས་ལ་བློ་གསལ་གླིང་ཟ་ཁང་དུ་འགྲོ་རྒྱུའི་སྐུལ་སློང་བྱས། ང་ཚོ་ཟ་ཁང་དུ་འབྱོར་དུས་ལ་དྭགས་ནས་ཡིན་པའི་ངའི་ངོ་ཤེས་བསོད་ནམས་དོན་གྲུབ་ཀྱང་དེར་བསླེབས་འདུག ཁོ་པ་ལ་དྭགས་སུ་ཡུལ་སྐོར་སྤྲོ་འཆམ་པའི་སྣེ་ཤན་བྱེད་ཀྱི་ཡོད་ལ། སྐབས་སྐབས་སུ་ཡུལ་སྐོར་བ་འཁྲིད་དེ་རྡ་སར་ཡང་ཡོང་གི་ཡོད། ཐེངས་ཤིག་ཁོ་པ་རྡ་སར་བསླེབས་དུས་ངས་རྒྱུས་ཡོད་བྱས་ཏེ་དཔེ་མཛོད་དང་བོད་ཁྱིམ། ནོར་གླིང་སོགས་སུ་ཡུལ་སྐོར་བ་སྣེ་འཁྲིད་ཀྱི་རོགས་འདེགས་བྱས་པའི་སྐབས་ཤིག་ནས་ངེད་གཉིས་ངོ་ཤེས་ཆགས། ཟ་མ་གྲུབ་རྗེས་སྲང་ལམ་གྱི་མཐའ་ན་ཡོད་པའི་ཇ་ཁང་ཞིག་ལས་ཇ་མངགས། ངེད་གཉིས་ཀྱིས་ཇ་འཐུང་ཞོར་དང་ལབ་གླེང་བྱེད་ཞོར་ཡར་འགྲོ་མར་འགྲོའི་འགྲུལ་པ་སྤྱི་དང་ལྷག་པར་ཕྱོགས་མཐའ་འདྲ་མིན་ནས་ཕེབས་པའི་མཛེས་མ་ཚོའི་འགྱིངས་འགྲོས་ལ་འཛེམས་ཟོན་དང་ངོ་ཚ། འཚེར་སྣང་སོགས་ཡོངས་སུ་དོར་དེ་རྒྱུན་རིང་པོའི་བར་བལྟས་ཏེ་ལེགས་ཉེས་ཀྱི་བཤད་པ་བྱེད་ཀྱིན་བསྡད།
ཚེས་ ༢༥ ཉིན་རྒྱབ་མ་ཇུ་ཊི་ལའི་ཞི་བདེ་མགྲོན་ཁང་ནང་།
བསོད་དོན་འདི་དེང་སང་དཔལ་འབྱོར་གྱི་རླུང་རྟ་ཡར་འགྲོའི་སྐབས་ཡིན་པ་འདྲ། མགྲོན་ཁང་གི་ཉལ་ཁྲིའི་སྟེང་ད་ལྟ་ཐོན་གསར་ཡིན་པའི་གློག་ཀླད་དང་ལག་ཐོག་ཁ་པར་སོགས་ཅ་དངོས་གོང་ཅན་ཆེས་མང་པོ་ཞིག་སྣང་མེད་དུ་བཀྲམས་འདུག ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ཐོན་གསར་དེའི་སྲབ་ཐུག་ནི་མགྲོན་ཁང་གི་སྒེའུ་ཁུང་ཤེལ་སྒོའི་སྲབ་མཐུག་ཙམ་ལས་མི་འདུག གློག་ཀླད་དེ་འདྲ་ཞིག་བདག་དུ་བཟུང་འདོད་ཀྱི་རྔམས་སེམས་ཤུགས་དྲག་ཅིག་སྐད་ཅིག་དེ་མུར་སྐྱེས། དོ་དགོང་སྦྱིན་བདག་བསུ་བར་བསྐྱོད་སྐབས་ཁོ་མོར་དེའི་སྐོར་གྱི་གོ་རྒྱུ་ཡོད་པའི་ལབ་གླེང་ཞིག་ཀྱང་བྱེད་རྒྱུའི་འཆར་སྒོ་ཞིག་དེ་མ་ཐག་བློར་འཁོར། ངས་གློག་ཀླད་ཁ་ཕྱེ་ནས་ཕྱི་ནང་གི་རྒྱུ་ཆར་བལྟ་སྐབས། བསོད་དོན་གྱིས། དེའི་ནང་ཉེ་ཆར་ལ་དྭགས་སུ་ཡུལ་སྐོར་བ་དང་མཉམ་དུ་བརྒྱབས་པའི་པར་འགའ་ཤས་ཡོད། གང་འདྲ་འདུག་ལྟོས་དང་ཟེར། ངས་རྩེད་མཚར་གྱིས། ཤིང་དང་རྩ་ལྗང་ཙམ་ཡང་མཐོང་དུ་མེད་པའི་ཐལ་སྐྱ་འཕྱུར་བའི་ལུང་པ་ཞིག་གི་པར་ག་པར་བལྟ་གི་རེད་ཅེས་བཤད་ཞོར་ཅོག་ངོས་[Desktop]ཐོག་གི་པར་སྣོད་ཁག་བསྔོག་འགོ་བརྩམས།
འདྲ་པར་རྣམས་རིམ་པར་བསྔོག་བཞིན་པའི་སྐབས་ཤིག་ལ་སེང་གེ་གཙང་པོའི་ཉེ་འགྲམ་ནས་ཕྱི་རྒྱལ་ཡུལ་སྐོར་བ་འགའ་ཞིག་དང་བསོད་དོན་ཁོ་རང་། དེ་མིན་ཕོ་གསར་འགའ་ཞིག་བཅས་མཉམ་དུ་བླངས་པའི་པར་ཞིག་གི་སྟེང་ནས། གསར་བུ་ཞིག་གི་ལག་གཡས་པས་རང་གི་གཞོགས་ངོས་གཡས་པའི་བྲང་ཁ་དང་མཆན་ཁུང་གི་མཚམས་སུ་ཚུར་བསྙེས་ཤིང་འཐེན་ཡོད་པའི་བུ་མོ་ཞིག་གི་འདྲ་གཟུགས་མཐོང་། བུ་མོ་དེའི་འདྲ་གཟུགས་མཐོང་བའི་དེ་མུར་སྔར་རྡ་སའི་གླིང་སྐོར་ནས་མཐོང་བའི་གདན་སའི་གྲྭ་ལོག་དེ་དང་། བོད་ཀྱི་ཐབ་ཚང་ནས་མཐོང་བའི་ཟ་ལེར་རྒྱ་དེ། ངའི་གྲོགས་པོ་བཀྲ་ཤིས་བཅས་ཀྱི་གདོང་རིས་དྲན་ཞིང་ཁོང་ཚོ་དང་མཉམ་དུ་ལབ་གླེང་བྱེད་པ་མཐོང་མྱོང་ཞིང་། འཛེར་སྐད་ཀྱི་རྣམ་པ་ཅུང་ཟད་ལྡན་པའི་ངག་གིས། ཁོ་བོར། ཁྱེད་རང་བཀྲ་ཤིས་ཀྱི་ངོ་ཤེས་ཡིན་པས། ཞེས་འདྲི་མཁན་གྱི་བུ་མོ་ཞིག་གི་ངོ་གདོང་ལྷམ་གྱིས་དྲན་སོང་། སྟོད་གོས་ལྗང་ཁུ་དེ་མ་གཏོགས་ངས་ཟླ་ཤས་སྔོན་རྡ་སར་མཐོང་མྱོང་བའི་བུ་མོ་དེའི་གུ་དུང་དང་འཇུར་རྟ་སོགས་གཅིག་མཚུངས་བུ་མོ་འདིས་གྱོན་འདུག་ཅིང་། ངོ་གདོང་གི་བཟོ་ལྟ་དང་ཤ་མདོག་སོགས་ལུག་པར་གཅིག་ནས་བཏོན་པའི་སྐུ་འདྲ་ལྟ་བུ་ཞིག་རེད། རེད། ཏན་ཏན་མོ་རང་རེད། བསྟན་འཛིན་སྒྲོལ་མ་རང་རེད།
