བདེ་པོ་འཚོ།
སྤྱིར་བཏང་གི་ཆ་ནས་བཤད་ན། བུད་མེད་ཀྱི་ཐོབ་ཐང་ཞེས་པ་ནི་སྤྱི་ཚོགས་གང་ས་ནས་གླེང་བཞིན་པའི་བརྗོད་གཞི་ཆེན་པོ་ཞིག་ཡིན་ལ། འདིའི་ཐད་ལ་ལྟ་ཚུལ་དང་འདོད་ཚུལ་མ་འདྲ་བ་སྣ་ཚོགས་ཤིག་ཡོང་གི་ཡོད། དེ་ནི་ཡོང་ཆོག་པ་ཞིག་དང་ཡོང་ངེས་པ་ཞིག་ཀྱང་རེད། ལྟ་རྒྱ་དང་མཐོང་རྒྱ་ཆུང་བའི་ཕྲན་ལྟ་བུ་ཞིག་ལ་མཚོན་ན་བརྗོད་གཞི་ཆེན་པོ་འདི་ལྟ་བུ་ཞིག་གླེང་འོས་པ་དང་གླེང་ཐུབ་པ་ཞིག་མིན་ཡང་རང་ཉིད་དུས་རབས་གསར་པའི་བོད་ཀྱི་བུ་མོ་ཞིག་ཡིན་དུས། རང་གི་བསམ་བློའི་མེ་ལོང་ངོར་གང་ཤར་བ་ངོས་སུ་ཕྱིར་འདོན་ཐུབ་དགོས་པ་ཡང་གནད་འགག་ཅིག་རེད་སྙམ་སྟེ། དེ་རིང་འདི་ནས་རང་གི་བསམ་ཚུལ་ཉུང་ཉུང་ཞིག་བཤད་ན་འདོད།
བུད་མེད་ཀྱི་ཐོབ་ཐང་སྐོར།
ཐོག་མར་བུད་མེད་ཅེས་པའི་ཐ་སྙད་འདི་ལ་སྟབས་བདེའི་ཐོག་ནས་ཚིག་འགྲེལ་ཅུང་བྱས་ན། བུད་མེད་ཅེས་པ་ནི་ཕྱིའི་གཟུགས་པོ་སྤྱི་དང་ཆ་ཤས་སོགས་སྐྱེས་པ་ཕོ་ལས་མ་བརྒལ་བའམ་ཅུང་ཞན་པས་ན་བུད་མེད་ཅེས་པ་ཡིན་པ་ལས། ནང་གི་བསམ་བློ་དང་འཇོན་ཐང་། ཤེས་ཡོན་སོགས་ཀྱིས་མ་ལྡེང་བ་གཏན་ནས་རེད་མི་འདུག
རྩ་བའི་གཟུགས་པོ་གྲུབ་སྟངས་སོགས་ཀྱི་ཆ་ནས་སྐྱེས་པ་ཕོ་ལ་ཡོད་པའི་ཆ་རྐྱེན་མང་པོ་ཞིག་བུད་མེད་ལ་མེད་པ་དང་། བུད་མེད་ལ་ཡོད་པའི་ཆ་རྐྱེན་མང་པོ་ཞིག་སྐྱེས་པ་ཕོ་ལ་མེད་པ་ནི་རང་བཞིན་ལྷན་སྐྱེས་ཀྱི་ཆོས་ཉིད་རེད། དེར་བརྟེན། སྐྱེས་པ་ཕོ་དང་བུད་མེད་གཉིས་གཅིག་ལ་གཅིག་བརྟེན་གྱི་འཚོ་བ་སྐྱེལ་དགོས་པ་བྱུང་། འཇིག་རྟེན་ཁ་དཔེར། ཕོས་གནམ་གྱི་ཕྱེད་ཀ་འགྱོགས་ལ་མོས་གནམ་གྱི་ཕྱེད་ཀ་འགྱོགས་ཞེས་པ་ལྟར་རྟེན་འབྱུང་གི་འབྲེལ་བ་གྲུབ་ཡོད་པ་ཞིག་རེད། དེ་ཡང་ཕོས་སྒྲུབ་ཐུབ་པ་མང་དག་ཅིག་བུད་མེད་ཀྱིས་སྒྲུབ་མི་ཐུབ་ལ་མོས་སྒྲུབ་ཐུབ་པ་མང་དག་ཅིག་ཕོས་སྒྲུབ་མི་ཐུབ་པས་སོ།།
