ངེད་ཀྱིས་དཔྱད་ཞིབ་བྱེད་སའི་རྩོམ་གཞི་གཉིས་ནི་གྷི་རཱིག་སིའི་རྩོམ་པ་པོ་གྲགས་ཅན་ཨིའུ་རིས་རྦཱི་གྲིས་སི་ལགས་ཀྱིས་བརྩམས་པའི་མཱེ་རྡཱེཡཱ་ཞེས་བའི་འཁྲབ་གཞུང་དེ་དང་དུས་རབས་སྔ་མར་ཡོ་རོབ་ཏུ་སྙན་གྲགས་འབར་བའི་རྩོམ་པ་པོ་ཧན་རིག་ཨབ་སིན་ལགས་ཀྱིས་བརྩམས་པའི་ཨཱ་ལཱེ་པཱེད་ཀཱོའི་ཁང་པ་ཞེས་བའི་འཁྲབ་གཞུང་གཉིས་ཡིན་ལ། གུས་བས་འདིར་འཁྲབ་གཞུང་དེ་གཉིས་ནང་གི་སྤྱི་ཚོགས་ལས་འཕྲོས་ཏེ་བུད་མེད་ཀྱི་གནས་བབ་དང་ལས་དབང་གི་སྐོར་ལ་དཔྱད་ཞིབ་བྱེད་རྒྱུ་ཡིན།
འཁྲབ་གཞུང་དང་པོའི་མི་སྣ་གཙོ་བོ་ནཱོ་ར་ནི་ནང་བསམ་བློ་མ་སྨིན་ཞིང་གཤིས་རྒྱུད་འཇམ་པ། ནང་ལས་ལ་མཁས་ཤིང་རང་འདོད་ཆུང་བ། རང་སྡུག་ཁོག་ཏུ་སྦུད་མཁན། རང་གི་ཁྱོ་ཀར་བརྩི་བཀུར་བླ་ལྷག་ཏུ་བྱེད་མཁན་གྱི་བུད་མེད་ཞིག་ཡིན་པ་མ་ཟད་ཁྱོ་ཤུག་གི་བརྩེ་དུང་གི་ཆེད་དུ། ཡོད་ཚད་བློས་གཏོང་ཐུབ་མཁན་ཞིག་ཀྱང་ཡིན། དེ་ཡང་། ཁོ་མོའི་ཁྱོ་ཀ་ཧཱེལ་མེར་ནད་ཀྱིས་མནར་ཞིང་འཆི་གསོན་བཤད་དཀའ་བའི་གནས་སྐབས་སུ། ཁོ་མོས་རང་གི་ཡབ་ཀྱི་མཚན་རྟགས་རྫུན་བཟོ་བྱས་ཏེ་ཁུ་རོ་སུ་ཀྲོག་གི་རྩར་ནས་དངུལ་གཡར་ཤིང་། རང་གི་ཁྱོ་ཀ་ཨི་ཁྲ་ལིར་་འཁྲིད་དེ་སྨན་བཅོས་གནང་ཞིང་དྲག་བསྐྱེད་མཛད། སྐབས་དེའི་སྤྱི་ཚོགས་གནས་བབ་ཀྱི་ངོས་ནས་གླེང་ན། སྐྱེས་པ་ཞིག་གི་མཚན་རྟགས་མེད་པར་བུད་མེད་ཞིག་གིས་གཞན་གྱི་སར་ནས་དངུལ་གཡར་མི་ཆོག་པར་མ་ཟད་བུད་མེད་ཞིག་གིས་བྱས་ཉེས་དེ་འདྲ་བསགས་པ་ཡིན་ན། ལས་ཀ་དེ་འདྲའི་རིགས་ནི་ངོ་ཚ་བོ་དང་གཉའ་འཁུམ་པོ། ཐབས་སྡུག་པོ་བཅས་ལ་ངོས་འཛིན་པར་མ་ཟད་སྤྱི་ཚོགས་ཧྲིལ་པོས་དེ་ལ་ཁ་རྡུང་དང་དམའ་འབེབ་ཡང་བྱེད་ཀྱི་ཡོད། འོན་ཀྱང་། འདི་ལྟའི་ཆེས་མུན་ནག་དང་མཁྲེགས་འཛིན་གྱི་སྤྱི་ཚོགས་ཤིག་ཏུ།
ནཱོ་རས་རང་གི་སྙིང་ཉེ་བའི་ཁྱོ་ཀའི་ཆེད་དུ་། སྐབས་དེའི་སྤྱི་ཚོགས་ཀྱི་བཀག་རྒྱ་དང་ངོ་ཚ། འཛེམ་སོན་སོགས་ཀྱི་དྲ་བ་གཏོར་ཞིང་ཡོད་ཚད་བློས་བཏང་།