ངས་བྲེལ་འཚབ་ཀྱིས་བསོད་དོན་ལ་ཕྱོགས་ཏེ། བུ་མོ་འདི་སུ་རེད། ཅེས་དྲིས། ཁོ་པས། བསྙད་བརྐོའི་ཟོལ་གྱིས། བུ་མོ་མ་གཏོགས་མཐོང་གི་མི་འདུག་ཀས། ཞེས་ལན་བཏབས་སོང་། དེ་དུས་ངའི་སེམས་སུ་བུ་མོ་དེའི་ཉེ་འགྲམ་གྱི་གསར་བུ་དེ་གཅིག་ཏུ་ན་བསོད་དོན་གྱི་ངོ་ཤེས་སམ་གཉེན་ཚན་འདྲ་ཡང་ཡིན་སྲིད་པ་དང་། བུ་མོ་འདིས་གསར་བུ་དེའི་གཞོགས་ངོས་སུ་འདི་ལྟར་བསྙེས་ནས་སྡོད་ལུགས་ལ་བལྟས་ན། ངས་ཤེས་པའི་ཁོ་མོའི་རྡ་སའི་གནས་ཚུལ་རྣམས་ལམ་སེང་བསོད་དོན་ལ་འགྲེལ་བཤད་རྒྱག་པ་སྟབས་བདེ་པོ་ག་ལ་ཡོད། ངས། མ་རེད། སྙིང་རྗེ་པོ་ཞིག་འདུག་ཅེས་བཤད་པར། བསོད་དོན་གྱིས། ངས་ཤེས་ཀྱི་མེད། སྐབས་དེ་དུས་ང་ཚོ་ཡུལ་སྐོར་ལ་འགྲོ་དུས་པར་རྒྱག་ས་དེར་ཐུག་པ་རེད་ཟེར། ངས་མུ་མཐུད་དེ། འོ་ན་བུ་དེ་ཚོ་སུ་རེད་ཅེས་དྲིས། ཁོ་པས། ཉལ་ཁྲིའི་ཕར་ངོས་དེ་ནས་ལྟོ་ཕད་ནག་པོ་ཞིག་གི་ཁ་བསྔོག་གིན། ཁོང་ཚོ་ལྕོག་ལམ་སའི་བོད་པའི་གཞིས་ཆགས་ནས་མིན་འགྲོ། གཅིག་ངས་ཏོག་ཙམ་ངོ་ཤེས་ཀྱི་ཡོད་ཅེས་བཤད། སྐབས་དེ་དུས་རྒྱུ་མཚན་གསལ་པོ་ཞིག་ང་རང་གིས་ཀྱང་མི་ཤེས་མོད། གང་ལྟར་ཁོ་བོའི་སྙིང་གི་གཏིང་རིམ་ཞིག་ནས་གང་ཞིག་ད་ལྟ་རང་རྩད་ཆོད་པ་དགོས་སྙམ་ལྟ་བུའི་ཚོར་བ་དྲག་པོ་ཞིག་འཇགས་ཐབས་མེད་པར་འཕྱུར་ཡོང་གིན་འདུག ངས། བསོད་དོན་ལ། ཁྱོད་ཚུར་ཤོག་དང་། ངོ་ཤེས་དེ་སུ་རེད། མིང་ག་རེ་རེད། ཅེས་ཚོར་ཤུགས་ཤིག་དང་བཅས་དྲིས་པར། བསོད་དོན་གྱིས། ཁྱོད་ག་རེ་རེད། དེ་འདྲའི་གལ་ཆེ་མདོག་ཁ་པོ། བུ་མོ་དེ་ངོ་ཤེས་ཀྱི་ཡོད་མ་རེད་པཱ་ཞེས་བཤད་ཞོར་པར་དེའི་ངོས་ཀྱི་གཡོན་ཕྱོགས་དུ་ཡོད་པའི་ངོ་གདོང་སྨུག་ནག་གི་ཐོག་ཨ་ར་ཅུང་རིང་པོ་སྐྱེས་ཡོད་པའི་གསར་བུ་སྐམ་ཀྲོང་ཞིག་ལ་མཛུབ་མོ་བཙུགས་ཏེ། ཁོ་རེད། ཡིན་ནའི་ཁོའི་མིང་ངས་མི་ཤེས་ཟེར། ངས། ད་ལྟ་ཁོ་གང་དུ་ཡོད་དམ་ཞེས་དྲིས། བསོད་དོན་གྱིས། ཁོ་པ་ལ་དྭགས་བོད་ཁྱིམ་གྱི་རླངས་འཁོར་གཏོང་མཁན་རེད་ཟེར།
སྤྱི་ལོ་ ༢༠༠༩ ཟླ་བ་ ༡༡ ཚེས་ ༢༣ སྔ་དྲོ་དགུ་བཅུ་གསུམ་ཉེ་འཁྲིས་ཀྱི་རང་གི་སྡོད་ཁང་ནང་།
ཁ་པར་གྱི་དྲིལ་བརྡ་ཞིག་ཁོ་བོའི་གུ་དུང་གི་ཁུག་མའི་ནང་ནས་སིང་སིང་དུ་གྲགས་ཀྱིན་འདུག ཕྱིར་བཏོན་ཏེ་བལྟ་དུས་ལ་དྭགས་མཚན་ཉིད་སློབ་གྲྭར་ཡོད་པའི་ངའི་གྲོགས་པོ་ཀུན་བཟང་དཔལ་ལྡན་གྱིས་གཏོང་གི་ཡོད་པ་ཤེས། ངས། ད་ག་རེ་བྱས་སོང་ཞེས་སུན་པའི་ཉམས་ཀྱིས་དྲིས་པར། ཁོ་པས་བུ་མོ་དེ་ཁྱོད་རང་གིས་ སྤྱི་བཤད་པའི་སྦེལ་ཀོབ་གཞིས་ཆགས་ཀྱི་བསྟན་འཛིན་སྒྲོལ་མ་ཟེར་བ་དེ་རེད་མི་འདུག ཁོ་མོ་ཧོན་སུར་གཞིས་ཆགས་ནས་རེད་འདུག མིང་ལ་སྐལ་བཟང་ཟེར་གྱི་འདུག ཁ་ས་སྔོན་མ་ནས་གཞིས་ཆགས་ལ་ལོག་ཟིན་འདུག་ཅེས་བཤད། སྤྱི་ཟླ་ ༡༠ ཚེས་ ༢༥ ཉིན་མ་ཇུ་ཊི་ལའི་མགྲོན་ཁང་ནས་གྲོགས་པོ་བསོད་དོན་གྱི་པར་དེ་མཐོང་བའི་རྗེས་ཀྱི་སྐར་མ་འགའ་ཞིག་གི་མཇུག་ནས། སྤྱི་ཟླ་ ༡༡ པའི་ཚེས་ ༢༣ བར་ངས་གྲོགས་པོ་ཀུན་བཟང་དཔལ་ལྡན་ལ་ཡར་ཁ་པར་ཐེངས་ཁ་ཤས་བཏང་ཞིང་ཁོ་པས་ཀྱང་མར་ཐེངས་འགའ་ཞིག་ལ་བཏང་སྟེ། ངེད་གཉིས་ཀྱིས་ལ་དྭགས་བོད་ཁྱིམ་གྱི་རླངས་འཁོར་ཁ་ལོ་བ་རྩད་འཚོལ་ནས་བརྩམས་ཏེ་བུ་མོ་དེ་དང་འབྲེལ་ཡོད་ཀྱི་མི་སྣ་འགའ་ཞིག་བར་གྱི་གནས་ཚུལ་གང་འཚམས་ཤིག་རྒྱུས་ལོན་བྱ་ཐུབ་པ་བྱུང་ཡོད། བུ་མོ་དེས་ལྕོག་ལམ་སའི་གཞིས་ཆགས་ཀྱི་བུ་བསྟན་འཛིན་རྡོ་རྗེའི་ཨ་ཁུའི་རོགས་རམ་འོག་ལ་དྭགས་བྱང་ཐང་དུ་ཡང་ཕྱིན་འདུག་ཅིང་། ཉིན་གྲངས་བཅུ་མ་ཟིན་ཙམ་རིང་བྱང་ཐང་དུ་བསྡད་ཡོད་འདུག མཐའ་མ་ངས་ཤེས་འདོད་བྱ་སའི་བུ་མོ་དེ་བསྟན་འཛིན་སྒྲོལ་མ་མིན་པར་ར་འཕྲོད། འོན་ཀྱང་ངས་ད་དུང་ཡང་ཡིད་ཆེས་གཙང་མ་ཞིག་བྱ་མ་ཐུབ་སྟབས་ཁོ་པར་ངོ་ཤེས་གཞན་ཞིག་བརྒྱུད་དེ་བུ་མོ་དེས་སྐད་ཆ་ཤོད་སྐབས་འཛེར་སྐད་བརྒྱག་གི་ཡོད་མེད་འདྲི་རོགས་ཞེས་མངགས་ཆ་བྱས།
ཀུན་བཟང་དཔལ་ལྡན་གྱིས་བསྟན་འཛིན་སྒྲོལ་མ་ངའི་གྲོགས་པོ་བཀྲ་ཤིས་ཀྱི་དགའ་རོགས་ཤིག་ཏུ་བསམ་གྱི་ཡོད་སྟབས། ད་ཐེངས་བར་ཁོས་དགུང་སེང་གི་སྐབས་མང་པོར་ལྕོག་ལམ་སའི་གཞིས་ཆགས་ཀྱི་ངོ་ཤེས་ཚོའི་ནང་དུ་རྒྱུ་འགྲུལ་བྱས་ཤིང་། ཁུལ་དེའི་ངོ་ཤེས་གསར་བུ་ཚོའི་མཉམ་འབྲེལ་བ་ཐེངས་མང་བྱས་ཏེ་བུ་མོ་དེ་སུ་ཡིན་པ་དང་བུ་མོ་དེ་དང་འབྲེལ་ཡོད་ཀྱི་བུ་སུ་ཡོད་མེད་སོགས་ལ་རྒྱུས་ལོན་བྱས། འོན་ཀྱང་དཀའ་ངལ་ཆེ་ཤོས་ནི་ལ་དྭགས་བོད་ཁྱིམ་གྱི་རླངས་འཁོར་ཁ་ལོ་བ་དེ་དང་འབྲེལ་བ་འཛུགས་པའི་བརྒྱུད་རིམ་ཁྲོད་བྱུང་ཡོད། རླངས་འཁོར་ཁ་ལོ་བ་དེའི་འགྲམ་ནས་བུ་མོ་དེ་སུ་ཡིན་པ་དང་ཁོ་མོ་སུ་དང་མཉམ་དུ་འབྲེལ་བ་ཡོད་མེད་ཀྱི་སྐོར་ཤེས་རྟོགས་ཡོང་རྒྱུར་ཉིན་གྲངས་བཅུ་གཅིག་འགོར་ཡོད།
སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༣ ཚེས་ ༡༦ གི་སྔ་དྲོ་བལ་ཡུལ་མཆོད་རྟེན་འགྲམ་གྱི་སྒྲོལ་མའི་ཁང་པར།
