གསར་འགོད་པ། བནྡེ་སྐྱབས།
ཉེ་ལམ་རྡེ་ར་རྡུན་བོད་མིའི་གཞིས་སྒར་བདེ་སྐྱིད་གླིང་གི་བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་རྒྱ་གར་གཞུང་གི་རྩ་ཁྲིམས་ཀྱི་ནང་དོན་གཞིར་བཟུང་། ལྡི་ལི་གྲོང་ཁྱེར་རྒྱ་གར་ཡུལ་མིའི་ལག་འཁྱེར་ཐོ་འགོད་ལས་ཁུངས་(passport office)དང་། རིམ་གྱིས་རྒྱ་གར་ལྡི་ལི་མཐོ་རིམ་ཁྲིམས་ཁང་བཅས་ལ་ཞུ་གཏུག་བྱས་མཐར་རྒྱ་གར་མི་སེར་ལག་འཁྱེར་༼ Indian citizenship༽ཞེས་པ་དེ་རག་ཡོད་འདུག་ལ། དེ་ནི་རྒྱ་གར་ནང་ཡོད་པའི་བོད་པ་སྐྱབས་བཅོལ་བ་ཞིག་ལ་ཁྲིམས་ཐོག་ནས་རྒྱ་གར་མི་སེར་ལག་འཁྱེར་རག་པ་ཐེངས་དང་པོ་དེ་ཆགས་ཡོད་འདུག
བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་ནི། ཕ་ལྷ་རྒྱལ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་དང་། མ་ལྷ་རྒྱལ་རི་ཕུན་ཚོགས་སྒྲོལ་དཀར་ལགས་གཉིས་ཀྱི་བུ་མོར་ཕྱི་ལོ་ ༡༩༨༦ ལོའི་ཟླ་ ༤ ཚེས་ ༡༣ ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་ཀཱང་ར་རྫོང་དུ་སྐྱེས་ཤིང་། རྗེས་སུ་རྡེ་ར་རྡུན་བདེ་སྐྱིད་གླིང་ལ་གཞིས་སྤོར་བྱས་ཡོད། རྣམ་རྒྱལ་སྒྲོལ་དཀར་གྱི་ཕ་ལགས་ནི་བོད་བཙན་པོའི་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པའི་གདུང་རྒྱུད་ཡིན་ཞིང་། ཕ་ལྷ་རྒྱལ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་མཆོག་འདས་གྲོངས་སུ་ཕྱིན་པའི་ལོ་རྗེས་མའི་ནང་། ཁོང་གི་སྲས་ལྷ་རྒྱལ་རི་ཁྲི་ཆེན་དབང་ཕྱུག་ལགས་ཕྱི་ལོ་ ༢༠༠༤ ཟླ་ ༦ པའི་ནང་༧གོང་ས་མཆོག་གིས་ཁྲི་འདོན་གནང་ཞིང་། རང་ལོ་ ༡༨ ཡིན་པའི་སྲས་ཁོང་ད་ལྟ་ཨ་རིའི་ཌེ་ལཱི་ཝར་ Delaware མངའ་སྡེའི་ནང་སློབ་གཉེར་བྱེད་བཞིན་ཡོད།
རྣམ་རྒྱལ་སྒྲོལ་དཀར་དང་ཁོང་གི་ཨ་མ་ལགས་ད་ལྟ་རྡེ་ར་རྡུན་བོད་མིའི་གཞིས་སྒར་དུ་སྐྱབས་བཅོལ་བ་སྤྱི་མཚུངས་ལྟར་འཚོ་བ་སྐྱེལ་བཞིན་ཡོད་ཅིང་། ཁོང་མོ་ད་ལྟ་རང་ལོ་ ༢༥ དང་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས་ལྡི་ལི་མཐོ་སློབ་ཅིག་ཏུ་དབྱིན་ཇིའི་རྩོམ་རིག་ཐོག་རིག་གནས་རམས་འབྱམས་པ་ཐོན་ཞིང་། ད་ལྟ་རྡེ་ར་རྡུན་ངྒར་ཝལ་གཙུག་ལག་སློབ་གྲྭ་ Garhwal University རུ་དབྱིན་ཇིའི་རྩོམ་རིག་ཐོག་མཐོ་རིམ་རིག་གནས་རམས་འབྱམས་པའི་ལོ་རིམ་དང་པོའི་ནང་སློབ་སྦྱོང་གནང་མུས་རེད།
བོད་མི་སྐྱབས་བཅོལ་བ་ཚོར་ཁྲིམས་ཐོག་ནས་ངོས་འཛིན་ལག་འཁྱེར་ཡིག་ཆ་ཞིག་ཡོད་པ་ནི་སྐྱབས་བཅོལ་ལག་དེབ་ RC དང་དེ་བརྒྱུད་ཕྱི་བསྐྱོད་ལག་དེབ་སེར་པོ་ IC རག་གི་ཡོད་མོད། ལག་དེབ་དེ་དག་གི་སྟེང་ནས་ས་ཆ་ཉོ་དགོས་པ་དང་ཚོགས་པ་སྒྲིག་འཛུགས་ཀྱི་དེབ་སྐྱེལ་རིགས། མཐའ་ན་ཚོགས་པ་ཞིག་གི་སྒོ་བྱང་ཞིག་ཀྱང་ཁྲིམས་ཐོག་ནས་ལེན་ཐུབ་ཀྱི་མེད་པ་མ་ཟད། ལོ་ལྟར་སྐྱབས་བཅོལ་ལག་དེབ་འབྲེལ་ཡོད་རྒྱ་གར་ལས་ཁུངས་སུ་ཐོ་འགོད་བྱ་དགོས་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་པའི་གནས་སྟངས་སོགས་ལ་བརྟེན། ཁོ་མོས་རང་ཉིད་ལ་ཡོད་པའི་རྒྱ་གར་རྩ་ཁྲིམས་ནང་གི་ཐོབ་ཐང་རག་རྒྱུར་བརྩོན་ལེན་བྱ་རྒྱུའི་འདུན་པ་བྱུང་སྟེ། ཕྱི་ལོ་ ༢༠༠༨ ཟླ་ ༣ ནང་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ལྡི་ལི་གྲོང་ཁྱེར་ཡུལ་མིའི་ལག་འཁྱེར་ཐོ་འགོད་ལས་ཁུངས་སུ། རྒྱ་གར་ཡུལ་མིའི་ལག་འཁྱེར་ཞུ་བའི་སྙན་ཞུ་ཞིག་ཕུལ་ཡོད་ཀྱང་། མོའི་ཕ་མ་གཉིས་བོད་རིགས་ཡིན་པ་དང་སྐྱབས་བཅོལ་ཕྱི་བསྐྱོད་ལག་དེབ་སེར་པོ་ཡོད་པའི་རྒྱུ་མཚན་གྱིས་སྙན་ཞུ་དེ་རྩིས་མེད་བཏང་ཡོད་འདུག་ཅིང་། དེ་ནི་རྒྱལ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་བཀའ་ཡིན་ཚུལ་བརྗོད་ཡོད་སྟབས། རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་རྒྱ་གར་གྱི་རྩ་ཁྲིམས་ནང་། ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༢༦ ཉིན་ནས་ ༡༩༨༧ ཟླ་ ༦ ཚེས་ ༡ ཉིན་བར་རྒྱ་གར་ནང་སྐྱེས་མཁན་སུ་འདྲ་ཞིག་ཡིན་རུང་། རྒྱ་གར་མི་སེར་ལག་འཁྱེར་ཞུ་རྒྱུའི་ཐོབ་ཐང་ཡོད་པ་ཤེས་རྟོགས་ཡོད་སྟབས། ཁོང་མོས་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ལ་ཐད་ཀར་གཏུག་བཤེར་བྱས་འདུག བརྒྱུད་རིམ་དེའི་ཐད་རྣམ་རྒྱལ་སྒྲོལ་དཀར་གྱིས་གསུངས་དོན། ཐོག་མར་ངས་རྒྱ་གར་ཡུལ་མིའི་ལག་འཁྱེར་(Indian passport)ཆེད་སྙན་ཞུ་ཕུལ་བ་ཡིན་ཡང་། ཡུལ་མིའི་ཐོ་འགོད་ལས་ཁུངས་ཀྱིས་སྙན་ཞུ་དེ་རྩིས་མེད་བཏང་རྗེས། ངས་ལྡི་ལི་མཐོ་རིམ་ཁྲིམས་ཁང་ལ་རྒྱ་གར་མི་སེར་ལག་འཁྱེར་( Indian citizenship )བཟོ་དགོས་པའི་ཁྲིམས་གཏུག་བྱས་པ་ཡིན་ཟེར།
རྒྱ་གར་གཞུང་གི་རྩ་ཁྲིམས་ཀྱི་ནང་གསེས་༼ Citizenship(Amendment) Act 1986 ༽ ཞེས་པར། “ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༢༦ ཉིན་ནས་ ༡༩༨༧ ཟླ་ ༦ ཚེས་ ༡ བར་རྒྱ་གར་ནང་སྐྱེས་པའི་མི་སུ་ཞིག་ཡིན་རུང་སྐྱེ་ཁུངས་ཀྱི་ཆ་ནས་རྒྱ་གར་མི་སེར་ལག་འཁྱེར་ཞུ་ཆོག” ཅེས་བཀོད་ཡོད་སྟབས། རྣམ་རྒྱལ་སྒྲོལ་དཀར་གྱིས་རྒྱ་གར་གྱི་རྩ་ཁྲིམས་ལྟར་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་ལྕམ་རོ་ཛི་ནཱ་སིཝ་མཱེ་བརྒྱུད་ལྡི་ལི་མཐོ་རིམ་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་མཐར། ༢༠༡༠ ལོའི་ཟླ་ ༡༢ པའི་ཚེས་ ༢༢ ཉིན་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་ཁོ་མོར་ཁྲིམས་མཐུན་ཐོག་རྒྱ་གར་མི་སེར་ལག་འཁྱེར་སྤྲོད་རྒྱུའི་ཐག་གཅོད་བྱུང་ཡོད་པ་མ་ཟད། དེ་སྔོན་རྣམ་རྒྱལ་སྒྲོལ་དཀར་གྱིས་སྙན་ཞུ་ཕུལ་སྐབས་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ཁོང་མོའི་སྙན་ཞུ་དེ་རྩིས་མེད་བཏང་བར་ཧིན་སྒོར་ ༥༠༠༠ གིས་གུན་གསབ་བྱ་རྒྱུ་དང་། མི་སེར་ཐོབ་ཐང་ལག་འཁྱེར་དེ་བདུན་ཕྲག་ ༨ ནང་ཚུན་དུ་སྤྲོད་རྒྱུ་ཐག་གཅོད་བྱས་ཡོད་འདུག
རྒྱ་གར་དབུས་གཞུང་གི་རྩ་ཁྲིམས་ Indian Constitution ཞེས་པའི་ཡིག་ཆ་ཨང ༥ ནས་ ༡༡ བར་གྱི་མི་སེར་ལག་འཁྱེར་ལེན་ཕྱོགས་སྐོར་གྱི་སྡེ་ཚན་གཉིས་པའི་ནང་འཁོད་མི་སེར་ཐོབ་ཐང་གི་ཚན་པ་དང་པོར། སྐྱེས་ཁུངས་མི་སེར་ཐོབ་ཐང་ནང་། “མི་སུ་ཞིག་ ༡༩༥༠ ལོའི་ཕྱི་ཟླ་ ༡ པའི་ཚེས་ ༢༦ ཉིན་ནམ། ཉིན་དེ་ནས་ ༡༩༨༧ ཟླ་ ༧ ཚེས་ ༡ ཉིན་བར་རྒྱ་གར་དུ་སྐྱེས་ཡོད་ཚེ། ཕྲུ་གུ་དེར་སྐྱེས་ཡུལ་གྱི་ཆ་ནས་རྒྱ་གར་མི་སེར་གྱི་ཐོབ་ཐབ་ལེན་ཆོག” ཞེས་བཀོད་ཡོད་ཀྱང་། ཕྱི་ལོ་ ༡༩༨༦ ལོར་རྩ་ཁྲིམས་བསྐྱར་བཅོས་བྱས་ཏེ་འགྱུར་བ་ཕྲན་བུ་སོང་ཡོད། དེ་ནི་ ༡༩༨༤ ཡས་མས་ནས་སིང་གྷ་ལ་དང་བྷིང་ལཱ་ལྡེ་ཤུ་སོགས་སུ་ཆབ་སྲིད་ཀྱི་ཟིང་འཁྲུག་ཆེན་པོ་བྱུང་བའི་དབང་གིས་རྒྱལ་ཁབ་དེ་དག་གི་མི་སེར་ཕོན་ཆེན་རྒྱ་གར་ནང་ཉེན་གཡོལ་བྲོས་བྱོལ་དུ་འབྱོར་ཞིང་། རྒྱ་གར་གྱི་རྩ་ཁྲིམས་ལྟར་ན། ཕྱི་མི་དེ་དག་ལ་རྒྱ་གར་ནང་བྱིས་པ་སྐྱེས་རིགས་ཚང་མར་རྒྱ་གར་མི་སེར་ལག་འཁྱེར་སྤྲོད་དགོས་པ་ཆགས་སྟབས། ༡༩༨༦ ལོར་རྩ་ཁྲིམས་བསྐྱར་བཅོས་བརྒྱུད། ཕྱི་ལོ་ ༡༩༨༧ ཟླ་ ༦ ཚེས་ ༡ ཉིན་གྱི་ཕྱིས་སུ་རྒྱ་གར་ནང་སྐྱེས་པའི་ཕྲུ་གུ་རིགས་ཡིན་ཚེ། ཕ་མ་གཉིས་ལས་གང་རུང་ཞིག་ངེས་པར་དུ་རྒྱ་གར་མི་སེར་ཡིན་དགོས་པའི་ཆ་རྐྱེན་བཞག་ཡོད།
གནད་དོན་འདིའི་ཐད་ཕྱི་ཚེས་ ༧ ཉིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད། བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་རྒྱ་གར་མི་སེར་ལག་ཁྱེར་ཞུས་པའི་བརྒྱུད་རིམ་སྐོར་བཅར་འདྲི་ཞུས་སྐབས་ཁོང་མོས་ངོ་སྤྲོད་གནང་དོན། ༢༠༠༨ ལོའི་སྤྱི་ཟླ་ ༣ པའི་ནང་ང་རང་གིས་རྒྱ་གར་ཁོ་རང་ཚོའི་འགྲོ་སྟངས་ནང་བཞིན་ལྡི་ལི་ནས་རྒྱ་གར་ཡུལ་མིའི་ལག་འཁྱེར་ཞུ་བའི་ཡི་གེ་ཞིག་ཕུལ་བ་ཡིན། ཟླ་གཉིས་ཙམ་གྱི་རྗེས་ནས་ཁོ་ཚོས་ང་ལ་འབྲེལ་བ་གནང་སྐབས། ངའི་ཕ་མ་གཉིས་བོད་རིགས་ཡིན་པ་དང་ང་ལ་ IC ཡོད་པར་བརྟེན་རྒྱ་གར་ལག་འཁྱེར་རག་གི་མ་རེད། འདི་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་བཀའ་རེད་ཟེར། འོན་ཀྱང་ང་རང་གི་བསམ་པར། ཕ་མ་གཉིས་བོད་རིགས་ཡིན་མིན་དང་ང་ལ་ལག་དེབ་སེར་པོ་ཡོད་མེད་ལ་འབྲེལ་བ་མི་འདུག དེ་ནི་ཁོང་ཚོས་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་དྲང་པོ་མ་བྱས་པ་རེད་བསམ་སོང་། དེར་བརྟེན། ངས་ཨ་མ་ལགས་དང་གྲོས་བསྡུར་བྱས་ཏེ། ཁྲིམས་རྩོད་པར་བརྟེན་ནས་རྒྱ་གར་ལྡི་ལི་མཐོ་རིམ་ཁྲིམས་ཁང་ལ་རྒྱ་གར་རང་གི་རྩ་ཁྲིམས་གཞིར་བཟུང་ཁྲིམས་གཏུག་བྱས་པ་ཡིན། ཞེས་དང་།
ཡང་ཁོ་མོས། ཁྲིམས་ཁང་ལ་གཏུག་བཤེར་བྱས་སྐབས་ང་རང་རྒྱ་གར་ནང་སྐྱེས་པའི་བོད་རིགས་སྤྱི་མཚུངས་ལྟར་ཕ་མ་གཉིས་བོད་རིགས་ཡིན་པ་དང་། སྐྱབས་བཅོལ་ལག་དེབ་དང་ཕྱི་སྐྱོད་ལག་འཁྱེར་ཡོད་པ་ཁ་གསལ་བོ་བཟོས་པའི་ཐོག་ནས་རྒྱ་གར་གྱི་རྩ་ཁྲིམས་ནང་། མི་སུ་ཞིག་ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༢༦ ནས་ཕྱི་ལོ་ ༡༩༨༧ ཟླ་ ༧ ཚེས་ ༡ ཉིན་བར་རྒྱ་གར་ནང་སྐྱེས་མཁན་ཡིན་ཚེ། ཕྲུ་གུ་དེའི་ཕ་མ་མི་རིགས་གང་ཡིན་མིན་དང་། ལུང་པ་གང་ནས་ཡོང་མིན་ལ་ཁྱད་པར་མེད་པར་ཕྲུ་གུ་ཁོ་རང་སྐྱེས་ཡུལ་གྱི་ཆ་ནས་རྒྱ་གར་མི་སེར་གྱི་ཐོབ་ཐང་ལེན་ཆོག་གི་ཡོད་པ་གསལ་བོར་བཀོད་ཡོད་སྟབས། ངས་དེ་ལ་བརྩོན་ལེན་བྱེད་ཀྱི་ཡོད་ཅེས་བཤད་པ་ཡིན་ཟེར།
