ཟླ་ཀླུང་།
མཛེས་པའི་ཁ་དང་ནུ་མ་ལ་ཆགས་པའི། །
སྦྲང་རྩིའི་དོག་པ་གཞིབས་པའི་སྐྱེ་བོ་ནི། །
ཞིམ་མངར་དགའ་བདེའི་རོ་ཡིས་མྱོས་འགྱུར་བས། །
ཁྱོང་ནི་ངེས་པ་དོན་གྱི་བདེ་སྟེར་མ། །
ཁྱོད་ནི་བརྩེ་བའི་དབང་གྱུར་ཅིང་། །
ཁྱོད་ཀྱིས་ལུས་སྲོག་སྦྱིན་གྱུར་མོད། །
ཁྱོད་ནི་མཛའ་བོས་བསླུ་བས་ན། །
ཁྱོད་ཀྱི་མི་ཚེ་དཀའ་ངལ་ཉིད། །
གཞོན་ནུ་ལང་ཚོས་མཛེས་པ་ན། །
ཟློག་ཀྱང་སྙན་པའི་ངག་གིས་འཁོར། །
དགའ་མགུའི་འབྲས་བུ་མངོན་པ་ན། །
བོས་ཀྱང་ཨ་ལན་མེད་པར་བྲོས། །
འདི་ནི་ང་ཚོའི་སྤྱི་ཚོགས་ཐོག །
རྒྱུན་པར་མངོན་པའི་ལས་ཡིན་ན། །
འཚར་ལོངས་བྱུང་བའི་གཞོན་ནུ་མས། །
ཅི་ཡི་ཕྱིར་ན་གཟབ་མི་བྱེད། །
སྙན་པར་སྨྲས་པའི་ཚིག་འགའ་དང་། །
གནས་སྐབས་ཙམ་གྱི་བདེ་བའི་ཆེད། །
མི་ཚེའི་མདུན་ལམ་ཆུར་གཡུག་པ། །
མིག་ལྡན་གཡང་དུ་མཆོངས་པ་ཡིན། །
སེམས་པ་ཤོར་བའི་གནས་སྐབས་ན། །
ཁྱོད་ཉིད་འཐོབ་པའི་བྱ་ཐབས་སུ། །
དམ་བཅའི་རི་མོ་སྣ་ཚོགས་ལྷན། །
སྲོག་ཀྱང་གཏོང་བའི་བློ་ཡོད་མོད། །
ཡུན་རིང་འགྲོགས་པའི་སུན་སྣང་དང་། །
བཟང་ངན་རྐྱེན་གྱིས་ཁ་བསྒྱུར་བས། །
གཤིས་སྤྱོད་གཞན་དུ་འགྱུར་བ་ནི། །
རྣམ་ཤེས་བརྗེས་པའི་ཚུལ་བཞིན་འབྱུང་། །
ལུས་ཟུངས་དྭངས་མ་ཕྲུག་གུའི་ཆེད། །
སོང་བས་མཛེས་པའི་མདངས་ཉམས་ཤིང་། །
གྲོགས་པོས་བསླུས་པའི་ཡི་ཆད་ཀྱིས། །
མངོན་སུམ་ཡི་དྭགས་བཞིན་དུ་འགྱུར། །
ཅུང་ཟད་ཉེས་པའི་སྐྱོན་མེད་མོད། །
དམན་པར་སོང་བའི་བརྙས་བཅོས་ཀྱིས། །
ཚིག་ངན་འདྲ་མིན་མཚོན་ཆའི་ཆར། །
ཚ་གྲང་འཁྲུགས་པའི་ཐོག་བཞིན་ལྷུང་། །
ཀྱེ་མ་ཉམ་ཆུང་བུ་མོ་ཚོ། །
སྣ་མང་ལས་ཀྱིས་དུབ་པའི་ཁར། །
སྡིགས་རྡུང་གཏམ་ངན་ལ་སོགས་པ། །
ཉི་མ་རེ་ཡང་ཕར་མཐའ་ཡས། །
འཇིག་རྟེན་འདིར་ནི་གསོན་པོ་རུ། །
བསྡད་ཀྱང་དཀའ་ངལ་བཟོད་ཐབས་དཀའ། །
ཤི་ཡང་ལུས་ལས་ཆད་པའི་བུ། །
གཅིག་པུར་འཇོག་ཐབས་ག་ལ་ཡོད། །
དཀའ་ངལ་མང་པོའི་ཚེ་མཐའ་རུ། །
བུས་ཀྱང་དགྲ་རུ་བལྟ་སྲིད་པས། །
བདག་མེད་ལུས་པའི་སྐྱེས་མ་ཚོའི། །
མི་ཚེ་སྡུག་གི་ཕྲེང་བར་གྱུར། །
རང་གི་མགོན་སྐྱོབ་རང་ཉིད་ལས། །
ལྷག་པ་སུ་ཡང་མེད་པས་ན། །
གཞན་གྱིས་སྐྱོབ་པའི་རེ་སྟོང་ལས། །
རང་ཚུགས་ཐུབ་པར་བགྱིས་ན་ལེགས། །
བུད་མེད་རིགས་ལ་སུན་སྣང་སྐྱེས། །
ཚེ་འདིར་གཏམ་གྲོགས་འཚོལའདོད་མེད། །
གཅིག་པུའི་མི་ཚེ་བཞུར་རྒྱུན་ཁྲོད། །
ཅི་བསམ་གང་འདོད་རང་དབང་རེད། །
བུད་མེད་དག་ནི་རྒྱུ་ཕྱིར་འབྲེངས།
བུ་ཕོ་དག་ནི་མཛེས་ཕྱིར་འབྲེངས།
བུ་དང་བུ་མོ་གཉིས་ཀྱི་ཁྱད།
ནམ་མཁའི་མེ་ཏོག་དག་དང་མཚུངས།
གཅིག་བཟང་གཅིག་ངན་འབྱེད་པ་ནི།
ངལ་བ་ཟད་པའི་རྒྱུ་ལས་མེད།
དེའི་ཕྱིར་གང་ལ་ལས་སྐོས་པ།
དེ་ལས་བཟློག་ཐབས་ཡོད་མ་ཡིན།
བུད་མེད་རྣམས་ནི་ཤེས་རབ་རང་བཞིན་དང་། །
བུད་མེད་རྣམས་ནི་མི་རིགས་རྒྱུན་འཛིན་དང་། །
བུད་མེད་རྣམས་ནི་མི་ཕོའི་བལྟ་ས་དང་། །
བུད་མེད་རྣམས་ནི་མེད་ཐབས་མེད་པའོ། །
བུ་མོ་མེད་ན་རྨོ་མོ་མེད། །
རྨོ་མོ་མེད་ན་ཨ་མ་མེད། །
ཨ་མ་མེད་ན་ང་རང་མེད། །
ང་རང་མེད་ན་བུ་མོ་མེད། །
ཨ་ཛིའི་རྟེན་འབྲེལ་ལྟོས་གྲུབ་བཟང་། །
བུ་མོའི་མི་ཚེ་རྨོ་མོའི་མི་ཚེ། །
རྨོ་མོའི་མི་ཚེ་ཨ་མའི་མི་ཚེ། །
ཨ་མའི་མི་ཚེ་ངའི་མི་ཚེ། །
ངའི་མི་ཚེ་མིའི་མི་ཚེ། །
གཟིགས་དང་རྒྱུ་འབྲས་རྟེན་འབྱུང་ལ། །
དེ་རིང་བདག་གི་ལྷ་ཚོགས་ཕེབས་ཤོག་བདེན་པའི་གཏམ་འདིར་རྒྱབ་རོགས་བྱོས། །
དེ་རིང་བདག་གི་ཀླུ་ཚོགས་འཛོམས་ཤོག་དྲང་བོའི་གཏམ་གྱི་སྒོ་མོ་ཕྱེས། །
དེ་རིང་བདག་གི་མི་རྣམས་ཉོན་ཅིག་བུད་མེད་སྟུ་ཡི་བསྟོད་པ་འབྲི། །
ཡ་རབས་སྒྲོག་གིས་དམ་དུ་བཅིངས་རྣམས་དེ་རིང་འདི་ནས་རིང་དུ་རྒྱུགས། །
འདི་ན་ང་ཡི་གཞི་བདག་དགྱེ་བའི་བསང་གསོལ་ཀླུ་འབོད་འབྲི་གི་མེད། །
འདི་ན་ང་ཡི་ཀློག་པོ་དགའ་བའི་ཁ་ཡག་ངོ་བསྟོད་འཆད་ཀྱི་མེད། །
འདི་ན་ང་ཡི་སྙན་པ་སྲུང་བའི་འདྲ་འདྲ་ཆགས་ཆགས་བསྒྲིག་གི་མེད། །
མོ་མེད་ན་ཕོ་མི་འབྱུང། ཕོ་མེད་ན་མོ་ཅི་ཕན།
ཕོ་མོ་གཉིས་མཉམ་སྤྱོད་ནས། འཇིག་རྟེན་གོ་ལ་སྐྱོང་བཞིན་ནོ།