སིར་སྒྲ་དྲག་པོ་ཞིག་གིས་ང་རང་གཉིད་ལས་བསླངས་ཤིང་། མགོ་དགྱེ་ནས་བལྟ་དུས་ཆུ་ཚོད་ ༡༡ ཡོལ་ཟིན་འདུག ཐབ་ཚང་ནས་ཤ་དྲི་ཞིམ་པོ་ཞིག་ཁར་གྱིན་འདུག་ལ། pressure cookerགྱི་སིར་སྒྲ་མུ་མཐུད་དུ་རྒྱག་གིན་འདུག གང་འཚམ་ནས་ཐབ་ཚང་གི་སྒོ་ཁ་ནས་སྒྲོལ་མས་ལག་རས་ཀྱིས་ལག་པ་འཕྱིས་བཞིན་ཕྱིར་དོན་བྱུང་ལ། འཛུམ་མདངས་བཅོས་མིན་ཞིག་དང་བཅས། གཉིད་སྐྱིད་པོ་ཁུག་བྱུང་ངམ་ཟེར། ངས་གཉིད་སྐྱིད་པོ་བྱུང་། དོན་འགྲུབ་གང་དུ་ཕྱིན་སོང་ངམ་ཞེས་དྲིས། མོས། ཁོ་སྣེ་ལེན་ཁང་དུ་བོད་ནས་གསར་དུ་བསླེབས་པའི་སྤུན་མཆེད་དེ་ཁ་ལག་ལ་སྐད་གཏོང་དུ་ཕྱིན་སོང་། ད་བསླེབས་གྲབས་ཡོད་ཟེར་ཞོར་ལག་གཉིས་ཀྱིས་གང་ཞིག་སྐྱོར་གྱི་ཡོད་པའི་ཟོལ་གྱིས་ཆེས་འབུར་དུ་དོད་ཟིན་པའི་ལྟོ་བའི་གཡས་གཡོན་ནས་ཡར་སྦྱར་ཏེ་རྐུབ་སྟེགས་ཐོག་ལྷོད་ཀྱིས་བསྡད། ཁོ་མོས་སྤྲོ་སྣང་ཧ་ཅང་ཆེ་མདོག་གིས། ཟླ་བ་གཅིག་གི་རྗེས་ངའི་སྤང་ཁ་ནས་བུ་བསྟན་འཛིན་བཟང་པོའི་ངོ་གདོང་མཐོང་གི་རེད་ཟེར། བསྟན་འཛིན་བཟང་པོ་ནི་ཁོ་མོའི་ཁོག་པར་ཡོད་པའི་བུ་དེའི་ཁོག་མིང་རེད། ངས་གཉིད་རྒྱུན་རིང་པོ་ཉལ་ཡོད་པ་འདྲ། མ་གཞི་སྔ་ཉིན་གྱི་དགོང་མོ་མཚན་ཚོགས་ལ་ཕྱིན་ཏེ་ཐོ་རངས་ཆུ་ཚོད་ ༣ པར་མ་གཏོགས་ཉལ་རྒྱུ་བྱུང་མེད་སྟབས་ང་ལ་ཡང་ཁག་མེད།
སྒྲོལ་མ་སློབ་གྲྭ་སོགས་སུ་འགྲོ་མྱོང་མེད་སྟབས་ཡིག་རྩིས་སོགས་ཀྱི་ཤེས་ཡོན་མེད་ཀྱང་ལས་ཀར་ཧུར་བརྩོན་ཆེ་ཞིང་། ཁྱིམ་ཚང་ནང་དྲོད་འཁོལ་ལྡན་པའི་ཁོར་ཡུག་སྐྲུན་ཐུབ་མཁན་གྱི་བུ་མོ་ཞིག་རེད། ཁོ་མོ་ངའི་སྤུན་མཆེད་དོན་འགྲུབ་དང་གཉེན་སྒྲིག་བྱས་ཏེ་ལོ་ངོ་གཉིས་ཙམ་སོང་ཞིང་། ཁོ་བོར་དོན་འགྲུབ་དང་གཅིག་མཚུངས་ཀྱི་ལྟ་སྟངས་འཛིན་གྱི་ཡོད། ང་བལ་ཡུལ་དུ་ལོ་གསར་ལ་འགྲོ་རེས་བཞིན་ཁོང་གཉིས་ཀྱི་ནང་དུ་སྡོད་ཀྱི་ཡོད་ལ། དཔལ་འབྱོར་གྱི་མཐུན་རྐྱེན་དཀོན་སྐབས་ལག་དངུལ་ཡང་སློང་གི་ཡོད། འོན་ཀྱང་སྒྲོལ་མས་ཁོ་བོར་མི་དགའ་བ་བྱ་ས་གཅིག་ཡོད་པ་ནི། ཁོ་བོས་ལས་མེད་དུ་རྡ་སར་སྡོད་པ་དེ་རེད། ཁོ་མོའི་རེ་བར་མ་མཐའ་ཡང་ཁོ་བོས་ལས་ཀ་ཞིག་བྱེད་དགོས་ཤིང་། བྱུང་ན་ཁོ་མོའི་ཟ་ཁང་ནང་མཉམ་ལས་བྱས་ཏེ་སྡོད་དགོས་པའི་རེ་བ་བྱེད་ཀྱིན་ཡོད་པ་རེད། འོན་ཀྱང་ངའི་བསམ་བློའི་ནང་ས་གནས་གཅིག་ལ་ལས་ཀ་བསྒྲུབ་ནས་སྡོད་པ་ནི་བཙོན་ཁང་ཞིག་གི་ནང་སྡོད་ཀྱི་ཡོད་པ་དང་ཁྱད་པར་གཏན་ནས་མེད་པ་དེ་རེད།
སྤྱི་ལོ་ ༢༠༡༠ ཟླ་བ་ ༣ ཚེས་ ༡༦ གི་ཉིན་རྒྱབ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནང་།
ཉིན་དགུང་ཁ་ལག་བཟས་རྗེས་སྒྲོལ་མ་འཁྲིད་དེ་མཆོད་རྟེན་ལ་སྐོར་བ་རྒྱག་ཏུ་ཕྱིན། ངེད་གཉིས་ཀྱི་མཉམ་ཉེ་ཆར་བོད་ནས་བསླེབས་མ་ཐག་གི་སྒྲོལ་མའི་ཚ་བོ་འཕྲིན་ལས་ཀྱང་མཉམ་དུ་ཡོད། དེ་དུས་ཁོ་པ་སྣེ་ལེན་ཁང་དུ་ཡོད་ཅིང་། ཉིན་གསུམ་གྱི་རྗེས་རྒྱ་གར་ལ་ཐོན་མཁན་རེད། ཁོ་པའི་ལོ་ཚོད་ཀྱི་ཆ་ནས་སུ་ཇ་སློབ་གྲྭར་གཏོང་གཏན་འཁེལ་འདུག སློབ་གྲྭར་འགྲོ་བའི་བཀོད་བྱུས་འཐེན་མཁན་དེ་དོན་འགྲུབ་རེད། འཕྲིན་ལས་ཁོ་རང་གི་དགའ་མོས་ཀྱི་ཆ་ནས་བཤད་ན་གདན་སར་གྲྭ་པ་བྱེད་དུ་འགྲོ་རྒྱུ་དེ་ཡིན་ཟེར། ངས་ཀྱང་ཤེས་ཡོན་གལ་ཆེན་ཡིན་པ་ལས་གྲྭ་པ་བྱེད་རྒྱུ་གལ་ཆེན་མིན་པའི་དོན་འགྲུབ་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་བྱས། མཆོད་རྟེན་གྱི་སྐོར་ལམ་ནང་ཉི་མའི་ཚ་གདུག་ཀྱང་གང་འཚམ་ཆེ་ཞིང་། ལ་དྭགས་གནས་སྐོར་བ་ཁྱུ་གཅིག་གིས་གཙོས་སྐོར་བ་བྱེད་མཁན་ཡང་གང་འཚམ་འདུག སྒྲོལ་མ་རྡོ་སྐས་ཐོག་ཡར་འཛེགས་མར་འབབ་བྱ་རྒྱུར་ཅུང་ཟད་དཀའ་ངལ་ཡོད་སྟབས། འཕྲིན་ལས་ངེད་གཉིས་མཆོད་རྟེན་གྱི་བང་རིམ་སྟེང་མའི་ཐོག་ཏུ་སྐོར་བ་བྱེད་དུ་ཕྱིན། སྐོར་བ་གཉིས་པ་ཟིན་ཏེ་མཆོད་རྟེན་གྱི་ཤར་ཐད་དེར་བསླེབས་དུས། ངའི་མིག་ལམ་ནས་རྒྱུས་ཡོད་ལྟ་བུའི་བུ་མོ་ཞིག་སྐོར་ལམ་ཉེ་འཁྲིས་ཀྱི་འཚོང་ཁང་ཞིག་གི་སྒོ་ཁ་ལས་གྲྭ་པ་ཞིག་དང་མཉམ་དུ་འཐོན་ཡོང་བ་མཐོང་། ཞིབ་ཚགས་ཀྱིས་བལྟ་དུས་ཁོ་མོ་ནི་བསྟན་འཛིན་སྒྲོལ་མ་སྟེ། ལོ་སྔོན་མའི་སྤྱི་ཟླ་༨ ཚེས་ ༢༤ ཉིན་རྡ་སར་ངའི་གྲོགས་པོ་བཀྲ་ཤིས་ཀྱི་སྡོད་ཁང་ནས་མཐོང་བའི་བུ་མོ་དེ་རེད། ངས་ལམ་སེང་ཕྱིར་སྣུར་གྱིས་མཆོད་རྟེན་གྱི་བང་རིམ་ལས་འབབ་རྒྱུའི་བྲེལ་བ་བྱས། འཕྲིན་ལས་ཀྱིས། ཨ་ཁུ། མཆོད་རྟེན་ལ་སྐོར་བ་གཡོན་སྐོར་མ་རྒྱག་ཟེར། གཡས་གཡོན་དུ་མི་ཡང་གང་འཚམ་འདུག་སྟབས། ཅུང་ཟད་སྟབས་མ་བདེ་བར་ལམ་སེང་རྒྱུག་ཤར་གློད་ནས་གཡས་སྐོར་དུ་ཕྱིན་ནས་མར་བབ་པ་ཡིན། ང་མཆོད་རྟེན་མདུན་ངོས་ཀྱི་སྐོར་ལམ་དུ་བསླེབས་སྐབས་ཁོ་མོ་གྲྭ་པ་དེ་དང་མཉམ་རྒྱལ་སྒོའི་ཕྱི་རོལ་དུ་ཐོན་ཚར་ལ་ཁད་རེད་འདུག ངས་རྒྱུག་ཤར་གྱི་རྗེས་འདེད་བཏང་སྟེ་ཕྱི་རོལ་དུ་བསླེབས་དུས་རྒྱལ་སྒོ་ནས་རྒྱང་ཐག་ཅུང་ཟད་ཡོད་པའི་ཕྱི་རོལ་གྱི་ལམ་ཟུར་ཞིག་ནས་གྲྭ་པ་དེས་རླངས་འཁོར་དམར་པོ་ཆུང་ཆུང་ཞིག་གི་སྒོ་ག་ལེར་འཐེན་ཏེ་ནང་དུ་འཛུལ་བ་མཐོང་། ངས་རླངས་འཁོར་དེར་ཕྱོགས་ཏེ་བསྟན་འཛིན་སྒྲོལ་མ་ཞེས་སྐད་ཆེན་པོས་འབོད་ཀྱིན་མགྱོགས་སྟབས་ཀྱིས་རྗེས་འདེད་བྱས་ཀྱང་། ཁོ་མོས་ཐོས་མེད་པ་འདྲ། རླངས་འཁོར་དེ་ག་ལེར་གཞུང་ལམ་ནས་བྱ་འཕུར་བ་ལྟར་བཞུད་སོང་།
བློ་བཟང་བཟོད་པ་ཁོང་བསམ་གཏན་གླིང་གི་གྲྭ་པ་ཡིན་ཅིང་། སྔོན་མ་གསོག་སྒར་སློབ་གྲྭར་སྡོད་སྐབས་ང་ཚོ་འཛིན་གྲྭ་གཅིག་པ་ཡིན། བལ་ཡུལ་དགོན་པ་ཁག་གི་ཕྱག་མཛོད་དང་གཉེར་པ་སོགས་ཁོས་རྒྱུས་མེད་ས་ཞིག་གཅིག་ཀྱང་མེད། འཕགས་ཤིང་གི་ཨ་ནི་སྨྲོས་ཅི། ཐ་ན་དགོན་སྡེ་གཞན་དག་གི་གྲྭ་དམངས་དཀྱུས་མ་ཡན་ཆད་གཅིག་གཅིག་གཉིས་གཉིས་བྱས་ཏེ་ངོ་ཤེས་ཀྱིན་ཡོད་མོད། ཁ་དོག་དམར་པོ་ཡིན་པའི་རླངས་འཁོར་ཆུང་ཆུང་གཏོང་མཁན་གྱི་གྲྭ་པ་ཞིག་ཁོའི་དྲན་པའི་ཡུལ་དུ་མི་འདུག
སྤྱི་ལོ་ ༢༠༡༡ སྤྱི་ཟླ་ ༩ ཚེས་ ༣༠ རྡ་སའི་གླིང་སྐོར་ནང་།
འཁྱུག་ཙམ་ལ་ལོ་ངོ་དུ་མ་འདི་ལྟར་འདས་སོང་། ངའི་གྲོགས་པོ་བཀྲ་ཤིས་དེ་སྔོན་ཁོ་པ་དང་བོད་ནས་བྲོས་བྱོལ་སྐབས་མཉམ་དུ་ལམ་འཕྲད་བྱུང་བའི་ཨ་ནི་སྐལ་བཟང་ལགས་ཀྱིས་ཨ་རིར་འཐེན་ཞིང་། ཁོང་གཉིས་རིིམ་བཞིན་བརྩེ་དུང་གི་འབྲེལ་བ་དམ་དུ་ཕྱིན་ཏེ་མཐར་སྐལ་བཟང་ཨ་ནི་ལོག་ནས་འཇིག་རྟེན་མཐུན་འཇུག་གི་ལས་ལ་ཞུགས། ད་ལྟ་ཁོང་གཉིས་ཀྱི་བུ་བསྟན་འཛིན་དོན་གྲུབ་ཀྱང་གོམ་པ་སྤོ་ལ་ཉེ་བའི་དུས་སུ་བསླེབས་ཡོད། ངའི་ཉེ་འཁོར་གྱི་སྣོད་བཅུད་གཉིས་ཀར་འགྱུར་ལྡོག་ཤུགས་ཆེན་ཕྱིན་ཟིན་ཞིང་། ཐ་ན་རྡ་སའི་གླིང་སྐོར་ནང་གི་རི་བྱའི་ཚོགས་ཀྱང་བྱིའུ་ཕྲུག་འཁྲིད་དེ་ཤིང་རྩེའི་ཕར་ཚུར་དུ་འཕུར་ལྡིང་བྱེད་ཀྱིན་འདུག་ལ། རྡ་སའི་སྡོད་ཚུགས་མེད་པའི་རྐུན་སྤྲེལ་ཕོ་མོའི་ཚོགས་ཀྱང་རང་རང་གི་སྤྲེལ་ཕྲུག་འཁྲིད་དེ་མགྲོན་ཁང་དང་དགོན་སྡེའི་གྲྭ་ཤག་དག་གི་སྒོ་དང་སྒེའུ་ཁུང་གི་གཡས་གཡོན་ནས་ཕར་ཚུར་རྐུན་བལྟ་རྒྱག་གིན་འདུག ད་དུང་རྡ་སའི་གྲྭ་ཚང་ཁག་ཅིག་གི་གྲྭ་པ་འགའ་ཡང་སྐྱ་སར་བབ་ཏེ་ད་ནི་ཕྲུ་གུ་ཁུར་ནས་མེག་གྷན་གྱི་ཁྲོམ་སྲང་ནས་དོན་ཡོང་གིན་ཡོད། དེ་ལྟ་ནའང་ང་ནི་ད་ལྟ་ཡང་མི་རྐྱང་ཧྲེང་པོར་འཚོ་བཞིན་ཡོད་ལ། ཉིན་བཅུ་གཅིག་གི་སྔོན་བཀའ་དྲིན་དང་བྱམས་བརྩེ་ཆེ་བའི་སྦྱིན་བདག་ཨ་མ་དེ་ཡང་གྲོངས་ཟིན་པའི་བརྡ་འཕྲིན་འབྱོར། ད་ནི་ངས་རང་ཉིད་ཀྱི་མདུན་དུ་རྡ་སའི་ཟ་ལེར་རྒྱ་འཁྲབ་དགོས་པའི་དུས་ཚོད་དེ་ཏན་ཏན་ཤར་བཞིན་ཡོད་པའི་ངེས་པ་རྙེད།
དེ་སྔོན་གླིང་སྐོར་ནས་ཀོ་རི་ཡའི་མཛེས་མ་དེ་དང་ཐུག་པའི་རྗེས་ནས་རེ་དོགས་སྣེ་མང་གིས་གླིང་སྐོར་དུ་ཡང་སེ་འགྲོ་དགོས་པར་གྱུར། ཀོ་རི་ཡའི་བུ་མོ་དེ་དང་ངེད་ཀྱི་དབར་ལུས་འབྲེལ་ཡང་བྱུང་ཞིང་། ཐོག་མར་ངེད་གཉིས་འཁྲིག་སྤྱོད་ལ་འཇུག་སྐབས་ཁོ་མོའི་དཀར་ཟླུམ་གྱི་ནུ་མ་དང་ཟླུམ་སྒོར་གྱི་འཕོངས་མཚོས། མཁྲིག་མཁྲིག་ཀྱིས་འདར་འགུལ་བྱེད་པའི་བརླ་ཤ་སོགས་བོད་མོ་ཞིག་གི་ལུས་སྟེང་ནས་ནམ་ཡང་མཐོང་མ་མྱོང་བའི་ཆགས་པའི་ལོངས་སྤྱོད་ཡི་གར་འོང་བ་དག་རྗེན་པར་མཐོང་བའི་མོད་ལ། འཁྲིག་སྲེད་ཀྱི་ཚོར་ཤུགས་མེ་རི་འཕྱུར་བ་ལྟར་རྒྱས་ཏེ་འགྱིག་ཤུབས་གྱོན་རྒྱུ་ཡང་དྲན་ཡུལ་ནས་གཏིང་བརྗེད་དུ་སོང་། སྐབས་དེར་ཁོ་མོས་ཀྱང་འགྱིག་ཤུབས་སྤྱོད་དགོས་པའི་བརྡ་སྟོན་ཙམ་ཡང་བྱས་མེད། ཁོ་མོ་ངའི་སྡོད་ཤག་ཏུ་བསླེབས་ཤིང་ངས་ཀྱང་ཁོ་མོ་སྡོད་སའི་མགྲོན་ཁང་དུ་ཕྱིན། ངའི་ངོས་ནས་ཁོ་མོར་བརྩེ་བའི་ཚོར་བ་ཞིག་རང་ཤུགས་ཀྱི་འབུད་འགོ་བརྩམས་ཟིན་མོད། ཁོ་མོས་སྤྱིར་སྟངས་ངོ་ཤེས་ཤིག་གི་གནས་སྟངས་ལས་བརྒལ་བའི་ནང་གཏམ་གང་ཡང་གླེང་གི་མི་འདུག