ད་དུང་བློས་གཏོང་དེས་ག་ལ་ཚད། ཐ་ན་རང་གི་མི་ཚེའི་ཡབ་ཆེན་གྱི་ཆེས་མཐའ་མཇུག་གི་ཞལ་ངོ་ཡང་མཇལ་མ་ཐུབ་པར་དེ་ཡང་བློས་བཏང་། བུད་མེད་ཞིག་ལ་མཚོན་ནའང་འདྲ། འགྲོ་བ་མི་སུ་འདྲ་ཞིག་མཚོན་ན་ཡང། འཇིག་རྟེན་འདིའི་སྟེང་རང་གི་བརྩེ་བའི་ཕ་མར་ཆེས་མཇུག་གི་ཞལ་ངོ་ཡང་མཇལ་མ་ཐུབ་པ་ནི་ཇི་འདྲའི་འཁྲེང་ཞིང་སྐྱོ་བ་ཞིག་མ་རེད་དམ། ནཱོ་ར་ལ་ཡང་སྡུག་བསྔལ་འདི་གཅིག་མཚུངས་སུ་ཡོད་པ་ནི་གོར་མ་ཆག བུད་མེད་ཞིག་གིས་རང་གི་ཁྱོ་ཀར་བླ་་ན་མཐོ་བའི་བརྩེ་དུང་བཏེགས་ཤིང་དང་ཁྱོ་ཤུག་གི་བརྩེ་དུང་ལ་གདེང་འཇོག་བླ་མེད་བྱས་བ་ནི་ཇི་འདྲའི་རྗེས་སུ་ཡི་རངས་བ་ཞིག་རེད་སྙམ། འོན་ཀྱང་། ཁོ་མོའི་ཁྱོ་ཀ་ཧཱེལ་མཱེར་ལ་མཚོན་ན། བུད་མེད་ཀྱི་ལས་དབང་དང་ཁྱོ་ཤུག་གི་བརྩེ་དུང་ནི་དེ་འདྲའི་གལ་ཆེན་མ་ཡིན་པར། དེ་ལས་ཀྱང་གལ་ཆེ་བ་ནི་རང་གི་ཆེ་མཐོང་དང་སྙན་གྲགས། དབང་འཛིན་གྱི་བསམ་བློ་དང་མུན་འཐོམས་སྤྱི་ཚོགས་དེའི་བལྟ་སྟངས་སོགས་རེད། ཁོང་གིས་ནཱོ་རཱ་ལ་མཐོང་ཆུང་གི་ཚུལ་གྱིས་རྟག་ཏུ། ངའི་གཅེས་ཕྲུག་ཟེར་བ་དང་ངས་སེམས་ཁུར་བྱེད་སའི་བུད་མེད། ཟེར་བ་ལྟ་བུ་སོགས་འཇོན་མེད་དང་ངོ་ཆུང་། ནུས་མེད་ཀྱི་ཐ་སྙད་རྐྱང་བེད་སྤྱོད་ཀྱི་ཡོད། །
ད་ནི་གནད་དོན་དངོས་གཞི་སྟེ། ཧཱེལ་མཱེར་གྱིས་ནཱོ་ར་ཡིས་སོ་སོའི་ཡབ་ཆེན་གྱི་མཚན་རྟགས་རྫུན་བཟོ་བྱས་ཏེ་གཞན་གྱི་རྩར་ནས་དངུལ་གཡར་བའི་དོན་རྐྱེན་དེ་ཧ་གོ་རྗེས།་དངུལ་དེ་སུས་ཆེད་དུ་གཡར་བ་ཡིན་མིན་དང་དེའི་དགོས་དམིགས་ཅི་ཞིག་ཡིན་མིན། དངུལ་དེ་གཡར་མེད་ན་གནས་སྟངས་ཇི་འདྲ་ཆགས་ཡོད་མེད་སོགས་རྒྱབ་ལྗོངས་ཀྱི་གནས་ཚུལ་དངོས་དེར་མ་གཟིགས་པར་། རང་གི་ཆེ་མཐོང་ལ་གཅེས་འཛིན་གྱི་ཧམ་སེམས་དེའི་རྐྱེན་པས་ནཱོ་རཱོ་ལ་གཤེ་བར་མ་ཟད་ཐ་ན་བཟའ་ཚང་ཁ་འཐོར་ལ་འགྲོ་དགོས་བའི་སྐད་ཆ་ཡངཧབཤད། སྟབས་ཉེས་བ་ཞིག་ལ། ཁུ་རོ་སུ་ཀྲོག་གི་དགོངས་དག་ཞུ་ཡིག་དེས་དངུལ་གཡར་བའི་དོན་རྐྱེན་དེ་མེད་པར་ཆགས་རྗེས། ཧཱེལ་མཱེར་གྱི་སྐྱུགས་བྲོ་བའི་བསམ་བློ་གློ་བུར་དུ་འགྱུར་ནས། ནཱོ་རར་དགོངས་དག་ཞུས། གནས་སྟངས་འདིའི་སྒང་ནས་མཐོང་ཐུབ་པ་ནི་། སྐབས་དེའི་སྤྱི་ཚོགས་སུ་ཁྱོ་ཀས་རང་གི་ཆུང་མར་བརྩི་མཐོང་དང་གདེང་འཇོག་ད་ེཙམ་བྱེད་ཀྱི་མེད་ཅིང་ད་དུང་བུད་མེད་ཀྱི་ལས་དབང་ལ་སེམས་ཁུར་ལེན་གྱི་མེད་པར་མ་ཟད་རང་དོན་གཅེས་འཛིན་དང་ཧམ་སེམས་སྒེར་འཛིན་ཆེ་བ་སོགས་ཟུར་ལྟོས་ལེབ་མཐོང་རེད་འདུག་ ནཱོ་རར་མཚོན་ན། རང་གིས་བློས་བཏང་བའི་བྱ་བཞག་ལ་འགྱོད་སེམས་པར་རང་དབང་གི་མདུན་ལམ་གསར་བ་ཞིག་ལ་བསྙེག་མགོ་བརྩམས་པ་ནི་ཇི་འདྲའི་རྗེས་སུ་ཡི་རངས་ཤིང་བཀུར་ཏུ་འོས་བའི་བུད་མེད་ཀྱི་སྙིང་སྟོབས་དང་གཤིས་རྒྱུད་ཅིག་རེད་ཨང་།
དེ་ཡང་མཱེ་རྡཱེ་ཡཱ་ནི་བུད་མེད་གཞན་དང་ཅུང་མི་འདྲ་བར་གཤིས་རྒྱུད་རྩུབ་ལ་སྤྱང་གྲུང་འཛོམས་པ། གཡོ་སྒྱུ་ཆེ་བ། སྙིང་སྟོབས་ཆེ་བ། གཞན་མཐུ་དང་རྫུ་འཕྲུལ་ལ་མཁས་པ་ཞིག་ཡིན།ཁོ་མོར་མཚོན་ན་ཡང་། ཁྱོ་ཤུག་གི་བརྩེ་དུང་ལ་བརྩི་མཐོང་དང་གདེང་འཇོག་ཆེན་པོ་བྱེད་མཁན་གྱི་བུད་མེད་ཞིག་ཡིན་པར་མ་ཟད་སོ་སོའི་བརྩེ་དུང་དང་ཁྱོ་ཀའི་དོན་དུ་དཀའ་ངལ་ཁྱད་དུ་སེལ་ཐུབ་མཁན་དང་ཡོད་ཚད་ཇི་མི་སྙམ་པར་བློས་གཏོང་མཁན་ཞིག་ཡིན། ཁོ་མོས་སོ་སོའི་ཁྱོ་ཀའི་ཆེད་དུ་རང་གི་ཕ་བསད་ཅིང་ནང་མི་གཡོ་འཚོང་བྱས་པའི་མ་ཟད་ཕ་ཡུལ་རྒྱབ་ལ་བཞག་ཏེ་ཁྱོ་ཀ་རྗེག་སེན་དང་མཉམ་དུ་ཡུལ་གཞན་ལ་བྲོས། དེས་ག་ལ་ཚད། ད་དུང་ལམ་བར་དུ་སོ་སོའི་ཁྱོ་ཀའི་དོན་དུ་རྒྱལ་ཕྲན་ཆུང་ཆུང་དེ་འདྲར་དཀྲུགས་ཤིང་བརྒྱབ་ཅིང་མི་གཞན་དང་དགྲ་རུ་ཡང་ལངས། སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་འོག། ཁྱོ་ཤུག་གི་བརྩེ་དུང་དང་ཁྱོ་ཀའི་ཆེད་དུ། སོ་སོའི་ཕ་ཡིན་ཡང་་གསོད་ཕོད་པ་དང་སོ་སོའི་ནང་མི་ཡང་་གཡོ་འཚོང་བྱེད་ཕོད་པ། ད་དུང་གཅེས་བའི་ཕ་་ཡུལ་རྒྱབ་ལ་བསྐྱུར་ནས་འགྲོ་ཐུབ་མཁན་ནི་སྤྱིར་བཏང་གི་བུད་མེད་ཕལ་བ་ཞིག་གིས་བསྒྲུབས་ཐུབ་པའི་ལས་ཀ་ཞིག་མ་རེད་སྙམ།