ཁོ་མོར་རྒྱ་གར་ཡུལ་མིའི་ལག་འཁྱེར་ཞུ་ཡིག་དེ་རྩིས་མེད་བཏང་ཡང་། ཁྱེད་ཀྱིས་སྔར་ལས་བློ་སྟོབས་ཆེར་སྐྱེད་ཀྱིས་ལྡི་ལི་མཐོ་རིམ་ཁྲིམས་ཁང་ལ་རྒྱ་གར་མི་སེར་ལག་འཁྱེར་ཞུ་རྒྱུའི་བསམ་བློ་ཇི་ལྟར་སྐྱེས་སོང་ངམ་ཞེས་དྲིས་པར་ཁོང་མོས། རྒྱ་གར་ཡུལ་མིའི་ལག་འཁྱེར་ལེན་ཆོག་པ་ངས་ཤེས་པའི་ཐོག་ནས་སྙན་ཞུ་ཕུལ་ཡང་། སྙན་ཞུ་རྩིས་མེད་བཏང་སྟེ་ང་ལ་ཁྲིམས་ལུགས་ལྟར་དྲང་པོ་བྱས་མ་སོང་། ངས་རྩ་ཁྲིམས་ནང་གི་ཐོབ་ཐང་གཞིར་བཟུང་མི་སེར་ལག་འཁྱེར་ཐོག་མུ་མཐུད་ཁྲིམས་གཏུག་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན། ཞེས་བརྗོད་བྱུང་།
ཁྱེད་རང་དང་ཐོག་རྒྱ་གར་ཁྲིམས་ཁང་ལ་བཅར་ཏེ་རྩ་ཁྲིམས་ནང་གི་ཐོབ་ཐང་དེ་ཐོག་མར་གླེང་སྐབས། འབྲེལ་ཡོད་རྒྱ་གར་ཁྲིམས་ཁང་གིས་རྣམ་འགྱུར་གང་འདྲ་བསྟན་བྱུང་། ཁྲིམས་གཏུག་གི་བརྒྱུད་རིམ་ཁྲོད་དཀའ་ངལ་གང་དག་འཕྲད་སོང་ངམ་ཞེས་དྲིས་པར་ཁོང་མོས་ལན་འདེབས་གནང་དོན། ང་ཐེངས་དང་པོར་ཁྲིམས་ཁང་ལ་འགྲོ་དུས་ཁོང་ཚོས། ངའི་ཕྱི་བསྐྱོད་ལག་དེབ་སེར་པོའི་ནང་ང་བོད་རིགས་ཡིན་པའི་ཁས་ལེན་དང་མིང་རྟགས་བཀོད་ཡོད་པར་མ་ཟད། དེ་བཞིན་ལོ་ལྟར་སྐྱབས་བཅོལ་ལག་དེབ་སྟེང་ཐོ་འགོད་མཚན་རྟགས་ཞུ་མུས་ཡིན་པ་སོགས་ལ་བརྟེན་རྒྱ་གར་མི་སེར་ལག་འཁྱེར་ཞུ་རྒྱུའི་ཐོབ་ཐང་མེད་ཚུལ་ཤུགས་ཆེན་བཤད་ཀྱི་འདུག འོན་ཀྱང་ངས་ཁོ་ཚོར་ཕྱི་བསྐྱོད་ལག་འཁྱེར་སེར་པོའི་ནང་ང་བོད་རིགས་ཡིན་པར་བཀོད་ཡོད་པ་ལས། ང་བོད་ཀྱི་མི་སེར་ཡིན་པ་བཀོད་ཡོད་པ་མ་རེད་ལ། རྒྱ་གར་གཞུང་གིས་ཀྱང་ང་ཚོ་རྒྱལ་ཁབ་མེད་པར་( Stateless) ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ལོ་ལྟར་སྐྱབས་བཅོལ་ལག་དེབ་ཐོ་འགོད་མཚན་རྟགས་ཞུ་བར་འགྲོ་དགོས་པ་དེ་ང་ཚོར་གདམ་ཀ་ཡོད་པ་ཞིག་མིན་པ་སོགས་བཤད་པ་ཡིན། དཀའ་ངལ་ཤུགས་ཆེས་ཤོས་ཐོག་མ་ནས་འབྲེལ་ཡོད་ལས་ཁུངས་དང་ཁྲིམས་ཁང་སོགས་ལ་ཕྱིན་སྐབས། ང་ལ་ཉེས་ཅན་པར་འདྲི་གཅོད་བྱེད་སྟངས་ལྟ་བུ་བྱེད་ཀྱི་འདུག དེ་ནི་ཁོ་ཚོས་ངའི་སེམས་ཤུགས་གཅོག་རྒྱུ་དང་རེ་བ་མེད་པའི་སྣང་ཚུལ་ཞིག་བསྐྲུན་ཆེད་རེད་སྙམ་པའི་ཚོར་བ་བྱུང་སོང་།
ཡང་ཁོ་མོར་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་ཁྱེད་ལ་རྒྱ་གར་མི་སེར་ལག་འཁྱེར་སྤྲོད་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་། ད་སྔ་ལག་ཏུ་རག་མེད་པ་མ་ཟད་བདུན་ཕྲག་ ༨ ཙམ་ལ་བསྒུག་དགོས་སྐོར་བརྗོད་ཡོད་སྟབས། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་གཏུག་བྱ་སྲིད་མིན་དྲིས་པར། གཅིག་བྱས་ན་དེ་འདྲ་ཡོང་སྲིད་པ་རེད། ངའི་གནད་དོན་འདི་དེ་ལྟར་ཐག་གཅོད་ལག་བསྟར་བྱས་པ་ཡིན་ན། རྗེས་ཕྱོགས་བོད་པ་མང་པོ་ཞིག་ལ་ཁྲིམས་ཐོག་ནས་རྒྱ་གར་མི་སེར་ལག་འཁྱེར་སྤྲོད་དགོས་ཆགས་ཡོད། དེ་ལས་སླ་བོར་འཇོག་གི་མ་རེད། གང་ལྟར་ཆེ་མཐོའི་ཁྲིམས་ཁང་ལ་གཏུག་བཤེར་བྱ་དགོས་ཀྱང་ང་ཚོས་ཁྲིམས་རྩོད་པ་གྲ་སྒྲིག་བྱས་ཡོད། ང་རང་གི་བསམ་པར་ཕལ་ཆེར་དེ་འདྲ་ཨེ་ཡོང་ན་དྲན་ཡོད། དེ་རིང་ཉིན་རྒྱབ་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ཧིན་སྒོར་ ༥༠༠༠ གི་གུན་གསབ་དངུལ་འཛིན(cheque)དེ་ཡང་ང་ལ་འབྱོར་བྱུང་། ཞེས་བརྗོད་སོང་།
ཐེངས་འདིར་ཁྱེད་ལ་རྒྱ་གར་མི་སེར་ལག་ཁྱེར་རག་པ་དེ་འགའ་རེས་ཡག་པོ་འདུག་ཟེར་བ་དང་། ཡང་འགའ་རེས་བོད་པ་སྐྱབས་བཅོལ་བ་ཚོ་ཁ་འཐོར་དུ་མི་འགྲོ་ཆེད་གནས་ཡུལ་རྒྱལ་ཁབ་ཀྱི་མི་སེར་ལག་ཁྱེར་བླངས་ན་ཡག་པོ་མེད་སྐོར་ཡང་བཤད་མཁན་འདུག་སྟབས། འདིའི་ཐད་ཁྱེད་རང་ལ་བསམ་ཚུལ་གང་འདྲ་འདུག ང་རང་གིས་དང་ཐོག་རྒྱ་གར་མི་སེར་ལག་འཁྱེར་བཟོ་དགོས་པའི་དམིགས་ཡུལ་དེའང་བོད་པའི་རྩ་དོན་ཐད་ལས་དོན་བསྒྲུབ་རྒྱུར་འགོག་རྐྱེན་མི་ཡོང་བའི་ཆེད་དུ་ཡིན། མི་སེར་ལག་འཁྱེར་ཞུས་པའི་སྐབས་ཀྱང་ང་བོད་རིགས་ཡིན་པ་ཁ་གསལ་གཏིང་གསལ་བཟོས་ཡོད། བོད་པའི་ངོ་བོ་སྦས་ཐབས་གང་ཡང་བྱས་མེད། ལྷག་པར་དུ་ཕ་དམ་པ་ལགས་ཀྱིས་སྔོན་ཆད་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཐུགས་རེ་བཅིངས་ཏེ། ཐེབས་རྩ་ཚོགས་པ་ཞིག་བཙུགས་ཤིང་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པ་རེད། འོན་ཀྱང་ཡིག་ཆའི་དཀའ་ངལ་སོགས་རྒྱུ་རྐྱེན་གང་མང་ཞིག་གི་འོག ལས་དོན་དེ་འགྲུབ་ཡོད་པ་མ་རེད། ཕ་ལགས་ཀྱི་ཐུགས་རེ་དེ་མུ་མཐུད་བསྒྲུབ་ཐུབ་པ་བྱ་རྒྱུ་ནི་ངའི་ཕུགས་བསམ་ཡིན། སྐྱབས་བཅོལ་ལག་དེབ་ཅིག་ཉར་ཏེ་བོད་ཀྱི་རྩ་དོན་ལ་རྒྱང་ཐག་རིང་པོ་བྱས་ནས་སྡོད་རྒྱུ་ལས་དགོས་དབང་གིས་རྒྱལ་ཁབ་གཞན་ཞིག་གི་མི་སེར་ལག་འཁྱེར་བཟུང་སྟེ། བོད་ཀྱི་རྩ་དོན་ལ་ནུས་པ་ཞིག་འདོན་ཐུབ་ན་དེས་ཕན་ངེས་རེད། བོད་མིའི་ངོ་བོ་སྲུང་སྐྱོབ་ཐུབ་མིན་དེ་ལག་ཏུ་ཡིག་ཆ་གང་འདྲ་ཞིག་ཡོད་མེད་དེ་མ་རེད། གཙོ་བོ་བསམ་བློ་དང་ལག་ལེན་གྱི་བར་ན་ཡོད་པའི་རྩ་དོན་ཞིག་རེད། ཅེས་བརྗོད་སོང་།