ཁོ་མོས་དང་པོ་ནས་བརྗོད་མྱོང་བ་ཞིག་ནི་གཞོན་སྐྱེས་ཚོས་འཁྲིག་སྤྱོད་བྱེད་པ་ནི་སྐབས་འཕྲལ་གྱི་དགོས་མཁོ་ཞིག་སྐོང་བ་ཙམ་ཡིན་པས་དེར་གུ་དོག་བྱེད་རིན་མེད་ལ། དེ་ཙམ་མ་ཟད་འཁྲིག་སྤྱོད་བྱེད་པ་ནི་ཕྱོགས་ཕན་ཚུན་གྱི་དབང་པོ་གཉིས་འཕྲོད་སྦྱོར་བྱེད་པ་ཙམ་ལས་དེ་ལས་བརྒལ་བའི་དོན་སྙིང་གཞན་ཅི་ཡང་མེད་ཟེར་བ་དེ་རེད། ཉིན་གཅིག་ང་ཁོ་མོའི་སྡོད་ཁང་དུ་འགྲོ་སྐབས་མགྲོན་ཁང་གི་ལས་བྱེད་པ་ཡིན་ཅིང་གདན་སའི་གྲྭ་ལོག་ཡིན་པའི་དགེ་འདུན་ཟེར་བའི་ཕོ་གསར་དེ་ཁོ་མོའི་སྒོ་ཁ་ལས་ཕྱིར་ཐོན་ཡོང་བ་དང་ཐུག ངས་ཁོ་པར་ཅི་ཡང་བཤད་མེད་ལ་ཁོ་པས་ཀྱང་སྣང་མེད་ལྟ་བུས་རྡོ་སྐས་ནས་མར་བབ་སྟེ་ཕྱིན་སོང་། ང་ནང་དུ་འཛུལ་སྐབས་ཁོ་མོ་གུ་དུང་གྱོན་བཞིན་ཡོད་པ་དང་འཁེལ། ཁོ་མོའི་ངོ་གདོང་ལ་འཚེར་སྣང་དང་ངོ་ཚའི་རྣམ་འགྱུར་བག་ཙམ་ཡང་མི་འདུག ངས། ཁོ་མོར་བུ་དེ་སུ་ཡིན་ནམ་ཞེས་དྲིས་པར། ཁོ་མོས། ཁོ་པ་མགྲོན་ཁང་འདིའི་ལས་བྱེད་པ་རེད་ཟེར། ངས་ཁོ་མོར། བུ་དེར་གཟའ་ཟླ་ཡོད་པས་མ་ཚད་བུ་ཕྲུག་ཀྱང་ཡོད་ཅེས་བཤད་པར། ཁོ་མོས། དོན་དག་དེ་ཚོའི་སྐོར་ང་ལ་བྱུས་ཏོག་གང་ཡང་མེད། མ་གཞི་ཁྱོད་དང་ངའི་བར་ན་འཁྲིག་སྤྱོད་ཀྱི་གནད་དོན་ལས་བརྒལ་བའི་འབྲེལ་བ་གཞན་དག་གང་ཡང་མེད་པས་ཁྱོད་ཀྱིས་ངའི་ཐོག་ལྟ་སྟངས་གང་བྱུང་འཛིན་མི་དགོས་པའི་རེ་བ་ཡོད་ཟེར། དངོས་གནས་ང་ཅི་ཡང་དྲན་རྒྱུ་མེད་པའི་ཚོར་བ་ཞིག་གི་གཏིང་རིམ་གཏིང་རིམ་དུ་ལྷུངས་སོང་།
ང་ལྷ་རྒྱལ་རིར་མ་འབྱོར་བའི་ཚུར་ཙམ་གྱི་ཡོན་ཏན་སྨྱོན་པ་(ཁོ་ནི་རྡ་སའི་སྨྱོན་པ་གྲགས་ཅན་ཞིག་ཡིན་ཅིང་གླིང་སྐོར་ཤར་ངོས་ཀྱི་རྡོ་ཕ་བོང་ཆེན་པོ་ཞིག་གི་ཕུག་པའི་ནང་གཏན་སྡོད་བྱེད་མྱོང་ཡོད། འོན་ཀྱང་དེང་སང་ཁོ་རྡ་སར་བསྡད་མེད།)སྡོད་སའི་འགྲམ་གྱི་ལྕགས་ཀྱི་རྐུབ་སྟེགས་དེའི་སྟེང་ལྷོད་པོར་བསྡད་དེ་རྡ་ཤོད་དང་ནོར་གླིང་གི་ཕྱོགས་སུ་རྒྱང་བལྟ་བྱེད་ཀྱིན་ཡོད། བསམ་པའི་གཏིང་རིམ་ཞིག་ནས་དབྱིན་མོ་མཛེས་མ་ཞིག་ཉེ་འགྲམ་དུ་ཡོང་སྟེ། ཧ་ལའོ། ཁྱེད་རང་ལ་དུས་ཚོད་ཡོད་ན་སྐད་ཆ་ཞིག་དྲིས་ན་འགྲིག་གི་རེད་པས་ཞེས་ལབ་ན་བསམ་བསམ་གྱི་རེ་བ་ཞིག་ཀྱང་བྱེད་ཀྱིན་ཡོད། སྟབས་ཉེས་པ་ཞིག་ལ། ངོ་གདོང་ལ་གཉེར་རིས་བརྩེགས་པའི་རྨོ་མོ་རྒས་འཁོགས་ཤིག་ངའི་འགྲམ་དེར་ངལ་གསོས་ཤིང་། ཁོ་བོར་ཕྱོགས་ཏེ། བུ། བཀྲ་ཤིས་བདེ་ལེགས་ཟེར། ངས། བསམ་བློའི་ནང་ནས་མདོག་ཉེས་མ་འདི་བསམ་བསམ་ཞིག་བྱེད་ཀྱིན། བཅོས་འཛུམ་རྫུན་མ་ཞིག་ཨུ་ཚུགས་ཀྱིས་སྟོན་ཏེ། བཀྲ་ཤིས་བདེ་ལེགས་རྨོ་མོ་ཞེས་ལན་བཏབས། འདོད་པ་དང་མ་འཕྲད་ཅིང་མི་འདོད་པ་དང་འཕྲད་རྒྱུ་འདི་ཡང་འཇིག་རྟེན་འཚོ་བའི་ཁྲོད་ཀྱི་ལྡོག་མེད་ཀྱི་གྲུབ་ཆ་ཞིག་རེད། རྨོ་མོ་དེས། བུ། ལ་མོ་ཚངས་པའི་དགོན་པ་དེ་ལྷ་རྒྱལ་རིར་ཡོད་རེད་ཟེར་གྱི་འདུག ད་ལྟ་ཕར་ཞོར་ང་ལ་གཅིག་སྟོན་རོགས་བྱེད་ཟེར། ངས། འགྲམ་དེ་རང་ལ་ཡོད་པ་རེད། ངས་སྟོན་ཆོག་ཞེས་ལབ། དེར་རྨོ་མོ་དེས། ང་མོན་གྷོ་ཊི་གཞིས་ཆགས་ནས་བཞུགས་སྒར་ཁུལ་གྱི་དགོན་པ་ཁག་ལ་མཆོད་མེ་ཞིག་འབུལ་དུ་ཡོང་པ་ཡིན། ངའི་བུ་དོན་ལྡན་ཨེ་ཙི་ཟེར་བའི་ན་ཚ་སྡུག་ཅག་དེ་འགོས་ནས་ཉེ་ཆར་གྲོངས་སོང་། ད་ང་ཆགས་ས་རྟེན་ས་མེད་པ་ཆགས་སོང་ཞེས་ཁུར་མཚོས་ནས་མིག་ཆུ་ཧྲིལ་གྱིས་འདྲིལ་གྱིན་བཤད། ཨེ་ཙི་ཟེར་བ་ནི་རེག་དུག་གི་ནད་གཞིའི་མིང་ཡིན་མོད། རྨོ་མོ་འདིས་ནད་གཞི་འདིའི་མིང་བོད་སྐད་ནང་ཇི་ལྟར་ལབ་ཀྱི་ཡོད་པ་ག་ལ་ཤེས། རྨོ་མོ་ལགས་ཀྱི་སྐྱོ་སྣང་དེས་ཁོ་བོར་ཡང་གདུང་སྣང་ཤུགས་ཆེ་ཞིག་གློ་བུར་དུ་སྐྱེས། ངས། རྨོ་མོ་ལགས། ཁོ་རང་དམག་མི་རེད་དམ་ཞེས་དྲིས། ངས་དྲི་བ་འདི་ལྟར་འདྲི་བ་ནི་ངའི་བསམ་བློར་དམག་མི་གཞོན་སྐྱེས་ཚོར་ལྟོས་འཇོག་གིས་རེག་དུག་གི་ནད་གཞི་འདི་འགོས་རྒྱུའི་ཉེན་ཚབས་ཆེ་བ་ཡོད་པ་ཞིག་ཏུ་མཐོང་གིན་ཡོད་པས་ཡིན། དེར་རྨོ་མོ་ལགས་ཀྱིས། མ་རེད། ཁོ་རང་གཞིས་ཆགས་སུ་ང་དང་མཉམ་བསྡད་བསྡད་པ་ཡིན། ཟ་ཁང་ཆུང་ཆུང་ཞིག་ཀྱང་བཟུང་ཡོད་ཟེར། དེར་ངས། འོ་ན་ནད་གཞི་དེ་ཁོ་པར་