ཟླ་བ་གཅིག་ཏག་ཏག་གི་གོང་དེར། ངས་རང་གི་བུ་ཆུང་བར་དག་ཆའི་སྐོར་ལ་དོ་སྣང་བྱེད་ཐབས་ཤིག་འགྲེལ་བཤད་བརྒྱབ་པ་ཡིན། ཐོག་མར་ངས་དྲི་བ་ཞིག་བཏོན་ནས་ཕྲུ་གུའི་བསམ་བློར་ཉམས་སད་བྱས་པ་ནི། མེ་ཏོག་ཅེས་པའི་ཐ་སྙད་འདིར་འགྲེལ་བཤད་ཅིག་འབྲི་རོགས་ལབ་པ་དེ་ཡིན། དེར་བུ་ཆུང་གིས། མེ་ཏོག་ནི། དཀར་པོ། དམར་པོ། ད་དུང་སེར་པོ་ཡང་ཡོད། མེ་ཏོག་ཁ་ཤས་ཆེན་པོ་དང༌། མེ་ཏོག་ཁ་ཤས་ཆུང་ཆུང་ཡོད་པ་རེད། ཅེས་པའི་འགྲེལ་བཤད་ཐུང་ཐུང་ཞིག་བྲིས་ནས་བསྟན་སོང༌།
དེ་ནས་ངས་དེ་འདྲ་མ་རེད། མེ་ཏོག་གི་འགྲེལ་བཤད་ཤེས་དགོས་ན། ཐོག་མར་མེ་ལྕེ་ཞེས་པའི་འགྲེལ་བཤད་ཤེས་དགོས་པ་དང༌། དེ་ནས་ད་གཟོད་མེ་ཏོག་གི་འགྲེལ་བཤད་རྙེད་དགོས་པ་རེད། མེ་ལྕེ་ལབ་ན། མེ་ཡི་འབར་སྟངས་དེ་དང༌། དེའི་དཀར་སེར་དམར་སྔོ་སོགས་མདོག་མི་འདྲ་བ་དང༌། དེ་བཞིན་ཕྲ་པོ་དང་སྦོམ་པོ། ཟུར་གསུམ་དང་སྒོར་དབྱིབས་སོགས་དབྱིབས་སྣ་ཚོགས་པ་དེ་ནི་འདབ་ཆགས་དང༌། གཅན་གཟན། རི་དྭགས། འབུ་སྲིན་སོགས་སེམས་ཅན་ཆེ་ཆུང་སྣ་ཚོགས་པའི་ཁ་ནང་གི་ལྕེའི་དབྱིབས་སྣ་ཚོགས་དང༌། མདོག་སྣ་ཚོགས་ཀྱི་རྣམ་པ་དང་འདྲ་བར་འབར་གྱི་ཡོད་པའི་ཆ་ནས་མེ་ལྕེ་ཞེས་བཏགས་པ་དང༌། དེ་བཞིན་དུ་མེ་ལྕེའི་མདོག་དང་དབྱིབས་སྣ་ཚོགས་པ་དང་འདྲ་བའི་ཆ་ནས་མེ་ལྕེའི་ཚིག་བསྡུས་ཏེ་མེ་དང༌། ཏོག་ཅེས་རྩྭ་དང་རྩི་ཤིང༌། ལྗོན་པ་སོགས་ཀྱི་གཞུང་རྟའི་རྩེ་དང་ལན་ཡག་ཉིང་ལག་གང་རུང་གིའང་རྩེ་མོའམ་ཏོག་ན་བཞད་འཛུམ་གྲོལ་བའི་ཆ་ནས་མེ་ཏོག་ཅེས་བཏགས་པ་རེད་ཅེས་བཤད་པ་དེར་ནི། དོ་སྣང་ཆེན་པོས་ཉན་སོང་ལ། སེམས་ནང་ཡང་འཇུག་བདེ་པོ་འདྲ་ཞིག་ཆགས་སོང་བའི་ཚོར་བ་ཞིག་མངོན་པར་བྱས། ད་ནི་བྱིས་པ་དག་ཡིག་དེ་འགྲེལ་བཤད་བརྒྱབ་པས་གོ་འོང་བ་འདུག་སྙམ་དགའ་སྣང་ཡང་སྐྱེས་པར་བྱས།