གནད་དོན་འདིའི་སྒང་ནས་གསལ་སྟོན་ཐུབ་པ་ཞིག་ལ། མཱེ་རྡཱེ་ཡཱ་ནི་་བུད་མེད་སྙིང་སྟོབས་ཅན་ཞིག་ཡིན་པར་མ་ཟད་བརྩེ་དུང་གི་ཆེད་དུ་ལས་དོན་ཇི་འདྲ་ཞིག་ཡིན་རུང་བསྒྲུབ་ཕོད་མཁན་ཞིག་ཡིན་ཚོད།་གང་ལྟར། བུད་མེད་འདིའི་མི་གཞིའི་སྒང་ན། ཁྱོ་ཀར་ཡིད་ཆེས་་བརྟན་པའི་རང་གཤིས་ཤིག་དང་ཁྱོ་ཀའི་ཆེད་དུ་འཛེམ་ཟོན་མེད་པར་བློས་གཏོང་མཁན་ཞིག་ཡིན་པའི་ཆ་གསལ་བོར་འདུག
འོན་ཀྱང་། ཁོ་མོས་བློས་བཏང་བ་ནང་བཞིན་དེ་ལ་རྗེག་སེན་གྱིས་བརྩི་འཇོག་དང་བསམ་ཤེས་གནང་ཡོད་དམ་ཞེ་ན། དེ་ནི་གླེང་གཞིའི་གནད་དོན་གཙོ་བོ་རེད་ལ་བརྩེ་དུང་གི་འགྱུར་མཚམས་ཀྱི་ས་ཐིག་ཀྱང་རེད། རྗེག་སེན་ནི་དེ་ལས་ལྡོག་སྟེ། བརྩེ་དུང་མི་བརྟན་པ། རང་གཤིས་གཡོ་སླ་བ། གཞན་དབང་དུ་འགྱུར་སླ་བའི་མི་ཞིག་ཡིན་པར་མ་ཟད་ཐ་ན་སོ་སོའི་ཆུང་མའི་བརྩེ་དུང་དང་བློས་གཏོང་ལ་སྣང་འཇོག་སྤུ་ཙམ་ཡང་མེད་པར་ལུང་པ་གསར་བའི་རྒྱལབོའི་སྲས་མོ་དང་མཉམ་དུ་བརྩེ་དུང་གི་ཟློས་གར་གཞན་ཞིག་འཁྲབ། ཞིབ་དུ་དཔྱད་ན། ཟློས་གར་དེ་ནི་ཆེས་མཐའ་མར་སྐྱུག་བྲོ་བའི་གནས་སྟངས་ཤིག་ཏུ་གྱུར། གང་ལྟར། མཱེ་རྡཱེ་ཡཱར་མཚོན་ན་རང་གི་བརྩེ་དུང་རྨེག་མེད་དུ་བཏང་བའི་ན་ཟུག་དེ་དང་ཁོང་ཁྲོ།་ཞེ་སྡང་དེའི་རྐྱེན་པས་རྗེག་སེན་ལ་དགྲ་ཤ་ལེན་རྒྱུར་ཆོད་སེམས་འཁོར། འདི་ནི་ཕན་ཚུན་བར་གྱི་བརྩེ་དུང་དེ་དགྲ་ཟླར་འགྱུར་བའི་འགྱུར་བའི་འགྱུར་མཚམས་ཤིག་རེད། རང་གིས་གཉོར་སྐྱོར་བྱས་བའི་བརྩེ་དུང་ལ་རྗེས་འབྲས་མེད་པ་རྟོགས་རྗེས་དགྲ་ཤ་ལེན་རྒྱུའི་བསམ་བློ་འཁོར་བ་འདི་ཡང་ཇིའདྲའི་སྐྱི་གཡའ་བའི་བྱ་སྤྱོད་ཞིག་མ་རེད་དམ། ཁོ་མོའི་བསམ་པར་། ད་ཡིན་ན། ངའི་ཁྱོ་ཀ་ཡང་ངའི་དགྲ་ལངས་འདུག་པས། ངས་ཁོང་ཚོ་ཚང་མ་བདེ་བ་མེད་པའི་གནོད་ཞིག་མ་བསྐྱལ་ན་རང་ཉིད་བློ་བདེ་བ་མེད་པའི་བསམ་བློ་སེམས་ལ་འཁོར། ཁོ་མོས་འདི་ལྟར། གཡོ་སྒྱུའི་ཇུས་བཏོན་དེ་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་གཉིས་བེད་སྤྱད་ནས་རྗེག་སེན་གྱི་དགའ་མ་གསར་བ་དང་ཕ་གཉིས་དུག་གིས་བསད་པར་མ་ཟད་ཐ་ན་སྙིང་རྗེ་སྤུ་ཙམ་ཡང་མེད་པར་རང་གི་བུ་གཉིས་ཀྱང་གྲིས་བརྒྱབ་ནས་བསད། འདི་ནི་དོན་དངོས་སུ་བཤད་ན། དཀོན་མཆོག་གི་བཀའ་དང་འགལ་བར་མ་ཟད་འཇིག་རྟེན་པའི་ཁྲིམས་དང་ཡང་འགལ་བ་རེད་ལ་བཟང་སྤྱོད་དང་ཡང་འགལ་བ་རེད། གནད་དོན་འདིའི་ཟུར་ནས་མཱེ་རྡཱེ་ཡཱ་ནི་གཤིས་རྒྱུད་གྱོང་བ་མ་ཟད་གཏུན་དྲག་ཅན་གྱི་བུད་མེད་ཞིག་ཡིན་པ་ཡང་མཐོང་ཐུབ།
དེ་ནི་འཁྲབ་གཞུང་འདི་གཉིས་ནང་གི་བུད་མེད་ཀྱི་ལས་དབང་དང་གནས་བབ། སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་སོགས་མདོར་དྲིལ་ནས་བརྗོད་ན། སྐབས་དེའི་སྤྱི་ཚོགས་སུ་ཕོ་མོ་འདྲ་མཉམ་མིན་པ་དང་ཕོ་རྣམས་དབང་ཐང་ཆེ་བ། མོ་རྣམས་ཐོབ་ཐང་ཆུང་བ། བུད་མེད་རྣམས་ཕོ་མོའི་བརྩེ་དུང་ལ་བརྩི་མཐོང་དང་བཀུར་བསྟི་ཟབ་པ། ཁྱོ་ཀ་རྣམས་སྒེར་གྱི་ཆེ་མཐོང་དང་སྙན་གྲངས་ལ་བློ་ཁ་ཕྱོགས་ཆེ་བ། བུད་མེད་རྣམས་རང་ཉིད་ཀྱིས་གདམས་
ཟིན་པའི་ལམ་ཁར་བློ་ཐག་ཆོད་པ། སྡུག་བསྔལ་དང་དཀའ་ངལ་ལ་ཇི་མི་སྙམ་པར་བློ་སྟོབས་ཆེན་པོས་གདོང་ལེན་་བྱེད་ཕོད་པ་སོགས་འཁྲབ་གཞུང་གཉིས་ཀྱི་སྤྱི་ཚོགས་ཧྲིལ་བོའི་གནས་བབ་འདི་འདྲ་ཞིག་རེད་འདུག
འཁྲབ་གཞུང་འདི་གཉིས་ཀྱི་བར་ན་དུས་རབས་ཀྱི་བར་བརྒལ་ལམ་སྤྱི་ཚོགས་ཀྱི་བར་བརྒལ་ཞིག་ཀྱང་མངོན་འདུག མཱེ་རྡཱེ་ཡཱའི་འཁྲབ་གཞུང་འདི་ཉིད་ནི་རྒྱལ་ཕྲན་ལམལུགས་ཀྱི་སྤྱི་ཚོགས་དང་ཐག་ཉེ་བ་དང་ནཱོ་རཱའི་འཁྲབ་གཞུང་འདི་ཉིད་བཟོ་ལས་གསར་ཐོན་གྱིདུས་རབས་དང་ཐག་ཉེ་བའི་སྣང་ཚུལ་ཞིག་ཀྱང་འདུག་