ཇི་ལྟར་འགོས་པ་ཡིན་ནམ་ཞེས་བཤད། དེར་རྨོ་མོ་ལགས་ནས། ཐེངས་གཅིག་ང་ཚོའི་གཞིས་ཆགས་ནང་བསམ་འཕེལ་གླིང་གཞིས་ཆགས་ནས་བུ་མོ་འཆི་མེད་ཟེར་བ་ཞིག་བསླེབས་ཏེ། ཁོ་མོས་གཞིས་ཆགས་ཀྱི་བུ་མང་པོར་འབྲེལ་བ་བྱས་པ་རེད། རྗེས་སུ་ཤེས་དུས་མོ་རང་ཨེ་ཙིའི་ན་ཚ་ཡོད་མཁན་ཞིག་ཡིན་པ་དང་། ངའི་བུ་ཡང་མོ་རང་དང་འབྲེལ་བ་བྱུང་ནས་གྲོངས་པ་རེད། ད་དུང་མོས་གཞིས་ཆགས་ཧོན་སུར་ནས་ཡིན་པ་དང་མིང་ལ་ལྷ་མོ་ཟེར་གྱི་ཡོད་ཅེས་སྐྱག་རྫུན་བཤད་ནས་བསྡད་པ་རེད། མོས་རྡེ་ར་དུན་གྱི་དམག་མི་མང་པོར་འབྲེལ་བ་བྱས་འདུག་ཅིང་། དམག་མི་བསྟན་འཛིན་རྡོ་རྗེ་ཟེར་བའི་བུ་ཞིག་དང་མཉམ་ལ་དྭགས་སུ་ཡང་ཕྱིན་འདུག ད་དུང་་་་་ངས་སྐད་ཆ་འདི་གོ་བ་དང་རྨོ་མོ་ལགས་ཀྱི་ཚིག་རྔ་འཕྲོག་ཏེ། ཁོ་མོ་ལ་དྭགས་སུ་ག་དུས་ཕྱིན་པ་ཡིན་ནམ་ཞེས་དྲིས་པར། རྨོ་མོ་ལགས་དེས། སྤྱི་ལོ་ ༢༠༠༩ ལོའི་སྟོན་དུས་སུ་ཡིན་པ་འདྲ་ཟེར། རྨོ་མོ་ལགས་ཀྱི་སྐད་ཆ་འདི་གོ་བ་དང་ངའི་སྙིང་ཡོངས་སུ་གཡོས་ཤིང་། ལུས་ལ་འདར་གསིག་གི་ཚོར་བས་རང་ཚུགས་མི་བརྟན་པ་ལྟ་བུ་ཞིག་ཏུ་གྱུར། སྐར་མ་འགའ་ཞིག་གི་སྔོན་གྱི་གླིང་སྐོར་གྱི་མཛེས་པ་ཡོངས་རྫོགས་སྐད་ཅིག་དེ་ཉིད་ལ་གཞིག་ཅིང་། བསམ་བློའི་གཏིང་རིམ་ན་བསྐུངས་ཡོད་པའི་རེ་འདུན་གྱི་བཀོད་པ་མང་དག་སྐད་ཅིག་དེ་ཉིད་ལ་ཤུལ་མེད་དུ་སོང་། ཆེས་རྒྱུས་ཡོད་ཡིན་པའི་བཀྲ་ཤིས་དང་སྐལ་བཟང་གི་ངོ་གདོང་ལྷང་ངེར་འཆར་ཞིང་། དུས་རྒྱུན་ཁ་པར་ལས་ཐོས་འོང་པའི་ཁོང་གཉིས་ཀྱི་བུ་བསྟན་འཛིན་དོན་གྲུབ་ཀྱི་སྐད་ངག་དེ་ཡང་རྣ་ལམ་ན་ཝལ་ཝལ་གྱིས་གྲགས་ཀྱིན་འདུག
ཝེ་བུ། ལ་མོ་ཚངས་པའི་དགོན་པ་ག་གི་རེད། སྐད་ཆ་འདི་གོ་དུས་ངས་གཞི་ནས་རྨོ་མོ་དེ་དང་ང་རང་ལྷ་རྒྱལ་རིར་འབྱོར་ཟིན་པ་ཤེས། ངས་མ་ཎི་ལག་སྐོར་ཆེན་པོ་ཞིག་གི་ཁ་གཏད་ནས་སྒོ་ཁ་བྱང་དུ་གཏད་ཡོད་པའི་ལྷ་ཁང་ཆུང་ཆུང་དེར་མཛུབ་མོ་བཙུགས་ཏེ། རྨོ་མོ་ལགས། དགོན་པ་འདི་རེད་ཅེས་བརྗོད་ཞོར་ཕྱིར་བལྟས་ཙམ་ཡང་མེད་པར་རང་གི་སྡོད་ཤག་ཏུ་རྒྱུགས་ཕྱིན།
རྨོ་མོ་ལགས་དེས་བཤད་ན། བསམ་འཕེལ་གླིང་གཞིས་ཆགས་ཀྱི་བུ་མོ་འཆི་མེད་ནི་ཨ་ཅག་སྣང་སའི་བུ་མོ་ཡིན་ཅིང་། ཉེ་སྔོན་ཁོ་མོ་བདེ་ལེགས་སྨན་ཁང་དུ་གྲོངས་དུས་ལོ་ངོ་ཉེར་ལྔ་ལས་སོན་མི་འདུག ཁོ་མོ་དུས་རྒྱུན་འཁྲེབ་ཏོ་(སྡོད་ཚུགས་མེད་པའི་མི་ལ་གཞིས་ཆགས་པ་ཚོས་དེ་ལྟར་འབོད།)ཞིག་ཡིན་སྟབས། མི་མང་པོས་ཁོ་མོར་རེག་དུག་གི་ནད་གཞི་ཡོད་པའི་དྭོགས་པ་བྱེད་ཀྱིན་ཡོད་འདུག ཉིན་གཅིག་གཞིས་འགོའི་བཀོད་བྱུས་འོག་སྨན་ཁང་ནས་ཁོ་མོར་བརྟག་དཔྱད་བྱེད་སྐབས་ཏག་ཏག་ནད་གཞི་ཕོག་ཡོད་པའི་ར་སྤྲོད་རྙེད། ཁོ་མོར་ནད་གཞི་ཡོད་པའི་སྐད་ཆ་དེ་རིམ་བཞིན་ཁྱབ་ཏེ་གཞིས་མི་ཚོས་ཁོ་མོར་ཁ་ཡ་མི་བྱེད་པར་གཡོལ་ཐབས་བྱེད་པའི་མགོ་ཚུགས་ཤིང་། ཁོ་མོའི་ཁྱིམ་ཚང་གི་འཚོ་རྟེན་གཅིག་པུར་གྱུར་ཡོད་པའི་ཨ་ཅག་སྣང་སའི་མོག་མོག་ཟ་ཁང་ཆུང་ཆུང་དེར་ཡང་མགྲོན་པོའི་རྒྱུན་ཆད། ཁོང་མ་སྨད་གཉིས་གཞིས་ཆགས་ནང་གྲོགས་མེད་ཁེར་རྐྱང་དུ་གྱུར་ཏེ་ཐ་ན་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཟ་བཏུང་གི་ཐད་ལ་ཡང་དཀའ་ངལ་འཕྲད་པའི་མགོ་ཚུགས་འདུག ཉིན་གཅིག་གཞིས་ཆགས་ཀྱི་སུམ་མདོ་ཁ་ཞིག་ཏུ་མི་མང་འཛོམས་ས་ཞིག་གི་དཀྱིལ་ནས་བུ་མོ་འཆི་མེད་གློ་བུར་དུ་རྒྱུགས་ཡོང་སྟེ། ཁོང་ཁྲོའི་ངང་སྐད་ཤུགས་ཆེན་པོས། ཁྱེད་ཚོས་ངེད་མ་སྨད་གཉིས་ལ་རོགས་རམ་བྱེད་རྒྱུའི་ཚབ་ལ་འདི་ལྟར་གྲོགས་མེད་ཁེར་རྐྱང་དུ་བཞག་པ་རེད། ལྟད་མོ་བལྟ་ཤོག་ཨཱ། ཞེས་མཛུབ་མོ་གནམ་ལ་ཀེར་ཏེ་ཀི་ཤར་བརྒྱབས་པ་རེད་ཟེར། དེའི་རྗེས་ཀྱི་ཉིན་ཤས་ནས་ཁོ་མོ་གཞིས་ཆགས་ནང་མཐོང་ཡུལ་མེད་པར་གྱུར་ཡོད་ཅིང་། ལ་ལས་ཁོ་མོས་རང་སྲོག་བཅད་པ་དང་། ལ་ལས་ཁོ་མོ་སྦྱིན་བདག་ཅིག་གིས་ཕྱི་རྒྱལ་དུ་འཐེན་པ་རེད་ཟེར་བ་སོགས་གཏམ་ཡན་རྫོགས་མེད་དུ་ཁྱབ་ཡོད་འདུག