ཡང་སྐབས་ཤིག་ལ། ལྷན་པ་ཞེས་པའི་ཐ་སྙད་ཀྱི་དོན་དག་ག་རེ་རེད་ཅེས་ཚུར་དྲིས་སོང་བར། དེ་ནི་སྟོད་ཐུང་སོགས་གྱོན་གོས་རིགས་རྙིང་ནས་རལ་རྡོལ་དུ་གྱུར་པ་དང༌། ཡང་ན་འཛེར་མ་སོགས་ཀྱིས་གཤག་ནས་རལ་བར་གྱུར་པའི་སྐབས་ན། གང་དུ་རལ་སྐྱོན་ཡོད་ས་དེར་ཚོས་གཞི་འདྲ་བའམ། རྒྱུ་ཆ་འདྲ་བ་ཡིན་མིན་སྣ་ཚོགས་པའི་རས་ལྷེབ་ཙམ་གྱིས་རལ་སྐྱོན་ཤོར་ས་དེའི་ཁ་བསུམ་ནས་བཙེམས་ཏེ། རལ་སྐྱོན་ཡོད་ས་དེ་ནས་རླུང་དང་བསེར་བུ་རྒྱུ་ཁུང་བཀག་པ་དེར་ལྷན་པ་ཞེས་ཟེར་གྱི་རེད་ཅེས་བཤད་པར། དེ་ནི་མགོ་ཚོས་ཀྱི་མི་འདུག་ཅེས་མགོ་བོ་འཕྲེད་ལ་གཡུག་གཡུག་བྱེད། ངག་ཐོག་ནས་འགྲེལ་བཤད་ངོ་འཕྲོད་པ་ཞིག་གི་ཐབས་ཤེས་དེ་ཡང་ཟད། མཐའ་མ་དེར། ད་ནི་རེ་ཞིག་འགྲེལ་བཤད་དེ་མ་བྱས་པར། བརྙན་འཕྲིན་གྱི་ཁ་ཕྱེས་ནས་བལྟས་བསྡད་པར། བོད་ལྗོངས་བརྙན་འཕྲིན་གྱི་ནང་ནས། འཇར་པན་གྱི་དམག་མིས་རྒྱ་ནག་ལ་བཙན་འཛུལ་སྐོར་གྱི་གློག་བརྙན་ཞིག་སྟོན་གྱིན་པ་དེར་མཉམ་དུ་བལྟས། མཚམས་ཤིག་ལ། རྒྱ་ནག་གི་གྲོང་གསེབ་སྐོར་གྱི་ཚན་པ་ཞིག་བསྟན་འོང་བའི་ནང༌། གོས་ལ་ལྷན་པ་ཡོད་པ་ཞིག་འཆར་ནས་སླེབས་པ་དེ་བསྟན་ནས། ལྷན་པ་ལབ་ན་འདི་རེད་ཅེས་མིག་སྟོན་བྱས་པར། ཨ་ཡ། ད་ཤེས་སོང༌། པུས་མོའི་སྒང་ལ་ cover ཅིག་གཡོག་པ་དེ་ལ་ཟེར་གྱི་ཡོད་པ་རེད་འདུག་གཱ་ལབ་སོང༌། འདི་ལྟར་མིག་སྟོན་བྱས་པས་ཀྱང་ལྷན་པ་ཞེས་པ་དེ་ཅི་ཡིན་གྱི་འགྲེལ་བཤད་དེ་གསལ་པོ་ཞིག་བཟོ་ཐུབ་མ་སོང༌། ངས་བསམས་ན། འདི་ནི་ང་ཚོའི་འཚོ་གནས་དང་འབྲེལ་བ་ཡོད་པ་ཞིག་རེད། དཔེར་ན། གཡག་གི་རྩིད་པ། ལག་གི་བལ། མགོ་ཡི་སྐྲ། ཞེས་པ་འདི་ཚོར། གཡག་གི་སྤུ། ལུག་གི་སྤུ་ཟེར་བ་ཙམ་ལས། དེ་དག་ལ་ཐ་སྙད་མ་འདྲ་བར་ཡོད་པའི་སྐོར་ལབ་ན། དེ་ནི་ཉོབ་ཡག་རང་རེད་ཅེས་དོ་སྣང་ཙམ་ཡང་མི་བྱེད། དེ་ནི་ང་ཚོའི་འཚོ་གནས་དང་འབྲེལ་བ་མེད་པས་རེད། ང་ཚོ་འདི་ལྟར་རིམ་བཞིན་ཉམས་འགྲོ་ཡིཡོད་མཆི་སྙམ་དུ་འཆར་རོ།། ད་དུང་རྣམ་དབྱེའི་སྐོར་འགྲེལ་བཤད་ཅིག་བརྒྱབ་པ་དེ་ནི། དགོད་ཁ་སློང་བ་རང་ཞིག་ཏུ་གྱུར།