བུ་མོ་འཇོན་པོ་ཟེར་ན་འདི་འདྲ་དགོས་རེད། མོས་བཤད་ཚུལ་ལྟོས་དང་ག་འདྲའི་སྤོབས་སེམས་ཞིག་འདུག
ཨ་ཤུ་རེ་ཁོ་ཡིན་ན། ང་ཚོ་གསར་འབྱོར་ཚོ།
གང་ལྟར་ང་ལ་ནི་རྒྱ་གར་མི་སེར་གྱི་ལག་འཁྱེར་མི་རེག་པ་ཐག་ཆོད་རེད། ང་ནི་ ༡༩༥༠ ནས་ ༡༩༨༧ བར་གྱི་རྒྱ་གར་གྱི་ཕྲུ་གུ་དེ་འདྲ་མིན། གང་ལྟར་བུ་མོ་ཁྱོད་ཀྱིས་འཇོན་འདུག བོད་པ་མང་པོ་ཞིག་རྒྱ་གར་མི་སེར་གྱི་ཁོངས་སུ་འཛུལ་བར་ལམ་ཁ་བཟོས་པ་རེད། སྤྱིར་ང་ནི་བོད་མི་རྣམས་རྒྱལ་ཁབ་གཞན་གྱི་མི་སེར་བྱེད་པར་ངོ་རྒོལ་བྱེད་མཁན་གྱི་གྲས་ཡིན། འོན་ཀྱང་ད་ལྟའི་ཆར་ཨ་རི་དང་། ཡོ་རོབ་ཁུལ་གྱི་བོད་མི་མང་ཆེ་བས་སྐྱབས་བཅོལ་ནས་རིམ་གྱིས་མི་སེར་ལག་འཁྱེར་རེག་ཐབས་ལ་འབད་བརྩོན་བྱས་དང་བྱེད་བཞིན་ཡོད་པས། བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་རྒྱ་གར་གྱི་མི་སེར་བཟོས་ཐུབ་ཀྱང་དེ་གཉིས་བར་ཁྱད་པར་དེ་ཙམ་མི་འདུག ང་ཚོའི་མི་རིགས་འདི་རིམ་གྱིས་ར་མིན་ལུག་མིན་ནས། རིམ་གྱིས་ཡུལ་མི་གཞན་དང་འདྲེས་ནས་བོད་པ་དངོས་འདི་རེད་ཅེས་སྟོན་པ་མེད་པ་ཞིག་ཆགས་པའི་སྔ་ལྟས་རེད། །
དོན་ལྡན་ཡིན་མིན་མ་ཤེས་ཀྱང། སྙོམས་ཆུང་འཁོས་ཞན་ཚོ་ནམ་ཞིག་བོད་ལ་དེད་དང་ན། མི་སེར་ལག་ཁྱེར་ཡོད་མཁན་འཇོན་པོ་ཚོ་ཡིན་ནའང་འདྲ། རྐང་པ་ཉིས་འཛུགས་བྱེད་མཁན་ཆོད་སེམས་བརྟན་པོ་མེད་མཁན་ཚོ་ཡིན་ནའང་འདྲ། ཁོང་ཚོ་འདེད་ཀི་མ་རེད་པཱ། དེ་དུས་རྣམ་རྒྱལ་མཚོ་མོ་ཡིན་ན་ཁྱེད་ཀྱང་རྒྱ་གར་ནས་བསྡད་ཆོག་རེད། དེ་ཙམ་མ་གཏོགས། ངོམས་སོ་ཁྱེར་ཡ་ཅིག་མི་འདུག་ལ། གསར་འགོད་པ་རྒྱུགས་ནས་འགྲོ་དགོ་ས་ཟིག་ཨེ་ཡིན་ན།
ཡུལ་མི་བཟོ་ཐབས་འདིའི་ཁྲིམས་མཐུན་ཆ་རྐྱེན་ཡོད་རིགས་བོད་མི་ཚང་མས་གོ་སྐབས་ལེན་རྒྱུ་ཧ་ཅང་གལ་ཆེར་མཐོང།
སྤྱིར་འདི་ལ་ཁ་ནས་དང་ཚོར་སྣང་གིས་དགག་བྱ་བྱེད་མཁན་འོང་གི་རེད། ཡིན་ཡང་། མི་ཞེས་པའི་རང་གཅེས་འཛིན་གྱི་སྒྲུབ་ཕྱོགས་དངོས་གནས་དང་འབྲེལ་ནས་བཤད་ཡོང་དུས། བོད་མིའི་ཐུན་མིན་ཁྱད་ཆོས་ཆོས་རིག་སྐད་ཡིག་བཅས་བཙན་བྱོལ་ནང་འཛིན་སྐྱོང་སྤེལ་གསུམ་གྱི་གོ་སྐབས་ཚད་ལྡན་ཞིག་ཡོང་བ་ལ་རྒྱ་གར་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཚོའི་ལུགས་མཐུན་ཁྲིམས་ཐོག་གི་ཐོབ་ཐང་ཡུལ་མི་སྤྱི་མཚུངས་ཤིག་མ་ཡོང་ཚེ། ཁོ་ཚོ་ཚང་མ་གོ་སྐབས་མ་བྱུང་ལ་ཡུལ་ལུང་གཞན་དུ་འགྲོ་ཐབས་བྱས་ནས་བཙན་བྱོལ་ནང་རྒན་གསོ་ཁང་ལྟ་བུའི་ཚོགས་སྡེ་དང་གཞིས་ཆགས་རེ་འགའ་ཡོད་པ་དེ་དག་ལས་མི་ཤུགས་རྫོགས་འགྲོ་བ་ཐག་བཅད་ནས་བཤད་ཆོག་པ་ཞིག་རེད། དེའི་ཕྱིར་གནད་དོན་འདི། གཞུང་མང་གཉིས་ཀྱིས་རང་དོན་རང་གཅེས་ཀྱིས་སྣང་མེད་དུ་མི་གཏོང་རྒྱུ་གལ་ཆེ། དེ་མིན་དེང་སང་ཁྲིམས་འགལ་དང་ལུགས་མཐུན་མིན་པའི་ཡུལ་མི་བཟོས་བཞག་པ་ཧ་ཅང་མང་པོ་ཡོང་གི་ཡོད་པ་དེ་ཚོར་ཡང་ཁྲིམས་ཁང་གིས་རྗེས་འདེད་འོང་བའི་སེམས་ཁྲལ་ཉུང་དུ་འགྲོ་གི་རེད། གང་ལྟར་གོ་སྐབས་འདིས་མཚོན་པའི་རྒྱ་གར་དུ་གནས་སྡོད་བོད་མི་འབོར་ཆེན་དེ་ཚོའི་ཁྲིམས་ཐོག་གི་ཐོབ་ཐང་ཆེ་རུ་གཏོང་རྒྱུ་དེ་བཙན་བྱོལ་སྤྱི་ཚོགས་ཀྱི་བྱས་རྗེས་དང་། ཞབས་འདྲེན་གྱི་མ་འོངས་ལོ་རྒྱུས་ལ་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད།
དེའི་ཕྱིར། བུ་མོ་འདིས་བྱས་རྗེས་ཆེན་པོ་བཞག་འདུག་ལ། རང་ཉིད་ལུགས་མཐུན་གྱིས་སྲུང་སྐྱོབ་ཡག་པོ་བྱུང་འདུག་པས། བཀྲིས་བདེ་ལེགས་ཡོད།
ད་ཡིིན་རང་སྡུག་རང་ཉོས་པ་མ་རེད་པས། རང་གཞུང་གིས་གསར་འབྱོར་་ཚོ་ལ་༼ RC ༽ བཟོ་མ་ཐུབ་པར་སྡུག་སྐད་ཤོར་བཞིན་པ་རེད། མོ་རང་གིས་ད་དུང་འཇོན་རབ་དང་ཡག་རབ་བཤད་གྱིན་འདུག། དེ་ནི་ཡག་རྟགས་ཤིག་མ་རེད་སོ་སོར་མི་རིགས་འདི་བརླགས་པའི་སྔོན་བརྡ་མ་རེད་པས།་ལྟས་ངན་རང་རེད
ཡ་ཡ། དུས་དེ་རིང་གི་ཉིན་མོ་ལམ་འགྲོ་ཅི་འདྲའི་རྒྱུགས་ཆེ་བ་ལ་ཨང་། ད་ངས་ཀྱང་ཁྲིམས་མཐུན་གྱི་མི་ཁུངས་ལག་ཁྱེར་ཞིག་རག་ཐག་ཆོད་རེད་བཞག མི་རིགས་གང་ཡིན་ཡང་ཚེ་འདི་ལ་རང་དབང་ལྡན་པའི་རྒྱལ་ཁབ་ཀྱི་མི་ཁུངས་སུ་གཏོགས་པ་ཞིག་བྱུང་ན་དེ་ག་རང་མ་རེད་པས། མི་སྒེར་ཞིག་ལ་བསམ་ན་རང་བཙན་ཐོབ་པ་དང་གཅིག་མཚུངས་རེད་པ། ད་གང་ལྟར་ཡང་ཕ་མ་བཙན་བཅོལ་བ་དང་སྐྱབས་བཅོལ་བ་ཡིན་ནའང་ང་རང་རྒྱལ་ཁབ་ཡོད་པའི་མི་སེར་ཞིག་ཆགས་རྒྱུ་རེད་འདུག་གོ། ཧ་ཧ་དགའ་བ་ལ་དང་སྐྱིད་པ་ལ།