དེ་བཞིན་དུ་ཐོབ་ཐང་ཞེས་པ་ལ་རྣམ་པ་དང་ངོ་བོ་མ་འདྲ་བ་སྣ་ཚོགས་ཤིག་ཡོད་པ་སྟེ། བྱིས་པའི་ཐོབ་ཐང་། བགྲེས་སོང་གི་ཐོབ་ཐང་། གཞོན་ནུའི་ཐོབ་ཐང་། བུད་མེད་ཀྱི་ཐོབ་ཐང་སོགས་མང་པོ་ཞིག་ཡོད་པའི་ཁྲོད་ནས་ངའི་གླེང་གཞི་ནི་བུད་མེད་ཀྱི་ཐོབ་ཐང་ཡིན།
རྩ་བའི་ཐོབ་ཐང་རྣམ་པ་གཉིས་ཏེ། རང་ལ་སྐྱེས་དུས་ནས་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་ཐོབ་ཐང་གཅིག་དང་རང་ངོས་ནས་རྩོད་ལེན་དགོས་པའི་ཐོབ་ཐང་གཉིས་ཡིན། སྐབས་འདིར་གླེང་བ་རང་བཞིན་གྱིས་ཡོད་འོས་པའི་ཐོབ་ཐང་དེ་ཡིན།
འོན་ཀྱང་། སྤྱི་ཚོགས་ཁྲོད་ནས་དེ་ལྟར་ཁས་ལེན་བྱེད་མཁན་དཀོན་ཡང་རང་ཉིད་ཀྱི་བལྟ་ཚུལ་བརྗོད་རྒྱུ་ཡིན། རང་རེའི་སྤྱི་ཚོགས་རྙིང་པ་དང་དེང་སྐབས་ཀྱི་ཕྱི་གླིང་བའི་སྤྱི་ཚོགས་གཉིས་ཟུར་དུ་བཞག་ནས། མིག་གིས་རང་རེ་བོད་པའི་སྤྱི་ཚོགས་གཏད་དེ་བཤད་ན། རང་རེ་བུད་མེད་ཚོར་ཐོབ་ཐང་དེ་མེད་པ་ཞིག་གཏན་ནས་མིན་པར་རང་གིས་ཐོབ་ཐང་དེ་དག་ལེན་མ་ཐུབ་པ་ཞིག་ཡིན་པར་སྣང་།
བཙན་བྱོལ་སྤྱི་ཚོགས་ལ་དཔེ་བཞག་ན་ཕོ་མོ་གཉིས་ལ་ལྟ་སྟངས་གཅིག་མཚུངས་ཡིན་པ་མ་ཟད། སློབ་གྲྭ་ཁག་ནས་བུ་མོའི་གྲངས་ཚད་དེ་བུ་ལས་ལྡབ་འགྱུར་གྱིས་མང་བ་ཡོད། ལྷག་པར་དུ་རང་གཞུང་གིས་སྤྱི་འཐུས་དང་ལས་ཁུངས་འགའ་ཞིག་ཏུ་བུད་མེད་ལ་ཞབས་སྟེགས་དམིགས་བསལ་གོ་སྒྲིག་དང་། ལས་བྱེད་བསྡུ་ལེན་ཡང་ཡིག་ཚད་ཀྱིས་ཆོད་ན་ཕོ་མོ་དབྱེར་མེད་ཀྱིས་བསྡུ་ལེན་གནང་གི་ཡོད། ཡིན་ན་ཡང་། གཙོ་བོ་ནི་རང་རེ་བུ་མོ་ཚོས་གོ་སྐབས་དང་ཐོབ་ཐང་དེ་དང་དུ་ལེན་ཐུབ་མིན་ལ་རག་ལུས་ཡོད་པར་སྙམ།