སྐྱེས་པའི་མཐའ་མ་འབྲལ་བ། རྒས་པའི་མཐའ་མ་འཆི་བ། འདུས་པའི་མཐའ་མ་འབྲལ་བ། འཕེལ་བའི་མཐའ་མ་འགྲིབ་པ་ནི་ང་ཚོས་ཆོས་ཉིད་རེད་ཟེར་བ་མིན་ནམ། ཡང་གཅིག་བཤད་ན། དང་པོ་རང་གིས་བརྡ་དག་མི་ཤེས་བཞིན་དུ་བུར་ཅི་ལྟར་བརྡ་དག་ཁྲིད་དགོས།
རྡོར་དབང་ལགས།
ཉིད་ནས་བུ་ཕྲུག་ཚོར་དེ་འདྲའི་བསླབ་སྟོན་གནང་བར་བསྔགས་བརྗོད་དང་ཁ་མིག་ཡར་བལྟ་བྱ་འོས་ཤིག་ཏུ་མཐོང་།
ངེད་རང་སྒྲ་བཤད་ལ་དོ་དབྱིངས་ཆེན་པོ་ཡོད་རུང་། མེ་ཏོག་གི་སྒྲ་བཤད་ཁུངས་བཙུན་ཞིག་ཤེས་མ་བྱུང་། ཁྱེད་ནས་མེ་ཏོག་གི་སྒྲ་བཤད་གནང་བ་དེ་ཡག་པོ་ཞེ་དྲག་འདུག
འོན་ཀྱང་དོགས་པ་ཞིག་ལ། ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་རྣམས་སུ་མེ་ཏོག་ལ་མེན་ཏོག་ཅེས་བྲིས་ཤིང་གྲངས་ཡང་ཤིན་ཏུ་མང་། དེ་ལྟར་ན་སྒྲ་བཤད་ཇི་ལྟར་བྱ་དགོས་སམ་སྙམ་ལགས།
རྡོར་དབང་ལགས།
སྤྱིར་བཏང་མིང་ཡོད་ཚད་ལ་སྒྲ་བཤད་ཡོད་པའི་ཁྱབ་པ་མེད། མིང་ལ་རྗེས་གྲུབ་དང་འདོད་རྒྱལ་གཉིས་ཡོད་ཅིང་། སྔ་མར་སྒྲ་བཤད་ཡོད་ཅིང་ཕྱི་མར་མེད་པ་ཤེས་དགོས། ཁྱོད་རང་གིས་རང་གི་བུ་ལ་ཡི་གེའི་དག་ཆ་སོགས་སློབ་འདོད་ཡོད་པ་རྗེས་སུ་ཡི་རང་གི་གནས་རེད། ངོ་སོ་ཡར་ལ་བསྟོད། འོན་ཀྱང་དང་པོ་གང་ཞིག་འཁྲིད་མཁན་རང་གིས་ཁྲིད་གཞི་དེ་ཡག་པོ་ཞིག་མ་ཤེས་ན། འཁྲིད་ཐབས་མེད་ཀྱང་འཁྲིད་ཡུལ་གྱི་རྣ་བར་འགྲོ་བ་ཁག་པོ་ཡིན་པས། ཐོག་མར་ཁྱོད་རང་གིས་བོད་ཀྱི་བརྡ་སྤྲོད་རིག་པ་སོགས་ལ་ཅུང་ཟད་བསླབས་ཏེ་གཞི་ནས་རང་གི་བུ་ལ་འཁྲིད་ཐུབ་ན་ཤིན་ཏུ་བཟང་སྙམ། ཁྱོད་རང་གིས་ལྷན་པ་ཟེར་བ་དེའི་ནང་དོན་ཡག་པོ་ཞིག་ཤེས་མེད་སྟབས། འགྲེལ་བཤད་སྙིང་རྗེ་བོ་ཞིག་མ་ཤོད་པ་རེད། དེར་བརྟེན་ཁྱོད་རང་གིས་བུའི་རྣ་བར་མ་སོང་བ་རེད། དེ་ལ་ཁག་མི་འདུག