གཞན། འཁྲབ་གཞུང་གཙོ་བོའི་ནང་གི་མི་སྣ་གཙོ་བོ་གཉིས་ལ་མི་འདྲ་བའི་ཁྱད་ཆོས་ཡོད་དེ། ནཱོ་རཱ་དང་མཱེ་རྡཱེ་ཛྲཱ་གཉིས་ཀར་དཀའ་ངལ་ལ་གདོང་ལེན་བྱེད་རྒྱུའི་ཆེད་སེམས་ཡོད་པ་གཅིག་མཚུངས་ཡིན་རུང་། གདོང་ལེན་བྱེད་སྟངས་ཀྱི་ཐབས་ལམ་མི་འདྲ། ནཱོ་རཱ་ལྟ་བུར་མཚོན་ན་ཁུ་སིམ་མེར་རང་ཁྱིམ་དང་ཁ་བྲལ་ནས་རང་དབང་གི་འཚོ་བའི་ཕྱོགས་སུ་བསྙེག་པ་ཙམ་མ་གཏོགས་ཤུལ་ལུས་ཁྱོ་ཀ་དང་བུ་ཕྲུག་ལ་གནོད་གཞིའི་ལས་ཅི་ཡང་བྱས་མེད། འོན་ཀྱང་། མཱེ་རྡཱེ་ཡཱ་ལྟ་བུར་མཚོན་ན་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ཚུན་ཡང་བསད་ཏེ་ཡུལ་གཞན་ལ་བྱོལ་བ་གཉིས་བསྡུར་ན། སྔ་མའི་གཤིས་རྒྱུད་དུལ་ཞིང་ཕྱི་མའི་སྤྱོད་པ་རྩིང་བ་གསལ་བོར་རྟོགས་ཐུབ། ད་དུང་ནཱོ་རཱར་མཚོན་ན་གཤིས་རྒྱུད་འཇམ་པར་མ་ཟད་དཀའ་ངལ་ཁོང་དུ་སྦུད་མཁན་ཞིག་ཡིན་ལ་མཱེ་རྡཱེ་ཡཱར་མཚོན་ན་སྤྱོད་པ་རྩུབ་ཅིང་གཡོ་སྒྱུའི་ལམ་ནས་དཀའ་ངལ་ཁར་འདོན་མཁན་ཞིག་རེད་འདུག
གང་ལྟར། མདོར་བསྡུས་ནས་བརྗོད་ན་འཁྲབ་གཞུང་འདི་གཉིས་ཀྱིས་དུས་རབས་དང་སྤྱི་ཚོགས་མ་འདྲ་བ་གཉིས་སྐབས་ཀྱི་བུད་མེད་ཀྱི་ལས་དབང་དང་གནས་བབ་གསལ་བོར་བསྟན་འདུག་པས་ན། འཛམ་གླིང་རྩོམ་རིག་གི་ཁྲོད་དུ་གོ་བབ་ངེས་ཅན་བཟུང་འདུག་པའི་སྣང་ཚུལ་ཞིག་ཀྱང་ལྔོག་ཏུ་མེད་པར་བྱུང་།
ངེད་རང་ད་ལྟའང་སློབ་ཕྲུག་ཞིག་ཡིན་པས་། ངེད་ལ་དུས་ཐོག་ལ་བསྒྲུབ་དགོས་བའི་ནང་ལས་མང་པོ་ཡོད།
ནང་ལས་ཁ་ཤས་ནི་ཆུ་ཚོད་གཅིག་གཉིས་ཀྱི་ནང་ལ་འབྲི་དགོས་བ་དེ་འདྲ་རེད། དེར་བརྟེན། ཆུ་ཚོད་ཁ་ཤས་ཀྱི་ནང་ལ་བྲིས་བའི་ནང་ལས་དེ་འདྲ་ཡིག་སྣོད་ནས་མི་བརླགས་པའི་ཆེད་དུ་འདིར་བཞག་པ་ཡིན།
dont worry . here i try to write tibteran
བུད་མེད་ཀྱི་ལས་དབང་གླེང ནས ཕན་ཐོག གང ཡོད་དམ