རང་རེ་ལ་རྒྱ་གར་བའི་སྔ་མའི་ལུགས་སྲོལ་བཞིན་ཁྱོ་ག་གྲོངས་རྗེས་ཆུང་མ་མཉམ་དུ་དུར་འཇུག་བྱེད་དགོས་པ་དང་། རྒྱ་ནག་གི་ལུགས་སྲོལ་རྙིང་པ་ལྟ་བུར་རྐང་པར་ཀོ་རློན་གྱི་ཐུམ་(འདི་ལ་རྒྱ་མོ་རྐང་རིལ་ཞེས་འབོད།)རྒྱག་དགོས་པ། ཁ་ཆེའི་ལུགས་སྲོལ་རྙིང་པ་ནང་བཞིན་རང་གི་ཁྱོ་ག་ལས་གདོང་པ་གཞན་ལ་སྟོན་མི་ཆོག་པ་མེད་པ། དེ་བཞིན་རྒྱལ་གཞན་འགའ་ཞིག་ལ་བུད་མེད་ཚོས་ཆོས་བྱེད་མི་ཆོག་པ་དང་སྲིད་ལས་མི་ཆོག་པ་སོགས་མང་པོ་ཞིག་གོ་རྒྱུ་ཡོད་ཀྱང་བོད་ལ་འདི་ལྟ་བུའི་ཁྲིམས་གཞི་མཐོང་རྒྱུ་མེད།
གནད་དོན་འདི་དག་ལ་གཞི་ལ་བཞག་ནས་བོད་པའི་བུད་མེད་ཚོས་ཁ་ནས་ཐོབ་ཐང་ཞེས་སྐད་ཅོར་རྒྱབ་ནས་མ་བསྡད་པར་རང་གི་འགན་འཁྲི་ངོས་འཛིན་ཐུབ་དགོས་པ་དང་། གཟུགས་པོའི་གནས་བབ་སོགས་ཕྱོགས་ཡོངས་ལ་བལྟས་ནས་ད་གཟོད་དང་ལེན་བྱེད་དགོས་པ་དང་སྐད་ཆ་བཤད་དགོས་པ་སོགས་ཅིས་ཀྱང་བཤད་དགོས་པ་ཡིན།
བུད་མེད་ཀྱི་འགན་འཁྲིའི་སྐོར།
གོང་ནས་རོབ་ཙམ་གླེང་བ་བཞིན་བུད་མེད་ཀྱི་གནས་བབ་དང་འཇོན་ཐང་། འགན་འཁྲི། ཐོབ་ཐང་སོགས་ག་འདྲ་ཞིག་ཡིན་པ་ངོས་ཟིན་པའི་ཐོག་ནས། བུད་མེད་ལ་ཡོད་པའི་རང་བཞིན་ལྷན་སྐྱེས་ཀྱི་ནུས་པ་དང་འཇོན་ཐང་། འགན་འཁྲིའི་ཕྱོགས་ངོས་སོགས་ཧ་གོ་དགོས་པ་བཞིན་གཤམ་ནས་དེའི་སྐོར་ཅུང་ཙམ་བཤད་རྒྱུ་ཡིན།
༡༽ བུད་མེད་དང་ཤེས་ཡོན།
སྤྱི་ཚོགས་ལ་འགྱུར་ལྡོག་ཕྱིན་ཏེ་སློབ་སྦྱོང་མེད་ན་དཀའ་ངལ་ཆེ་བའི་དུས་རབས་འདིའི་ནང་མི་ཚང་མ་སློབ་སྦྱོང་གི་གོ་སྐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་ལ། རང་རེ་བཙན་བྱོལ་བོད་མི་ཚོར་མཚོན་ན་ཡང་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་བོད་ཕྲུག་ཚོར་སློབ་སྦྱོང་གི་གོ་སྐབས་མི་དམན་པ་ཞིག་རེག་གི་ཡོད་ལ། དེ་ཡང་ཕོ་མོ་དབྱེ་བ་མེད་པར་གཅིག་མཚུངས་ཀྱིས་སློབ་སྦྱོང་རེག་གི་ཡོད།