དེ་ལྟར་བཤད་ན་ངའི་སེམས་ལ་ཡང་འགྲོ་གི་མི་འདུག གང་ལྟར་བསམ་བློ་གཏོང་ཕྱོགས་ཡག་པོ་ཞིག་ཡིན་པས་རྗེས་སུ་ཡི་རང་ཡོད། མུ་མཐུད་དུ་བུ་ལ་སློབ་འཁྲིད་གནང་རོགས།
ངས་བལྟས་ན། ཁྱེད་རང་གིས་དོན་དག་ལས་སླ་པོ་ཅིག་དཀའ་རུ་བཏང་འདུག མགོ་རྙོག་ཐེབས་མི་དགོས་པ་ཞིག་མགོ་རྙོག་ཆེ་རུ་བཏང་འདུག མུ་མཐུད་འདི་འདྲ་ཐེངས་གཅིག་མིན་དུ་བྱས་ན་རྣམ་རིག་གྲུང་པའི་བྱིས་པ་འདི་བོད་ཡིག་དང་རྒྱང་ཁད་རིང་དུ་གཏོང་སྲིད།
ཁྱེད་རང་གི་བུ་ཕྲུག་གིས་མེ་ཏོག་གི་སྐོར་ལ་རྩོམ་ཐུང་ཞིག་གམ་འགྲེལ་བཤད་ཅི་འདྲའི་སྙིང་རྗེ་བོ་ཞིག་བྲིས་མི་འདུག་གམ། ཁྱེད་ཀྱིས་ཁོ་ལ་བསྔགས་བརྗོད་ཀྱིས་ཡིད་ཆེས་དང་བློ་སྤོབས་ཆེ་རུ་གཏོང་རྒྱུའི་ཚབས་ལ་དེ་འདྲ་མ་རེད་ཟེར་ནས་ཁོ་རང་ཁོ་རང་གི་བསམས་གཞིགས་དང་རྣམ་དཔྱོད་བེད་སྤྱོད་གཏོང་རྒྱུར་བཀག་རྒྱ་བསྡམས་མི་འདུག་གམ། མིན་པ་ངོ་མ་དེ་ཁྱེད་རང་གི་དེ་འདྲ་མ་རེད།
ད་དེ་རིང་བུ་ཕྲུག་ལ། མི་གཞན་པས་ཁྱེད་རང་གི་དེ་རེད་ཟེར་གྱི་འདུག ཨ་ཕ་ནོར་འདུག་པས་དགོངས་སེལ་ཞུ་གི་ཡིན་ལབ་ཤོག རྗེས་མ་ནས་མ་རེད་མ་རེད་ཟེར་བ་དེ་ཚོ་་བསྙུངས་ན་བཟང་། མ་རེད་མ་རེད་མང་དྲགས་ན་རང་གི་ཕ་མ་ཡིན་ཡང་ཞེ་རྩ་ཆད།
ཧ་ཧ་ཧ་ཧ་ཧ། དང་པོ་ཨ་ཕ་ཁྱེད་ཀྱིས་མང་ཙམ་སྦྱང་དགོས་ཀྱི་འདུག
གྲོགས་པོ་ཚོས་དགོངས་ཚུལ་གནང་བར་ཐུགས་རྗེ་ཆེ་ཞུ།
སྒོམ་སྡེ་ལྷ་རམས་པ་ཟེར་བ་འདི་སུ་ཡིན་ནམ།་ངས་ཁོང་གི་ལོ་རྒྱུས་དངོས་ཤིག་ཤེས་འདོད་འདུག་་་ལྷ་རམས་པ་མཆོག་ནས་གཤམ་གྱི་ཁ་བྱང་ཐོག་ཡིག་འབྲེལ་ཞིག་གནང་བར་ཞུ། shita39@yahoo.com