ངའི་ངོ་ཤེས་བདེ་ལེགས་སྨན་ཁང་གི་སྨན་ཞབས་མ་ཞིག་གིས་བཤད་ན་བསམ་འཕེལ་གླིང་གཞིས་ཆགས་ཀྱི་བུ་མོ་འཆི་མེད་རེག་དུག་གིས་ནད་ཀྱིས་མནར་ཏེ་མཐར་ལོ་སྤྱི་ལོ་ ༢༠༡༡ ཟླ་བ་ ༤ ཚེས་ ༣ ཉིན་བདེ་ལེགས་སྨན་ཁང་ནས་གྲོངས་ཡོད་པ་དང་། ཁོ་མོས་སྤྱི་ལོ་ ༢༠༠༩ ལོའི་སྤྱི་ཟླ་ ༢ ཙམ་ནས་མིང་རྫུན་མང་པོ་བེད་སྤྱོད་ཀྱིས་བེལ་ཀོབ་དང་མོན་གྷོ་སོགས་ལྷོ་གཞིས་ཁག་དང་། རྡོར་གླིང་དང་འབྲས་ལྗོངས་སོགས་ཤར་ཕྱོགས་ཁུལ་གྱི་བོད་མིའི་འདུས་སྡོད་ཁག རྡ་ས་དང་རྡེར་དུན་སོགས་བྱང་ཕྱོགས་ཀྱི་ས་ཁུལ་ཁག ཐ་ན་ལ་དྭགས་བྱང་ཐང་གི་འབྲོག་ཁུལ་དང་། བལ་ཡུལ་སྤོག་ར་ཡན་ཆད་སྐོར་ཏེ་ས་ཁུལ་དེ་དག་གི་ན་གཞོན་མང་པོར་ལུས་འབྲེལ་གྱིས་ནད་གཞི་ཁྱབ་སྤེལ་གྱི་བྱ་སྤྱོད་སྤེལ་ཡོད་འདུག སྨན་ཁང་ལས་བྱེད་པས་བུ་མོ་འཆི་མེད་ལ་ཅིའི་ཕྱིར་དེ་ལྟར་བྱས་སྐོར་འདྲི་སྐབས། འཆི་མེད་ཀྱིས། བསམ་འཕེལ་གླིང་གཞིས་ཆགས་ཀྱི་གཞིས་མི་ཚོས་ཁོ་མོ་མ་སྨད་གཉིས་ལ་མཐོང་ཆུང་དང་བརྙས་བཅོས་བཟོད་མི་ཐུབ་པ་དེ་འདྲ་ཞིག་བྱས་སྟབས། ནད་གཞི་ཁྱབ་སྤེལ་བྱ་རྒྱུའི་བསམ་བློ་འཁོར་ཡོད་པ་དང་། གཞིས་ཆགས་དེ་རང་གི་ནང་གཟའ་ཟླ་ཡོད་པའི་ཁྱོ་ག་མང་པོར་ཡང་ལུས་འབྲེལ་བྱུང་ཡོད་ཅེས་བཤད་འདུག ཉིན་ཤས་སྔོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བསམ་འཕེལ་གླིང་གཞིས་ཆགས་སུ་ནད་གཞི་བརྟག་དཔྱད་ཆེད་སྨན་པའི་ཚོགས་པ་ཞིག་བཏང་ཡོད་ཀྱང་། ཤེས་གསལ་ལྟར་ན་གཞིས་ཆགས་དེའི་བུད་མེད་གསུམ་དང་སྤོ་བོ་ལགས་ཤིག་སྟེ་མི་བཞིས་མ་གཏོགས་བརྟག་དཔྱད་བྱས་མེད་ལ། དེའི་ཁྲོད་ཀྱི་བུད་མེད་གཅིག་ལ་རེག་དུག་གི་ནད་གཞི་ཡོད་པ་ར་འཕྲོད་བྱུང་འདུག
སྤྱི་ལོ་ ༢༠༡༡ ལོའི་ཟླ་བ་ ༡༠ ཚེས་ ༧ ཉིན་རྡ་ས་བོད་ཀྱི་ཐབ་ཚང་དུ།
ཉིན་འདི་དག་གི་རིང་ང་རང་ཆེས་སུན་སྣང་དང་མི་སྐྱིད་པའི་ཚོར་བའི་ནང་ལྷུངས་ནས་ཡོད་ཅིང་། རྡ་སའི་བོད་ཀྱི་ཐབ་ཚང་ནང་གི་ཁམ་ཇ་དེར་ཡང་ནམ་རྒྱུན་གྱི་བྲོ་བ་དེ་མི་འདུག དུས་རྒྱུན་ཡིན་ན་གཡས་གཡོན་གྱི་སྒྲོག་རྩེའི་མཐའ་འཁོར་དུ་བསྡད་ཡོད་པའི་མཛེས་མ་ཚོར་མིག་བལྟ་མ་བྱས་པར་སྡོད་སྲོལ་མེད་མོད། ད་ལྟ་ནི་ཁོང་ཚོར་ཡང་སེམས་གཏིང་ནས་སུན་སྣང་དང་ཞེན་ལོག་གི་ཚོར་བ་ཞིག་སྐྱེ་ཡིན་འདུག ཁུག་མ་ལས་ཁ་པར་གྱི་སྐད་སྒྲ་ཞིག་གྲགས་བྱུང་། ཕྱིར་བཏོན་ཏེ་བལྟ་སྐབས། ངའི་ངོ་ཤེས་ལྷག་པ་རེད། ཁོ་པར་བོད་ཀྱི་ཐབ་ཚང་དུ་ཇ་འཐུང་དུ་ཡོང་དགོས་སྐོར་བཤད། སྐར་མ་བཅུའི་རྗེས་ཁོ་པ་བསླེབས་བྱུང་། ངས་ཁོ་པར་ད་ཐེངས་ཀྱི་བྱུང་རྐྱེན་ཡོངས་རྫོགས་ཆད་ལུས་མེད་པར་འགྲེལ་བཤད་བྱས་ཏེ། མཐར་བཀྲ་ཤིས་ལ་གནས་ཚུལ་འདིའི་སྐོར་ཇི་ལྟར་འགྲེལ་བཤད་བྱེད་དགོས་པའི་སྐོར་བཤད། ཁོས་བཤད་ན། རེག་དུག་ནད་པ་ཞིག་དང་ལུས་འབྲེལ་བྱུང་ཚེ་ཕལ་ཆེར་ནད་གཞི་མ་འགོས་པའི་གནས་སྐབས་མི་སྲིད་པ་ལྟ་བུ་རེད། དེར་བརྟེན་ཁྱོད་ནས་བཀྲ་ཤིས་ལ་སྔོན་ཚུད་ནས་གནས་ཚུལ་འདིའི་སྐོར་ཁ་སངས་ཏེ་བཤད་ཚེ། ཕྱིན་ཆད་ཁོ་པས་འཕྲོད་བསྟེན་ཐད་ངེས་པར་དུ་དོ་སྣང་བྱ་རྒྱུའི་གོ་སྐབས་ཡོང་གི་རེད་ཅེས་བཤད།
ལྷག་པས། ཁོ་བོར་གཟབ་ན་གྱིས་ཕྱོགས་ཏེ། གནས་ཚུལ་འདི་འདྲའི་རིགས་གང་དུ་ཡང་ལྷག་སྲིད་ཀྱི་རེད། ཁྱོད་རང་ཡང་གང་སར་འགྲོ་སྡོད་བྱེད་མཁན་ཞིག་ཡིན་སྟབས་བུད་མེད་གང་བྱུང་དང་ལུས་འབྲེལ་བྱ་རྒྱུར་ཉེན་གཟབ་བྱེད་དགོས། ཉེ་སྔོན་རྡ་སར་རེག་དུག་ནད་གཞི་ཡོད་པའི་ཀོ་རི་ཡའི་བུད་མེད་གཉིས་རྡ་སར་ཡུན་རིང་བསྡད་དེ་རྡ་སའི་ཁུལ་གྱི་བོད་པའི་གཞོན་སྐྱེས་མང་པོ་ཞིག་ལ་ལུས་འབྲེལ་བྱས་ཡོད་འདུག་ཅིང་། མཐར་རྒྱ་གར་བདེ་སྲུང་མི་སྣས་ཁོང་གཉིས་འཛིན་བཟུང་་་་་་་་་་་་་་་་་་་་་་་
ལྷག་པའི་སྐད་ཆ་ངའི་རྣ་བུག་ནས་ཝ་ལེ་ཝེལ་ལེར་གྱུར་ཅིང་། དེ་སྔོན་འཁྲིག་སྤྱོད་བྱེད་མྱོང་བའི་ཀོ་རི་ཡའི་བུ་མོ་དེའི་ངོ་གདོང་ཡང་གསལ་ལ་མི་གསལ་བའི་ཚུལ་དུ་སེམས་ལ་འཆར་འགོ་ཚུགས།
ཁྱོད་ཀྱི་སེམས་ལ་ཁོ་པའམ་ཁོ་མོའི་ལུས་སྟེང་ནས་ཇི་ལྟར་གཞོན་ཤ་ཆགས་ཤིང་། བལྟ་བཟོ་དོད་ལ། ཐང་ཉམས་ལྡན་པའི་སྣང་ཚུལ་ཡིད་དུ་འོང་བ་ཅི་ཞིག་སྟེར་བར་བྱེད་ཀྱང་། དེ་དག་བརྫུན་དུ་སྒོམ་ལ། བཅོས་མ་དང་བསླུ་བྲིད་ཀྱི་རྫུ་བག་ཏུ་བལྟ་བར་བྱོས། ཁྱོད་ཀྱིས་ཁོ་པའམ་ཁོ་མོའི་ཟུངས་ཁྲག་ནང་རེག་དུག་གི་ནད་འབུ་ཡོད་མེད་ཀྱི་བདེན་དཔང་མ་རྙེད་བར། ཁོ་པའམ་ཁོ་མོ་ནི་རེག་དུག་གི་ནད་གཞི་ཡོད་པའི་ནད་པ་ཞིག་ཡིན་ཤག་གི་བསམ་པ་བསྐྱེད་པར་བྱོས།