བཙན་བྱོལ་་་་ཞེས་བཅོས་རོགས།
ཨ་རི་དང་ཁེ་ན་ད་གཉིས་ལ་ཡོདཔའི་བོད་མི་ཚོར་མཚོན་ན་ཡུལ་མིའི་ལགས་ཁྱེར་ཐོབ་ཚར་བ་དང་ཐོབ་པར་བསྒུག་བསྡོད་མཁན་དག་རེད་། དེ་དག་ཚང་མས་བོད་དོན་གཡུག་བཞག་པ་མ་རེད་པ་། བུ་མོ་འདི་ལ་མཚོན་ན་དྲང་བདེན་དང་ཁྲིམས་མཐུན་གྱིས་ལགས་འཁྱེརབླང་བ་རེད་། དེ་ཡ་རབས་ཚུལ་མཐུན་རེད་། དེ་མ་གཏོག་ང་ཚོའི་སྤྱི་མཐུས་ནང་ཡང་རྒྱ་གར་གྱི་མི་སེར་ཡིན་ཡོད་པ་ཚང་མས་ཤེས་གསལ་རེད་།
བུ་མོ་འདི་ཡིས་འཇོན་སོང།
བོད་དོན་ཅི་ཕྱིར་བརྗེད།
ཨ་རི་དང་ཁེ་ན་ཌ་ཡུ་རོབ་ལས་སོགས་སུ་ཡོད་པའི་བོད་པ་ཚོས་བོད་ནས་སླེབ་ཚུལ་གསར་འབྱོར་ཡིན་ཚུལ་རང་བཙན་གྱིས་དོན་དུ་ཁྲིམས་ཆད་པ་ཡིན་ཚུལ་སོགས་ལུང་པ་གང་བཤད་ནས་ཡུལ་གྲུ་དེ་དག་གི་ལག་ཁྱེར་བླངས་པ་དེ་དང་བུ་མོ་འདི་ཡིས་ཁྲིམས་མཐུན་དང་སྐྱག་རྫུན་གང་ཡང་མ་བཤད་ནས་ལག་ཁྱེར་ཐོབ་པ་གཉིས་ལ་བསྡུར་རོགས་གནང་དང་།
དམན་ཤར་མ་ཡིན་སྨན་ཤར་ཡིན།
མོ་ཡི་ལུས་ལ་ཕོ་སེམས་ཅན།
བོད་མིའི་སེམས་ལ་དཔའ་མོ་ཁྱོད།
ཁྲིམས་ལུགས་ཤེས་མཁན་ཁྱོད་ལས་མེད།
བོད་མི་རིགས་ནི་ཁྲིམས་ཁང་ཟེར་དུས་སྐྱུག་བྲོ་བར་བལྟ་བའི་ལུགས་སྲོལ་ཡོད།
རྒྱ་གར་བ་རྣམས་ནི་ཁྲིམས་བསྟུག་མེད་ན་འཇོན་སྟངས་མེད་པར་བརྩི་བཞིན་འདུག
བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ། རྒྱ་གར་ནང་ནས་སྐྱེས་ཚར་བྱུང་བའི་བོད་མིའི་བུ་ཕྲུག་ཚོར་རྒྱ་གར་ཡུལ་མའི་ཐོབ་ཐང་ལེན་ན་རགས་དགོས་པ་ནི་བབས་འོས་ཡོད་པ་ཞིག་ཡིན། དེ་ནི་་་་བོད་མི་རྒྱ་གར་བ་་་་ཞིས་པ་དེ་བྱུང་བ་རེད། ཡང་ན་་་རྒྱ་གར་ཁམས་པའམ་འཁྱམས་པ་་་ཞེས་པ་དེ་ཡང་ཡིན་པ་སྲིད། གང་ལྟར་ཉིན་ཤས་སྔོན་དགོན་པ་གང་ཞིག་གིས་ས་ཆ་ཉོས་པའི་རྙོག་གྲ་དེ་ཚོར་བསམས་ན་ང་ཚོ་བོད་མི་གང་མཚམས་ཤིག་གིས་རྒྱ་གར་ཡུལ་མའི་ཐོབ་ཐང་ལེན་དགོས་པ་འདྲ་བོ་མཐོང་སོང། གཞན་མི་གཞན་གྱི་མིང་ཐོག་རྒྱུ་ནོར་མང་པོ་བསོགས་འཇོག་བྱས་ན་འཇུག་འབྲས་ཇི་ཡོང་ཆ་མི་འཚལ། དཀའ་ལས་བརྒྱབས་ཚད་དོན་མེད་དུ་གྱུར་སོང་ན་ཕངས་པོ་རེད་བ། དེ་ལས་འུ་ཐུགས་ན་ང་རང་ཚོའི་མི་ཞིག་ལ་ཕན་ཐོག་ནའང་དགེ་མཚན་ཆེ་བར་སེམས། ད་གང་ལྟར་ངས་འདིར་ཤོད་འདོད་པ་ནི། ༼རྣམ་རྒྱལ་སྒྲོལ་དཀར་གྱི་ཕ་ལགས་ནི་བོད་བཙན་པོའི་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པའི་གདུང་རྒྱུད་ཡིན་ཞིང་༽ ཞེས་སྨྲས་པ་ལ་མི་མང་པོ་ཞིག་གིས་བོད་རྒྱལ་ལྷ་སྲས་དར་མའམ་གླང་དར་མ་བཀྲོང་ཚར་རྗེས། བོད་ཀྱི་རྒྱལ་པོའི་གདུང་རྒྱུད་ཆད་སོང་བ་གླེང་བཞིན་པར་གནས་ཡོད་ནའང། དེ་རིང་འདིར་བོད་ཀྱི་རྒྱལ་པོའི་གདུང་རྒྱུད་བསྡད་ཡོད་པ་མཐོང་བར་སེམས་ལ་དགའ་ཚོར་ཆེན་པོ་ཞིག་སྐྱེས་བྱུང། ཡིན་ནའང་གསར་འགོད་པ་བནྡེ་སྐྱབས་ཀྱིས་བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་དམིགས་གསལ་བོད་བཙན་པོའི་རྒྱལ་རབས་སོ་གསུམ་པ་་་་སྲོང་བཙན་སྒམ་པའི་གདུང་རྒྱུད་་་་ཡིན་ཞིང་ཞེས་རྩལ་དུ་བཏོན་ནས་སྨྲས་དགོས་པ་གང་ཡིན་ནམ། དངོས་གནས་བོད་བཙན་པོའི་རྒྱལ་རབས་ཀྱི་གདུང་རྒྱུད་ཡིན་ན་བོད་ཀྱི་བོན་པོ་རྣམས་ལ་ཐོབ་ཐང་ཆེན་པོ་ཡོད་དགོས་པ་ཞིག་ཡིན། དེ་ཡང་ང་ཚོ་བོད་མིའི་ལོ་རྒྱུས་ལ་བོད་མི་རང་གིས་བརྩི་བཀུར་ཞུས་པ་དགོས་པ་ཞིག་ཡིན་དུས་བོད་ཀྱི་བོན་པོ་ཚོར་ངེས་པར་ཤིས་རྟོགག་ཡོད་དགོས་པ་ཞིག་ཡིན།
http://www.tibetarchaeology.com/newsletter/
བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་བཀྲིས་བདེ་ལེགས།
སྐུ་ཉིད་བཙན་གདོང་བརྒྱུད་ཡིན་རིན་ཆོག་འདུག་་མོ་རྒོད་རེད་ཅེས་ངས་བསྔགས་བརྗོད་ཞུ་བར་ཐལ་སོང་།
དེ་མིན་ང་ཚོའི་བོད་པའི་མི་གཤིས་སྡུག་ཤོས་དེ་ནི་འཇོན་ཐང་ཅན་ཞིག་ཐོན་ན་ལམ་སེང་རྒྱུ་མཚན་སྣ་ཚོགས་བཏགས་ནས་ནག་གསུབ་གཏོང་ཐབས་བྱེད་པ་དེ་རེད།དེས་ང་ཚོར་འཇོན་ཐང་ཅན་ཐོན་རྒྱུར་འགོག་རྐྱེན་བཟོས་ཀྱི་འདུག་་ལྷག་པར་བུད་མེད་ནས་དེ་འདྲའི་འཇོན་ཐང་ཅན་ཐོན་རྒྱུ་ཁག་པོ་འདུག
དྲ་གྲོགས་ལས་རླུང་དང་།ལོ་ལོན།ལ་སྟོད་བུ་སོགས་ཀྱིས་དོན་དངོས་ལ་གཟིགས་ནས་ཡག་པོ་བྲིས་འདུག་ཡི་རངས་ཡོད།
ལར་ནས་མི་སེར་ཐོབ་ཐང་རག་པའི་རྗེས་ལ་དེ་བེད་སྤྱོད་གང་འདྲ་བྱུང་མིན་གང་ཟག་སྒེར་ལ་རག་ལུས་པ་རེད།
གང་ཟག་སྒེར་གྱི་རང་གི་འཚོ་ཐབས་ཁོ་ནའི་ཆེད་མིན་པར་སོ་སོའི་ཐོབ་ཐང་དེར་བརྟེན་ནས་བཙན་བྱོལ་གྱི་གཞུང་སྒེར་གྱི་སྒྲིག་འཛུགས་ཁག་སྲུང་སྐྱོབས་དང་བསྲ་བརྟན་གཏོང་རྒྱུ་དང་།ང་ཚོའི་ས་ཆ་མང་པོ་ཞིག་དེབ་མེད་པ་དེ་ཚོ་དེབ་སྐྱེལ་ཐོབ་པ་བཟོ་རྒྱུའི་གོ་སྐབས་ལེགས་སུ་ཕྱིན་ཡོད་པ་རེད།a
མི་སྒེར་གྱི་བེད་སྤྱོད་གཏོང་ཐབས་ལ་རག་ཆེན་པོ་ལུས་ཡོད་པ་རེད།
གནས་ཚུལ་ཡག་པོ་རེད། ན་ཆུང་བུ་མོ་ཞིག་གིས་རྒྱལ་ཁབ་ཅིག་གི་ཁྲིམས་ལ་གཏུགས་ནས་ལག་འཁྱེར་ལོན་པ་ཡག་པོ་ཡིན་ཡིན་པོ་རེད། རྒྱུ་མཚན་གང་ཡིན་ཟེར་ན་་་་་་་ཕྱོགས་གཅིག་བལྟས་ན་་་་་མོ་རང་ལ་རྒྱ་གར་རྩ་ཁྲིམས་ཕྱོགས་ལ་སློབ་སྦྱངས་ཡག་པོ་ཡོད་པའི་བདེན་རྟགས་རེད་ལ་སྤོབས་པ་ཡང་ཡོད་པའི་རྟགས་རེད། བོད་པའི་ཕོ་མོ་སུ་ཡིན་རུང་སློབ་སྦྱོང་ཡོད་པ་ཙམ་གྱིས་ག་ལ་འགྲིག་་་་་ལག་ལེན་ལ་ལྟ་ཐུབ་ན་བུ་མོ་འདི་ནང་བཞིན་རང་ཉིད་གཅིག་པུར་བསམ་བློ་བཏང་ཡང་ཁེར་སང་རེག་གི་རེད། མི་གཅིག་ལ་མཚོན་ན་་་་རང་ཉིད་ལ་གནས་ཡུལ་རྒྱལ་ཁབ་གང་ཡིན་པ་དེའི་ཁྲིམས་མཐུན་ལག་འཁྱེར་མེད་ན་དཀའ་ལས་ཁག་པོ་རེད། ཨ་རི་ལྟ་བུར་མཚོན་ན་་་་་ང་ཚོ་བོད་པ་མི་ཉུང་བ་ཞིག་ལ་ཁྲིམས་མཐུན་ལག་འཁྱེར་མེད་པས་ལས་དཀའ་ཡག་པོ་རེག་གི་མེད་པའི་དཀའ་ངལ་ཡོད་ནི་རེད། མི་ལོ་བཅོ་ལྔ་ཉི་ཤུ་ཟིན་ཡང་ད་དུང་ལག་འཁྱེར་མེད་པས་རྒྱལ་ཁབ་གཞན་ལ་འགྲོ་རྒྱུའི་དཀའ་ངལ་འཕྲད་བཞིན་ཡོད་ནི་རེད། ཡིན་ཙང་བུ་མོ་འདིས་ལག་འཁྱེར་ལོན་པ་འགྲིག་འདུག་སྙམ། གཞན་ཞིག་ནས་བཤད་ན་་་་་ང་ཚོའི་རྡ་སའི་བདེ་དོན་བརྒྱུད་ནས་ཀྱང་སྐྱབས་བཅོལ་བའི་ལག་འཁྱེར་ཙམ་རེག་ཁག་པོ་ཡིན་པ། གནས་ཡུལ་རྒྱལ་ཁབ་མི་སེར་ཐོབ་ཐང་ཆ་ཚང་བའི་ལག་འཁྱེར་རེག་རྒྱུ་ལས་སླ་བོ་ཞིག་ག་ལ་ཡིན།
བོད་བཙན་བྱོལ་གཞུང་འདིའི་འབྱུང་རིམ་ལ་ཕྱིར་མིག་ཅིག་གཟིགས་ནས་བསམ་བློ་ཞིག་ཐོང་། རྒྱལ་གར་ཡུལ་མིའི་ཐོབ་ཐང་མ་རགས་པ་རེད་དམ། ་མ་བླང་བ་རེད་། དུས་རབས་དང་མི་རབས་རྗེས་ནས་འགྲོ་དུས་། གནས་ཚུལ་ངོ་མ་་མང་པོ་ཞིག་བརྗེད་འགྲོ་གིན་འདུག།
ཞི་མོ་སྔོ་རྡོ་བོ་ ། སྙིང་རྗེ་། ངར་མ་ཞིག་རེད་། བཟང་གི་། གསར་འགོད་པས་སྒྲོ་བཏགས་པ་མིན་ན་། བུ་མོ་དེས་བསམ་ཚུལ་ལ་རྗེས་སུ་ཡིན་རང་ཡོད་།
ང་ཕྱི་རྒྱལ་ལ་སླེབས་ནས་ལོ་ངོ་༢༡པ་འདི་ད་ལོ་ཡིན། ད་ལྟའི་བར་ངས་རྒྱ་གར་གྱི་ལག་དེབ་སེར་པོ་དེ་འཆང་ནས་བསྡད་ཡོད། དེ་ཡང་ལོ་དུས་དང་ཤོག་ལྷེ་རྫོགས་ན་རྒྱ་གར་གཞུང་ཚབ་གྲོགས་པོ་དེ་ཚོའི་བརྒྱུད་ནས་གསར་བཟོ་དང་ལམ་མཆན་སོགས་ཆུ་ཚོད་གཅིག་གཉིས་ནང་ལ་གནང་བགྱིད་འདུག
འོན་ཀྱང་༢༠༠༨ནས་རྒྱ་གར་གཞུང་ཚབ་ཁང་ནས་སྤྲོད་མི་ཆོག་པར། རྒྱ་གར་དབུས་གཞུང་རང་ལ་ཞུ་དགོས་པ་དང་། ངའི་དེབ་མཐའ་མའི་ལོ་དུས་ཀྱང་། ༢༠༡༡ལོ་དཀྱིལ་ལ་རྫོགས་ཟིན་ནས། རྒྱ་གར་འགྲོ་རྒྱུ་ཡང་དཀའ་ངལ་འཕྲད་ནས་བསྡད་ཡོད། ད་རང་རྣམ་འདིར་བཞག་ན་ཡག་ག
བུ་མོའི་བྱེད་སྟངས་འདི་ལ་སེམས་གཏིང་ནས་ཉོབ་སོང་། འཇོན་པོ་མ་རེད་་མགོ་འདོགས་རེད་ལོ། ང་ཚོས་ཀྱང་མི་སེར་གྱི་ལག་འཁྱེར་ལེན་ཆོག་པ་ཞིག་རེད། རང་ཉིད་བོད་པ་རང་ངོས་ན་བསྡད་ན་ཡག་གི་པ
བུ་མོ་འདིས་རྒྱ་གར་གྱི་འབྲས་ལྡ་ལི་བློས་མ་ཐོངས་པ་ཞིག་རེད་འདོད་ཀི
ངས་བལྟས་ན་བོད་མིས་རྒྱ་གར་བའི་མི་སེར་ལག་དེབ་བཟོ་བ་ནི་སྥྱིར་བཏང་གི་ཆ་ནས་མི་རིགས་ཀྱི་ལ་ཞེན་དབེན་པའི་སྔ་ལྟས་ཤིག་ཡིན་པའི་རྒྱུ་མཚན་འདུག
བུ་མོ་འདི་དངོས་གནས་འབྱོན་ཐང་ལྡན་པ་ཞིག་འདུག་ཀྱང་བོད་དོན་ལ་ཁ་འཁོར་ན་འདྲིའི་འབྱོན་མིན་སུས་ཤེས་གང་ལྟར་བོད་རིགས་ཤིག་ཡིན་པས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
བོད་རིགས་འདིར་སྐྱེས་ཚང་མས་དེ་ལྟར་བྱས་ན་ལེགས་ཉེས་གང་ཞིག་ཏུ་འགྱུར་རམ།
དེ་སྔོན༡༩༦༠ ནང་་བོད་པ་རྒྱ་གར་གི་མི་སེར་བྱེད་གི་མིན་ལབ་ནས་ས་ལོ་ལྔ་བཅུ་ལ་གཡར་བ་རེད། ལོ་སྔོན་མར་ཡང་བསྐྱར་ལོ་ལྔ་ཅུ་ལ་ས་གཡར་བ་རེད། འདི་བོད་ལ་གཞུང་ཞིག་ཡོད་པའི་རྟགས་བསྟན་པ་རེད་ཟེར་ནས་ཟམ་གདོང་རིན་པོ་ཆེ་གི་བཤད་སོང། བོད་པ་ཁ་ཆེ་ཚོས་དང་པོ་ནས་རྒྱ་གར་མི་སེར་བཟོས་པ་རེད། དེའི་ཕྱིར་ཁོ་ཚོས་ཞལ་འདེབས་ཙམ་ལས་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་སྤྲད་ཆོག་གི་ཡོད་པ་མ་རེད། རྒྱ་གར་གིས་བཀག་འགོག་བྱེད་གི་ཡོད་པ་རེད། མཆན་འགོད་ཕལ་ཆེ་བས་རྒྱ་གར་གི་མི་སེར་བྱས་ན་ཡག་པོ་འདུག་ཟེར་ལ་ཧ་མི་གོ་གི། ཕྱི་རྒྱལ་ཚང་མ་རྒྱ་གར་མིན་པ་ཤེས་དགོས།
བོད་པ་མིང་ཅན་གྱིས་རྫུན་ཤོད་ཀྱི་འདུག རྒྱ་གར་ཡུལ་མིའི་ཐོབ་ཐང་བླངས་རྗེས་རང་དབང་ལག་དེབ་ཉར་མི་ཆོག་པའི་གནས་ཚུལ་གང་དུ་བྱུང་བ་རེད། ཀ་རྡོར་སྒང་གསུམ་གཙོས་པའི་ས་གནས་གང་འཚམས་ནས་བོད་མི་ཚོས་ཡུལ་མིའི་ཐོབ་ཐང་ལག་དེབ་བླངས་ནས་ཡོད་མཁན་གྲངས་འབོར་ཧ་ཅང་ཆེན་པོ་རེད་ལ་དེ་དང་མཉམ་དུ་བོད་མིའི་དངས་བླངས་འཕྱ་དངུལ་ལག་དེབ་་ཀྱང་ལུགས་མཐུན་གྱིས་ཉར་ནས་འོས་བླུགས་པ་དང་ཁྲལ་མཇལ་བ་སོགས་བྱེད་བཞིན་པ་ཕྱི་གསལ་ནང་ནང་གསལ་རེད། དེའི་རིགས་ཀྱིས་རྡ་སའི་གངས་སྐྱིད་དང་། མེག་ལོར་སོགས་ཀྱང་གང་འཚམས་ཁྱབ་ཡོད་པ་རེད།