ང་ཚོའི་གནས་ཚང་རྒྱ་གར་སྤྱི་ཚོགས་ནང་བལྟས་ན་ཁྱིམ་ཚང་ཞིག་ལ་བུ་ཞིག་སྐྱེས་ན་རྡོ་རྗེ་ཕ་ལམ་རྙེད་པ་ལྟར་དགའ་ཚོར་གྱིས་རྟེན་འབྲེལ་ཞུ་ལ། བུ་མོ་ཞིག་སྐྱེས་ན་དགའ་ཚོར་མི་བྱེད་པ་སོགས་ཡིན། དེ་བཞིན་བུ་ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཤུགས་ཆེར་སྤྲོད་པ་དང་བུ་མོ་ལ་བུ་བཞིན་སློབ་སྦྱོང་སྤྲོད་ཤུགས་ཆུང་བས། རྒྱ་གར་གྱི་སློབ་གྲྭ་ཁག་ནས་བུའི་གྲངས་ཚད་བུ་མོ་ལས་ལྡབ་འགྱུར་གྱིས་མང་བ་ཡོད་རབས་ཐོས།
དེར་བརྟེན། རང་རེ་བུ་མོ་ཚོས་རང་མི་རིགས་ཀྱི་གོམས་གཤིས་དང་བསམ་བློ་འཛིན་སྟངས་སོགས་རྟོགས་དགོས་ལ། དེ་ལྟ་བུའི་གོ་སྐབས་ཡོད་པ་དང་ཐོབ་ཐང་ཡོད་པ་ཙམ་གྱིས་མི་འགྲིག་པར་འགན་འཁྲི་གང་ཞིག་ཡོད་པ་ངོས་འཛིན་དགོས།
དེ་བཞིན་སློབ་ཕྲུག་ཅིག་ལ་མཚོན་ན། དཔེ་ཀློག་ནི་རང་གི་བློ་སྒོ་འབྱེད་པའི་ལྡེ་མིག་དང་རང་ཉིད་མི་རྣལ་མ་ཞིག་ཏུ་བཟོ་བའི་བཟོ་གྲྭ་གལ་ཆེན་ཡིན་དུས། ཀློག་རྒྱུའི་དཔེ་དེབ་ཀྱང་བརྩེ་དུང་གི་སྒྲུང་གཏམ་ལྟ་བུ་
མ་ཡིན་པར་ཀློག་རིན་ཡོད་པ་སྟེ་བསམ་བློའི་སྣེ་འཁྲིད་ཐུབ་པའི་དེབ་གཞི་ཁག་ཡིན་དགོས། དེ་ལྟ་བུའི་དེབ་ཀྱིས་འཚོ་བའི་དགོས་མཁོ་དང་མི་ཚེའི་རིན་ཐང་། འཇིག་རྟེན་ལྟ་ཚུལ་སོགས་ཕྱོགས་ཡོངས་ནས་ངོ་ཟིན་དུ་འཇུག་ལ། འཛམ་གླིང་ནང་གི་མཁས་པ་མང་པོའི་མི་ཚེའི་ཁ་ཕྱོགས་དང་བསམ་བློའི་རིན་ཐང་ལ་མཇལ་ཐུབ་པ་མ་ཟད། ཁོང་ཚོ་དང་ལྷན་དུ་སེམས་ཀྱི་ཁ་བརྡ་ཡང་བྱེད་ཐུབ་པ་ཡིན།
དེ་ལྟར་བྱས་ན་ཁོང་ཚོ་ལས་གསེར་ལས་ལྷག་པའི་ཤེས་བྱ་ཡོན་ཏན་ལེན་རྒྱུ་ཡོད་པས། དཔེ་དེབ་ཀློག་རྒྱུ་ལ་ངེས་པར་དུ་ཁ་ཕྱོགས་དགོས་པ་འདོད། འདི་ཡང་སློབ་གྲྭ་ཐོན་ནས་སྤྱི་ཚོགས་ནང་ཞུགས་དུས་ལག་ལེན་གྱི་ཐོག་ནས་ངོམ་སྟོན་བྱེད་ཐུབ་པའི་གནད་འགག་ཅིག་ཡོད་པར་འདོད། སློབ་གྲྭའི་ཡིག་ཚད་ཀྱི་སྐབས་སུ་རྒྱུན་ལྡན་དུ་གྲུབ་འབྲས་ལེགས་ཤོས་ལེན་མཁན་མང་ཆེ་བ་བུ་མོ་ཡིན།