མཆན་འདེབས་མཁན་དག་གིས་རྡོར་དབང་གིས་དག་ཆ་ཤེས་མི་ཤེས་དང་། དག་ཡིག་ལ་སློབ་དགོས་མི་དགོས་ཀྱི་སྐོར་ནས་རྩོམ་བྲིས་སོང་། དྲ་ཐོག་ནས་བོད་ཡིག་འབྲི་ཐུབ་པ་དང་། འབྲི་ཤེས་པ་ནས་བཟུང་། འབྲི་མཁན་ཚང་མ་བསླབ་བྱ་རྒྱག་མཁན་དང་། ཁྲིམས་ཐག་གཅོད་མཁན། གསུང་བཤད་གནང་མཁན་ཆགས་སོང་། ཚང་མ་ཨེ། ཨོ་ཨོ། ངས་ཀྱང་བསླབ་བྱ་རྒྱག་གི་འདུག་དཱ། ཞབས་འདྲེན་ཞུས་ཡོང་ང།
ངས་མཆན་འབྲི་མཁན་གོང་མ་ཚོ་དང་ཅུང་མི་མཚུངས་པའི་སྐད་ཆ་ཞིག་བཤད་ན་འདོད། རྒྱུ་མཚན་ངོ་མ་ཅི་ཞིག་ཡིན་མི་ཤེས་མོད། བོད་ཀྱི་བསྟན་བཅོས་རྩོམ་པ་པོ་ཕལ་ཆེ་བ་རྣམས་ཀྱིས་བསྟན་བཅོས་ཀྱི་ཚིག་འགྲོས་༼ཡང་ན་ཡིག་སྐད་ཤས་ཆེ་བ་༽ཞིག་གི་ཐོག་ནས་ལོ་རྒྱུས་བྲིས། སྙན་ངག་བྲིས། སྒྲུང་བྲིས། ཡོད་ཚད་བྲིས་པའི་རྐྱེན་ལ་བརྟེན་ནས་ཀློག་མཁན་གྱི་རྒྱ་ཇེ་ཆུང་ལ་བཏང་བའམ་ཡང་ན་གྲགས་ཆེན་པོ་དེ་ཙམ་མ་བྱུང་བར་མངོན། འདིའི་ལྡོག་ཕྱོགས་ཀྱི་དཔེ་མཚོན་འགའ་ཞིག་བཀོད་ན། དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་དང་། པད་མ་འབུམ་གྱི་སྨིན་དྲུག་སྐེ་འཁྱོག་དང་དྲན་ཐོ་རྡོ་རིང་མ། ད་དུང་ཁ་སང་དེ་རིང་དུས་བབ་དྲ་རྒྱའི་ཐོག་གྲགས་ཆེ་བའི་ཁང་གསར་རྡོ་རྗེའི་རྩོམ་ཡིག་འདི་དག་ལ་ནང་དོན་གྱི་ཁྱད་པར་ཐོན་པ་ཙམ་མ་ཡིན་པར་ཚིག་འགྲོས་ཀྱི་ཆ་ནས་ཀྱང་སྤྱི་ཚོགས་ཐོག་དགའ་དགོས་པའི་རྒྱུ་མཚན་ཞིག་ཏན་ཏན་ཡོད་པ་རེད་དྲན། དེ་བས། རྡོར་དབང་གིས་རྩོམ་ཐུང་འདིའི་ནང་སྐད་ཆའི་ཚིག་འགྲོས་ཤུགས་ཆེ་རུ་བཏང་ནས་བྲིས་འདུག་སྟབས། དེ་ནི་ཧ་ཅང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་དྲན། དེ་བཞིན་བུའི་མེ་ཏོག་གི་འགྲེལ་བཤད་དེ་སྙིང་རྗེ་པོ་ཡོང་བ་ཡང་། དེ་རྡོར་དབང་གིས་བྲིས་པ་ལས་སྙིང་རྗེ་བོ་བྱུང་བ་ཞིག་རེད། མ་རེད་དམ།
བདེན་ཁ་སུ་ལ་ཡོད། ཨ་ཕ་ཡོད་དམ་བུ་ལ་ཡོད། དྲ་གྲོགས་ཚོ་སུས་འདི་ལ་གསལ་བཤད་ཡག་པོ་ཞིག་བྱེད་ཐུབ་ཀྱི་ཡོད་དམ།