འགན་མེད་པ་དང་ཞིབ་འདངས་མ་བརྒྱབས་པའི་སྐད་ཆ་གང་བྱུང་བཤད་ན་སྤྱི་དམངས་ཀྱི་མངོན་འདོད་སྤུངས་སའི་འཁོར་ཡུག་ནང་ཕན་ལས་གནོད་དུ་འགྱུར་སྲིད་པ་རེད།
རྩ་བའི་ཆ་ནས་མི་ཞེས་པ་དེའི་སྤུས་ཚད་རང་བཞིན་དུས་རབས་དང་མཐུན་པའི་ངོས་འཛིན་གྱི་རྨང་གཞིའི་ཐོག་ནས་ལྟོས་དང་། རྒྱ་གར་དུ་གནས་སྡོད་བོད་མི་འབོར་ཆེན་དེར་ཁྲིམས་མཐུན་ཐོབ་ཐང་གི་གནས་བབས་ཡར་རྒྱས་སུ་གཏོང་མ་ཐུབ་ན། ཆོས་རིག་སྐད་ཡིག་བཅས་རྒྱུན་འཛིན་དང་དར་སྤེལ་ཟེར་བའི་གཞུང་སྒེར་ཐུན་མོང་གིས་སྒྲོག་བཞིན་དེ་ཁ་གཡང་དང་། འབོད་སྒྲ་གློ་བུར་བ་ཞིག་གི་རིན་ཐང་ལས་འོང་མི་ནུས་པ་ཕྱོགས་ཡོངས་ནས་མཐོང་ཐུབ་པ་ཞིག་རེད། དེའི་ཕྱིར། བུ་མོ་འདིས། དེ་འདྲའི་ལུགས་མཐུན་གྱིས་ལམ་ཁ་ཞིག་ཡོངས་ཁྱབ་སྤྱི་སྐལ་དུ་གཏོད་ཐུབ་པ་ནི་རང་དོན་ཁེར་གཉེར་དང་ཡུལ་ཁྲིམས་བརྩིས་མེད་ཀྱིས་རྫུན་བཟོ་བྱས་ཟིན་པའི་ངོ་གཉིས་མ་ཚོ་ལས་ཧ་ཅང་གིས་རིན་ཐང་ཆེན་པོ་རེད། འདི་ལ་ཚོར་སྣང་ཙམ་འགོག་མ་ཐུབ་པར་གང་བྱུང་མ་ལབ་ན་ཡག་པོ་མི་འདུག་གམ།
ངས་བསམ་ན་བོད་བཙན་བྱོལ་པ་འབུམ་གཅིག་ལྷག གཉིས་མ་ཟིན་པ་དེས་མི་རིགས་རིག་གཞུང་དང་བཅས་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་དང་འབོད་སྒྲ་དེ་མ་ཤི་གསོན་གནས་ཅུང་ཙམ་འོང་བ་ལ་རྒྱ་གར་ནང་ཁྲིམས་མཐུན་ཐོབ་ཐང་ཆེ་རུ་གཏོང་བ་འདི་ལས་ཐབས་མཆོག་ཏུ་གྱུར་བ་ཞིག་གཏན་ནས་མཐོང་གི་མེད། དབུ་༸གོང་ས་མཆོག་དང་བོད་གཞུང་། མཇུག་དེར་ཡོད་མི་དམངས་བཅས་ནུས་པ་མཉམ་སྤུངས་ཀྱིས་གནད་དོན་འདིར་ཐུགས་སྣང་སྔར་ལྷག་དགོས་པ་དེ་ལོ་རྒྱུས་དང་དངོས་ཡོད་འཚོ་བའི་གལ་གནད་རང་བཞིན་ཞིག་ཡིན་པ་འདྲ་ན་་་་་་བསམ་ཚུལ་སྤུངས་ནས་གཞུང་གི་འབྲེལ་ཡོད་མི་སྣའི་རྣ་བར་ཐོན་ཐུབ་པ་ཞིག་ཡོང་དགོས་པ་འདྲ།
བུ་མོ་ངར་བ་རེད། བཙན་བྱོལ་བོད་མི་ཡོངས་ལ་རྒྱ་གར་གྱི་མི་སེར་བྱ་རྒྱུའི་དཔེ་སྟོན་ཡག་པོ་ཞིག་བཞག་འདུག འདིའི་སྐོར་རྒྱལ་བ་རིན་པོ་ཆེས་ཀྱང་ཐེངས་རེ་ཟུང་ལ་གསུངས་སོང་བསམས་སོང་། རྒྱལ་ཁབ་མང་པོ་ཞིག་ནང་། ལོ་ཅི་སོང་དང་གནས་སྟངས་ལ་དཔག་ནས་རྒྱལ་ཁབ་གང་དེའི་མི་སེར་ཆགས་པའི་ལམ་ཁ་ཞིག་ཡོད་པ་རེད།
བོད་མི་སྐྱབས་བཅོལ་བ་ཚོ་རྒྱ་གར་གྱི་མི་སེར་ཆགས་ན། རང་དོན་ལ་ཁེ་ཕན་མང་པོ་ཞིག་ཡོད་པས་ཕན་ཐོགས་པ་མ་ཟད་བོད་སྤྱི་དོན་ལའང་ཕན་ཐོགས་ཀྱི་རེད། བོད་དོན་ལ་རྒྱ་གར་གྱི་མི་སེར་མ་མཐའ་འབུམ་གཅིག་གིས་སྙན་སྐུལ་ཞིག་ཞུས་པ་ཡིན་ན་གནས་སྟངས་འདི་ལ་རྒྱ་གར་གཞུང་ཕྱོགས་ནས་སྣང་མེད་ལ་གཏོང་ཐུབ་ཀྱི་རེད་པས། རྒྱ་གར་མི་སེར་གྱི་ཐོག་ལ་རྒྱ་གཞུང་ནས་ཀྱང་གང་བྱུང་མང་བྱུང་བྱེད་ཐུབ་ཀྱི་མ་རེད། སྐྱབས་བཅོལ་གྱི་ངོ་བོའི་ཐོག་བསྡད་པ་ཡིན་ན་རྒྱ་གར་ནག་གཉིས་ཀྱི་བརྙས་བཅོས་ཡང་སེ་གཟེད་དགོས་ཐུག་གི་རེད། ཁོ་ཚོར་མཁོ་དུས་རེ་བྱུང་སྐབས། ང་ཚོས་མི་འདོད་བཞིན་དུ་ཁོ་ཚོའི་ལག་ཆ་བྱེད་དགོས་ཐུག་གི་རེད། གཞུང་སྒེར་གཉིས་ལ་ཁེ་ཕན་དངོས་སུ་མིག་གིས་མཐོང་རྒྱུ་ཡོད་པ་འདི་འདྲར་ད་རུང་རྩོད་པ་བྱས་སྡོད་དགོས་བྱུང་ན་ང་ཚོས་དོན་ཆེན་ཞིག་འགྲུབ་པའི་དུས་ཚོད་ནམ་ཡང་ཤར་གི་མ་རེད།
བོད་མི་མང་པོ་ཞིག་རྒྱ་གར་གྱི་མི་སེར་ཆགས་པ་དེ་ཡག་པོ་ཡིན་ནའང་། རྩ་བའི་བོད་གཞུང་གི་ཚོགས་པ་སྒྲིག་འཛུགས་འདི་དག་སྐྱབས་བཅོལ་བའི་མིང་ཐོགས་བསྡད་པ་ཡིན་ནའང་། དེ་ལ་རྒྱལ་སྤྱིའ་ཐོག་ནས་རོགས་རམ་གང་འཚམས་རག་གི་ཡོད་པ་འདྲ།
བོད་མི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མི་སེར་ཆགས་ཟིན་པ་དེ་ཚོ། རྒྱལ་ཁབ་དེ་དང་དེའི་མི་སེར་ཆགས་མེད་པར། སྐྱབས་བཅོལ་བའི་ངོ་བོའི་ཐོག་བསྡད་ཡོད་པ་ཡིན་ན། རྒྱལ་གཅེས་མ་དངུལ་སྤྲོད་ཐུབ་མཁན་མང་པོ་ཡོད་རྒྱུ་མ་རེད་འདོད།
ངས་བལྟས་ན། རྒྱལ་ཁབ་གཞན་གྱི་མི་སེར་བྱེད་འདོད་མེད་པ་དེ། ཕྱོགས་གཅིག་ནས་བལྟས་ན། མིའི་སེམས་ཁམས་ལ་ཐུག་པའི་གནད་དོན་ཞིག་ཀྱང་རེད། དེ་ལྟར་བྱས་ན་བོད་ཟེར་བ་འདི་ཕར་གཡུགས་ནས་རྒྱལ་ཁབ་གཞན་ཞིག་གི་ནང་འཛུལ་ཕྱིན་པ་ལྟ་བུ་དང་། རྒྱལ་ཁབ་བམ་མི་རིགས་གཞན་པ་ཞིག་ཆགས་པའི་སྣང་བ་ཞིག་མི་མང་པོ་ཞིག་ལ་ཡོང་གི་ཡོད་པ་འདྲ། དང་པོར། ཀེ་ན་ཊར་ཡོང་མཁན་ནང་ཡང་། ཀེ་ན་ཊའི་མི་སེར་བྱེད་རྒྱུ་མིན་ཟེར་མཁན་བྱུང་ཡོད་པ་འདྲ། དེ་ནི་རང་རང་སོ་སོའི་བསམ་བློ་གཏོང་སྟངས་ཤིག་རེད་མ་གཏོགས་གཞན་མ་རེད།
མདའ་ཚན་པས་དངོས་ཡོད་དོན་དངོས་ཀྱི་སྐད་ཆ་ཞིག་ཤོད་ཀྱི་འདུག