ཡིན་ཡང་། རྩ་བའི་བུ་བུ་མོ་གཉིས་ཀྱི་ཤེས་ཡོན་གྱི་གནས་ཚད་བསྡུར་ན་བུ་མོ་ཕམ་འགྲོ་བ་ནི། ངས་གོང་ནས་བཤད་པ་དེ་དང་འབྲེལ་བ་ཡོད་པར་འདོད། དེ་ནི་སློབ་སྦྱོང་བྱེད་སྟངས་ནོར་ཡོད་པར་མཐོང་། ང་ཚོས་ཞིབ་ཀྱིས་བརྟག་ན་བུ་མོ་ཚོས་དགེ་རྒན་གྱི་བསླབ་གཞི་ལས་བརྒལ་མི་ཐུབ་པ་སྟེ། འཛིན་ལས་དང་སློབ་དེབ་ལས་སྤྱིར་བཏང་ཤེས་བྱ་ཁག་ལ་དོ་སྣང་གིས་ལྡེང་གི་མི་འདུག དཔེར་ན། གཟའ་འཁོར་རེར་དུས་བབ་དང་བང་ཆེན་གཙོས་དབྱིན་བོད་ཀྱི་ཚགས་པར་དང་དུས་དེབ་སོགས་ལ་ལྟ་ཀློག་དང་དོ་སྣང་བྱེད་མཁན་བུ་ལས་བུ་མོ་ཉུང་བ་ཡོད།
དེ་བཞིན་སློབ་མའི་ཤེས་ཡོན་གོང་མཐོར་ཡོང་ཆེད་ཟབ་སྦྱོང་བྱས་ཚེ་གོ་སྐབས་ལེན་མཁན་བུ་ལས་མུ་མོ་ཉུང་བ་ཡོད། འདི་དག་ཀྱང་བུ་མོས་སློབ་སྦྱོང་གི་ཁ་ཕྱོགས་དང་དོ་སྣང་གིས་མ་ལྡེང་བ་ལས་གཞན་གྱིས་གོ་སྐབས་མ་སྤྲད་པ་མིན། དེར་བརྟེན། རང་ཉིད་ལ་ཡོད་པའི་ཐོབ་ཐང་དང་གོ་སྐབས་དང་དུ་བླངས་ནས་དཔུང་སྟོབས་བསྐྱེད་དགོས་པ་ཡིན།
༢༽ བུད་མེད་དང་མི་རིགས་ཀྱི་འདུ་ཤེས།
རང་རེ་བོད་པ་ཚོ་ནི་ཆབ་སྲིད་ཀྱི་ཁ་སྟབས་འདིའི་ཁྲོད་ནས་གཞིས་བྱེས་གཉིས་སུ་གྱེས་དགོས་བྱུང་ཞིང་། དེ་ཡང་བོད་ནང་རྒྱ་ནག་གཞུང་གིས་མི་རིགས་རྩ་སྟོང་གི་ཆེད་བྱིས་པ་གཅིག་གཉིས་ལས་སྐྱེས་མི་ཆོག་པའི་སྐྱེས་འགོག་གི་སྲིད་ཇུས་དང་། བཙན་བྱོལ་བ་ཚོ་འཛམ་གླིང་གི་ས་ཕྱོགས་གང་སར་འཐོར་ནས་མི་རིགས་མ་འདྲ་བ་དང་ཁོར་ཡུག་མ་འདྲ་བ། སྤྱི་ཚོགས་མ་འདྲ་སོགས་ཀྱི་དབང་གིས་མི་རིགས་གཞན་བསྡེབས་ཀྱི་གནད་དོན་འབྱུང་གི་ཡོད། གནད་དོན་འདི་ནི་ཆེས་ཉེན་འཚབ་རང་བཞིན་ཞིག་ཡིན་ལ། བོད་ནང་ལ་རྒྱ་རིགས་མང་པོ་ཡོང་ནས་ས་ཆ་བདག་བཟུང་དང་མི་རིགས་བསྲེས་སྦྱོར་སོགས་ལ་ཐབས་ཤེས་མང་པོ་ཞིག་གཏོང་གི་ཡོད།