གང་དུ་ཕོ་མོ་འགའ་ཞིག་ཀྱང་། །འཁྲིག་སྲེད་དྲག་པོས་མནར་བའི་ཚེ། །འགྱིག་ཤུབ་བེད་སྤྱོད་མི་བརྗེད་པའི། །དྲན་ཤེས་བསམ་པ་སྐྱེ་བར་ཤོག །
༼འདི་ནི་རང་རེའི་སྤྱི་ཚོགས་ནང་གི་དངོས་བྱུང་ལོ་རྒྱུས་ཤིག་གི་གཟུགས་གཞི་སྲོག་ཤིང་དུ་བཟུང་ཞིང་དེ་ལ་རྟོག་བཟོའི་མཛེས་རྒྱན་གྱིས་ཅུང་ཟད་སྒྲིབ་པར་བྱས་པ་ཞིག་སྟེ། རེག་དུག་ནད་གཞིའི་དར་ཁྱབ་སྐོར་གྱི་ལོ་རྒྱུས་ཤིག་ཡིན། སྤྱི་ལོ་ ༢༠༡༡ ལོའི་ཟླ་བ་ ༩ ཚེས་ ༩ ཉིན་བདེ་སྨན་ལས་བྱེད་ཚེ་རིང་དཔལ་སྒྲོན་ལགས་དང་གདམས་ག་ཚོགས་པའི་ཕུན་ཚོགས་ལགས་གཉིས་འདི་ག་རིགས་སློབ་ཏུ་ཕེབས་ཏེ། འཕྲོད་བསྟེན་དང་འབྲེལ་བའི་ཤེས་བྱའི་སྐོར་དང་ལྷག་དོན་རང་རེའི་སྤྱི་ཚོགས་གི་ནང་རེག་དུག་ནད་འབུའི་དར་ཁྱབ་སྐོར་གྱི་གཏམ་བཤད་ཅིག་གནང་བར། ཁོ་བོར་སེམས་ཚོར་ཤུགས་ཆེ་ཞིག་བྱུང་སྟབས་དེའི་རྗེས་ཀྱི་ཉིན་ཤས་ནང་གཞུང་ལུགས་ལ་ཐོས་བསམ་བྱེད་པའི་བར་གསེང་དག་སྤྱད་དེ་ལོ་རྒྱུས་འདི་བྲིས་པ་ཡིན། ཁྱེད་ཅག་གིས་སྒྲུང་གཏམ་འདི་བཀླགས་རྗེས་ཁྱེད་དང་ལག་བརྡང་སྦྲེལ་ནས་གོམ་པ་མཉམ་ལེན་བྱེད་པའི་མཛེས་མ་དེ་ཡང་རྣམ་པ་གཅིག་ཏུ་ན་སྒྲུང་གཏམ་འདིའི་ནང་གི་བུ་མོ་དེ་འདྲ་ཞིག་ཀྱང་ཡིན་སྲིད་པའི་དྭོགས་ཟོན་གྱི་བསམ་པ་ཙམ་ཞིག་བསྐྱེད་རྒྱུ་ནི་ཁོ་བོས་སྒྲུང་གཏམ་འདི་འབྲི་བའི་མཐར་ཐུག་གི་དམིགས་ཡུལ་ཡིན།༽
ཨ་རོགས་ཁ་བདེ་པོ་མ་ཤོད། གྲོགས་བཀྲ་ཤིས་དེ་ང་མ་རེད་དཱ། ཨཱ་སྐུ་རྩེད་ཡིན། བཀྲ་ཤིས་བདེ་ལེགས། གཞིས་ཆགས་བུ་མོ་འཆི་མེད་ད་དུང་ཁྱོད་སྡོད་སའི་གཡས་གཡོན་དུ་རིག་རྒྱུ་ཨེ་འདུག། བགྲང་བྱ་དྲུག་ལ་ཉེ་བ་ངས་རིག་མ་སོང་བས་མོའི་ཆགས་སྲེད་ཀྱི་ཉམས་འགྱུར་དེ་ངའི་དྲན་དབང་གི་ཡུལ་དུ་འཁོར་འཁོར་འདྲ་བྱས་བྱུང་། ཁོ་མོ་དེང་སང་གང་འདྲ་ཆགས་འདུག། ཁྱོད་དུས་ཁོམས་བྱུང་ཚེ་ཞིབས་ཕྲའི་གནས་ཚུལ་ཞིག་ཡོད་པར་བགྱིས་དང་།
ཡང་གཅིག་བཤད་ན་འདོད་ཆགས་དྲག་པོ་གཏིང་ནས་ལངས་ཏེ་གསེབ་ངར་མའི་སྲབ་ཁ་འགོག་པར་མི་ནུས་པའི་གནས་སྐབས་ལ་འགྱིག་ཤུབ་བེད་སྤྱོད་གཏོང་འདོད་མེད་པ་མ་ཟད་འགྱིག་ཤུབ་གྱིས་འཁྲིག་སྤྱོད་ཀྱི་བདེ་བ་ལ་འགོག་་རྐྱེན་ཆེན་པོ་བཟོ་ལ་སྐབས་དེ་དུས་ད་ག་རེ་བྱས་ན་བྱས་བསམ་བསམ་ཞིག་མ་གཏོགས་སྔ་འདངས་ཕྱི་འདངས་མེད་པ་ནི་གསེབ་ངར་མའི་རང་གཤིས་སུ་གྲུབ། དེ་ནི་འཇིག་རྟེན་མི་ནག་གི་སྤྱོད་ཡུལ་ཁོ་ན་ལས་ཁྱོད་དགེ་སློང་རྣམ་དག་གིས་ནང་ཆོས་རིག་པ་ལ་མཁས་པ་མ་གཏོགས་ཕོ་མོའི་བརྩེ་གདུང་དང་ཕོ་མོའི་འཁྲིག་བདེའི་ཉམས་མྱོང་མི་ལྡན་པས་ཁྱོད་ལ་ཐུགས་ཁག་ཅང་མེད། རེད་དེ་གྲོགས་བཀྲ་ཤིས་ངས་འཁྲིག་བདེའི་སྐོར་བཤད་ན་ཁྱོད་དགེ་སློང་རྣམ་དག་གི་གཅུང་པོ་མིག་ཆུ་ཡང་ཡང་གཏོང་སྲིད།
འོན་ཀྱང་འགྲན་རྩོམ་ཡག་པོ་བྲིས་འདུག། ཐུགས་རྗེ་ཆེ། སྙིང་ཉེ་བའི་གྲོགས་པོ་ད་བདེ་མོ་བྱོས།
བུ་མོ་འཆི་མེད་ཀྱི་སྙིང་ནད་རྩོད་སྟངས་ཞེས་མིང་ལ་དེ་འདྲ་ཞིག་བཏགས་འདུག་ཀྱང་། སྙིང་ནད་བརྩད་པའི་སྐོར་ཞིག་མི་འདུག་གཱ། རྩོམ་གྱི་མིང་དོན་གཉིས་མི་མཚུངས་པ་འདྲ། དེ་ལ་གོ་བ་ཇི་ལྟར་ལེན་དགོས་སམ།
གྲོགས་གསེར་འབྲུག་སྡེར་ལྔ་ལགས་དང་། ནགས་ཀྱི་སེངྒེ་ལགས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
གོང་གི་རྕོམ་ཡིག་དེ་རང་རེའི་སྤྱི་ཚོགས་ནང་གི་དངོས་བྱུང་ལོ་རྒྱུས་ཤིག་གི་གཟུགས་གཞི་སྲོག་ཤིང་དུ་བཟུང་སྟེ་དེ་ལ་བཅོས་མའི་སྒྲོ་བཏགས་ཀྱི་ཆ་ཅུང་ཟད་ཀྱིས་བསྲེས་པར་བྱས་ཏེ་བྲིས་པ་ཞིག་ཡིན།
འོན་ཀྱང་ཐེངས་འདིར་ཨ་ཁུ་ཀླུ་སྨྱོན་ལགས་ནས་རྩོམ་ཡིག་ཆ་ཚང་བ་ཞིག་བཀོད་མི་འདུག ངས་ཁོང་ལ་ཆ་ཚང་བ་ཞིག་འགོད་རོགས་ཞེས་ཡིག་འཕྲིན་ཞིག་བཀུར་ཡོད་སྟབས་ཁོང་ནས་གང་མགྱོགས་འགོད་པའི་རེ་བ་ཡོད།
སྒྲུང་གཏམ་དེ་ནི་གཞིས་ཆགས་ཤིག་གི་བུ་མོ་ཞིག་ལ་རེག་དུག་གི་ནད་གཞི་བྱུང་སྟེ། ཁོ་མོས་ནད་གཞི་དེ་ཉིད་ཁྱབ་སྤེལ་ཆེད་བོད་པ་འདུས་སྡོད་ཀྱི་ས་ཁུལ་ཆེས་མང་པོར་འགྲུལ་སྐྱོད་བྱས་ཡོད་པའི་སྐོར་ཞིག་རེད།
གོང་གི་བུ་མོ་དེ་གསེར་འབྲུག་སྡེར་ལྔ་ལགས་སུ་ཐུག་རྒྱུའི་བུ་མོ་དེ་ཡིན་གྱི་མ་རེད།
བུ་མོ་དེ་ངས་མིང་བསྒྱུར་བྱས་པ་ཙམ་མ་གཏོགས། དངོས་བྱུང་ལོ་རྒྱུས་ཤིག་གི་བརྗོད་བྱར་གྱུར་པའི་བུ་མོ་ཞིག་རེད།
རྗེས་སུ་ལོ་རྒྱུས་ཆ་ཚང་བཀོད་ཟིན་དུས་ལྷོད་ལྷོད་ཀྱིས་གཟིགས་རོགས།