འདིའི་ཐད་ཚང་མས་དོ་སྣང་གིས་འཕྲལ་ཕུགས་གཉིས་དང་སྤྱི་སྒེར་གཉིས་སོགས་ཀུན་ལ་ཕན་པའི་ལས་དོན་བསྒྲུབ་རྒྱུ་གལ་ཆེ།
བུ་མོ་ཁྱེད་ལ་རྒྱ་གར་ཡུལ་མིའི་ཐོབ་ཐང་ལག་ཁྱེར་རག་པ་དེས། བོད་ལ་ལོག་འདོད་མེད་མཁན་ཁྱེད་དང་ན་མཉམ་གྱི་བོད་ཕྲུག་ཁ་ཤས་ལ་ཕན་ཐོགས་ཆེན་པོ་བྱུང་འདུག། དེ་ལ་བཀྲ་ཤིས་བདེ་ལེགས་ཡོད། ཡང་ཁ་ཤས་ཕ་མ་བཟང་པོས་སློབ་སྟོན་འོག་རྒྱ་གར་དུ་སྐྱེས་ཀྱང་བོད་པ་སྐྱབས་བཅོལ་བ་སྤྱི་འཚུངས་ལྟར་སྐྱབས་བཅོལ་ལག་ཁྱེར་གྱི་ཐོག་ནས་འཚོ་བ་རོལ་མཁན་དེ་འདྲ་ཡང་ཡོད་སྲིད། སྤྱིར་གཏང་བྱས་ན་ཁྱེད་ལ་རྒྱ་གར་ཡུལ་མིའི་ཐོབ་ཐང་རག་པ་དེས། བོད་པ་ཚང་ལ་ཕན་པའི་དཔའ་སྐད་ནམ་ཡང་མ་འདོན་རོགས། ས་ཆ་འདི་ལ་ང་ཚོ་ནམ་ཡང་སྐྱབས་བཅོལ་བ་རེད། འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་ལ་རེ་འབོད་བྱེད་དུས། ང་ཚོར་བདེན་པའི་ཚིགས་གཉིས་འབོད་རྒྱུ་ཡོད་རེད། སྐྱབས བཅོལ། ཟེར་བའི་ཚིགས་དེས་ང་ཚོར་མི་ལོ་ཧྲིལ་པོ་ལྔ་བཅུ་ང་གསུམ་ནང་ལ་བོད་པ་བཙན་བྱོལ་དུ་ཡོད་པ་ཚོར་བོད་པ་ཡིན་པ་བདག་པོ་རྒྱབ་ཡོད། སྤྱིར་གཏང་བྱས་ན་ཡུལ་གཞན་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་རག་པ་དེས་རྩ་བས་བོད་པ་ཚང་ལ་ཆེ་ཆུང་མ་གཏོག་གྱོང་ཞིག་ལས་ཁེ་མེད་པ་དངོས་ཡོད་རེད། རྒྱ་གར་ཡུལ་མིའི་ཐོབ་ཐང་ལག་ཁྱེར་མེད་བཞིན་དུ་ད་དུང་རྒྱ་གར་དུ་སྐྱེས་པའི་བོད་ཕྲུག་ཚོར་འགྲོ་འཆག་ཉལ་འདུག་ཐམས་ཅད་རྒྱ་གར་བ་དང་གཅིག་པ་གྱུར་པ་མཐོང་ཆོས་སུ་གྱུར་པ་འདི་རེད། ད་ལྟར་ཁྱེད་རང་ཚོར་བོད་པ་ཡིན་ཟེར་ཆོག་ཀྱང་མ་འོང་པ་ལོ་ལྔ་བཅུ་དང་བརྒྱ་ཡི་རྗེས་སུ་ཁྱེད་ཚོས་བུ་ཕྲུག་དེ་ཚོར་བོད་པ་ཡིན་དགོས་ན་སོ་སོར་བོད་པ་ཡིན་པའི་དཔང་རྟགས་སྟོན་རྒྱུ་ཡོད་པ་ད་ལྟར་ནས་ཕ་མས་མ་བྱས་ན་རྗེས་མ་བོད་པ་ཡིན་པའི་དཔང་རྟགས་གནའ་སྔ་མོ་ངའི་ཨ་མྱེ་བོད་པ་རེད་ཟེར་བ་ཙམ་ལས་གཞན་ཅི། རྒྱ་གར་ཁམས་པ་དང་བལ་ཡུལ་ནང་ཤར་པ་དང་རྟ་དམར་དེ་ཚོ་དང་གཅིག་པ་གཅིག་ཀྱང་ཆགས་པ་སྨྲོས་མེད་རེད། དོན་དངོས་ཐོག་ཁྱེད་རང་སྐྱབས་བཅོལ་བའི་སྒྲིག་འཛུགས་ལས་ཐར་བ་རེད། དེ་ལ་ཡང་བཀྲ་ཤིས་བདེ་ལེགས་ཡོད། འདིའི་རིགས་དེ་ལ་སྨྱུག་ཐོགས་པས་བཀག་འགོག་གིས་ཡི་གེ་བྲིས་ན་ཡག་པོའདུག། བསམ་བློ་ཡག་པོ་ཐོང་དང་གནས་སྐབས་ཕན་པ་ལྟར་སྣང་ཡང་ཕུག་ལ་གནོད་པའི་རྒྱུ་ཞིག་ལས་མ་འདས་པ་དེ་ནི་སྔོན་བྱུང་གིས་ལོ་རྒྱུས་ཚོས་དཔང་རྟགས་བྱེད་ཆོག། གྲངས་ཉུང་མི་རིགས་ཚོར་མི་རིགས་ཆེན་པོས་ནང་དུ་ཐིམ་ཟེར་བ་དེ་ཡང་འདི་འདྲ་ཞིག་ལས་གཞན་པ་ཡོད་མ་རེད། སོ་སོའི་སོ་སོར་བདག་པོ་རྒྱབ་མ་ཐུབ་ན་ཚར་རེད། དྲ་གྲོགས་ཁ་ཤས་གི་བསམ་བློ་མ་གཏོང་ནས་བཤད་མཁན་འདུག་བ་ཅོལ་ཆུང་རེད། ཡང་ཁ་ཤས་གི་ཟེར་ན་ཕྲག་དོག་བྱས་ནས་གང་བྱུང་བཤད་འདུག་ཟེར་ཚོད་རེད། ཡང་ཁ་ཤས་ག྄ི་རྒྱལ་བ་རིན་པོ་ཆེའི་རྒྱ་གར་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་ན་ཡག་པོ་འདུག་གསུངས་པ་དྲན་གི་འདུག་ཟེར། དེ་འདྲ་གསུངས་སྲིད་གི་མ་རེད། གལ་སྲིད་གསུངས་ཡོད་ན་ག་དུས་གསུངས་སོང། ག་བར་གསུངས་སོང། རྒྱ་གར་གཞུང་གི་ཐོག་མར་བོད་པ་བཙན་བྱོལ་དུ་ཡོང་སྐབས༡༩༦༠ཐམས་པའི་ལོར་རྒྱ་གར་མི་སེར་གྱི་ཁུངས་སུ་འཛུལ་གི་ཡིན་པས་ཡང་ན་སྐྱབས་བཅོལ། ང་ཚོས་སྐྱབས་བཅོལ་གདམ་པ་རེད། ང་ཚོས་སྐྱབས་བཅོལ་གདམ་དགོས་པའི་རྒྱུ་མཚན་དང། མ་ཚད་རྒྱ་གར་ཡུལ་མིའི་ཐོབ་ཐང་གིས་བོད་ཀྱི་རྩ་དོན་ཕན་ཐོགས་ཡོད་ན་བཙན་བྱོལ་གཞུང་དེ་རྒྱ་གར་ཡུལ་མིའི་ཐོབ་ཐང་ནང་དུ་མ་འཛུལ་བ་རྒྱུ་མཚན་ག་རེ་རེད། དམིགས་གསལ་དྲི་བ་འདི་དྲ་གྲོགས་མདའ་ཚན་པ་དང་རྗེས་འཇུག་པ་དེ་ཚོར་ཡིན། ཡང་ཟེར་ན་གཞུང་སྐྱབས་བཅོལ་དུ་བསྡད་བོད་པའི་མི་སེར་དེ་ཚོར་རྒྱ་གར་མི་སེར་ཁུངས་དུ་འཛུལ་ན་ཡག་རབས་གསུངས་འདུག། ཡག་པོ་ཡིན་པའི་རྒྱུ་མཚན་སོ་སོར་སྒེར་ལ་མིན་པ་བོད་པ་ཡོངས་ལ་ཡག་པོ་ཡིན་དགོས་པའི་རྒྱུ་མཚན་གསུངས་རོགས། གནའ་མིའི་དཔེ། གནོད་སྐྱེལ་རོགས་དེ་བཀུག་མི་དགོས། སྲིན་མའི་རིལ་བུ་སྒྲིལ་མི་དགོས། ཟེར་བ་དེ་ཇི་འདྲའི་བདེན་པ་ལ་ཨང།
བོད་པ་རྒྱ་གར་དུ་ ༨༧ ལོའི་སྔོན་ལ་སྐྱེས་པ་ཆ་ཚང་ཡུལ་མའི་ལག་ཁྱེར་ངེས་པར་དུ་བཟོ་དགོས་འདུག
འཇོན་པའི་ཐོག་ལ་བུ་མོ་འདི་སྙིང་ཡང་རྗེ་སེ་ཞིག་འདུག་ད་།
་་་་་་ རྒྱ་གར་གཞུང་གི་རྩ་ཁྲིམས་ཀྱི་ནང་གསེས་༼ Citizenship(Amendment) Act 1986 ༽ ཞེས་པར། “ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༢༦ ཉིན་ནས་ ༡༩༨༧ ཟླ་ ༦ ཚེས་ ༡ བར་རྒྱ་གར་ནང་སྐྱེས་པའི་མི་སུ་ཞིག་ཡིན་རུང་སྐྱེ་ཁུངས་ཀྱི་ཆ་ནས་རྒྱ་གར་མི་སེར་ལག་འཁྱེར་ཞུ་ཆོག” ཅེས་བཀོད་ཡོད་་་་་་་