བོད་ཕྱི་ལོགས་སུ་འཚོ་བའི་གནས་བབ་དང་དགོས་མཁོའི་དབང་གིས་བྱ་ལས་མང་པོ་རང་བཞིན་གྱིས་ཡོང་གི་ཡོད། འདི་གཉིས་ཀྱི་ཀུན་སློང་ལ་ཁྱད་པར་ཞིག་ཡོད་ངེས་ཀྱང་རྩ་བའི་བོད་མི་རིགས་ཀྱི་གནད་དོན་ལ་སྐྱོན་གནད་ཐེབས་པ་གཅིག་མཚུངས་ཡིན། གནད་དོན་འདི་ལ་བསམ་བློ་ནན་ཏན་གྱིས་གཏོང་དགོས་པ་ལ། འདི་ཡང་རང་རེ་བུད་མེད་ཚོར་འགན་བབ་ལྷག་པོ་ཞིག་རེད་སྙམ།
གནད་དོན་འདིའི་ཐད་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ཞིག་ལས། ཁྱེད་ཚོ་བུད་མེད་རྣམས་ནས་རང་མི་རིགས་ཀྱི་རིགས་རྒྱུད་གཙང་འཕེལ་ཐབས་ཀྱི་འགན་འཁུར་བྱེད་དགོས་པ་ནི་གལ་གནད་ཆེན་པོ་ཡིན། བཟའ་ཚང་འབྲེལ་ཟིན་པ་རྣམས་ལ་སྨོས་མེད། བཟའ་ཚང་མ་འབྲེལ་བའི་བུད་མེད་ཚོས་རང་རིགས་གཙང་མའི་བུ་རྒྱུད་འཕེལ་ཐབས་བྱེད་པ་ལས། གང་བྱུང་འཆལ་སྤྱོད་བྱས་ན་མི་འགྲིག མ་བོད་པ་དང་ཕ་མི་རིགས་གཞན་དག་ཡིན་པའི་བུ་ཕྲུག་མང་པོ་འཕེལ་རྒྱས་བྱུང་ན་བོད་མི་རིགས་གཏན་བརླག་ཏུ་འགྲོ་བའི་ཉེན་ཁ་ཡོད།
དེ་འདྲ་མིན་པར་བོད་མི་ནང་ཁུལ་འདུས་པ་ལས་བྱུང་བའི་རིགས་རྒྱུད་སྤེལ་དགོས་པའི་གནད་དོན་འདིར་ཁྱོད་ཚོས་སྣང་ཆུང་མ་བྱས་པར་སེམས་ལ་བཞག་དགོས། དེ་ནི་དེང་སང་འཛམ་གླིང་འདིའི་སྟེང་ཆོས་ལྡན་གྱི་མི་རིགས་ལོ་རྒྱུས་ཅན་ཞིག་རྩ་བརླག་ཏུ་འགྲོ་བའི་དུས་རབས་ཡོ་ལང་འདི་འདྲའི་སྐབས་སུ་དངོས་འབྲེལ་གྱི་གནད་འགག་ཆེན་པོ་ཡིན་ཞེས་གསལ་པོ་གསུངས་ཡོད།
སྤྱིའི་ཆ་ནས་བཤད་ན། ང་ཚོའི་ཁ་རྒྱུན་ལ་ཕོ་མོའི་བརྩེ་དུང་ལ་ས་མཚམས་མེད་པས་ཕན་ཚུན་ལ་བརྩེ་བ་ཡོད་ན་ལོ་རྒན་གཞོན་དང་དཔལ་འབྱོར་ཡོད་མེད། རྣམ་པ་ཡོད་མེད། མི་རིགས་གང་ཡིན་ལ་ཁྱད་པར་མེད་ཅེས་པར་གནས་ལུགས་ཤིག་ཡོད་ཀྱང་། ཉེན་འཕྲང་ཆེ་བའི་བོད་མི་རིགས་དང་བོད་རྒྱལ་ཁབ་འདི་ལ་མཚོན་ན་ཅིས་ཀྱང་བློ་གཏོང་དགོས་པའི་གནད་དོན་ཞིག་ཆགས་ཡོད།
རྩ་བའི་ཆ་ནས་གོང་དུ་བཤད་པ་ལྟར་གཉེན་སྒྲིག་རང་དབང་ཡིན་ལ་བརྩེ་དུང་ཡང་རང་དབང་ཡིན་པས། རང་ཉིད་རྒྱལ་ཁབ་གང་ཞིག་གི་མི་སུ་དང་གཉེན་སྒྲིག་གི་རང་དབང་ཆ་ཚང་ཡོད་ཀྱང་། རང་མི་རིགས་ཀྱི་འདུ་ཤེས་དང་རང་མི་རིགས་ཀྱི་འགན་འཁྲི་འདི་ཅིས་ཀྱང་འཁུར་དགོས་པར་འདོད། འདི་ནི་རང་རེ་བུ་མོ་ཚོས་སྣང་ཆུང་ལ་བསྐུར་མི་ཉན་པའི་གནད་དོན་གཙོ་བ་ཞིག་ཡིན་ནོ།།
༣༽ བུད་མེད་དང་བྱིས་པའི་འཚར་ལོངས།
བྱིས་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་སོན་རྩ་དང་བདག་དབང་བྱེད་མཁན། སྤྱི་ཚོགས་ལ་ཁ་ལོ་བསྒྱུར་མཁན་བཅས་ཡིན་དུས། ཁོང་ཚོའི་འདུ་ཤེས་ཀྱི་འཚར་ལོངས་དང་ཤེས་ཡོན་གྱི་འཚར་ལོངས། ཀུན་སྤྱོད་ཀྱི་འཚར་ལོངས། དམིགས་འབེན་གྱི་འཚར་ལོངས་སོགས་ནི་ཆེས་གནད་འགག་དང་གལ་འགངས་ཆེ་ཤོས་དེ་ཡིན་ལ། འདི་དག་འཚར་ལོངས་ཀྱི་བརྒྱུད་རིམ་ནང་ལ་མེད་དུ་མི་རུང་བ་དང་ཤུགས་རྐྱེན་
ཆེས་ཆེ་བ་ནི་ཨ་མ་ཡིན་དུས། ཨ་མའི་ཀུན་སྤྱོད་དང་ཨ་མའི་བསམ་བློ། ཨ་མའི་སེམས་ཤུགས་སོགས་ནི་བྱིས་པའི་འཚར་ལོངས་ཀྱི་སྒུལ་ཤུགས་ཡིན། ཨ་མ་ནི་དེ་ལྟ་བུའི་གལ་གནད་ཆེ་བའི་མི་སྣ་གསོ་སྐྱོང་གནང་མཁན་གཙོ་བོ་དེ་ཆགས་ཡོད།
གནད་དོན་འདི་དང་འབྲེལ་བའི་༸གོང་ས་མཆོག་གི་གསུང་ལས། མིའི་བསམ་བློའི་བརྩེ་བ་སླེབས་སྟངས་འདི་ཆུང་ཆུང་སྐབས་ཀྱི་འཚར་ལོངས་བྱེད་སྟངས་ལ་ཁྱད་པར་ཆེན་པོ་ཡོད། དེའི་གནད་དོན་གཅིག་ནི་ཕྲུ་གུ་ཆུང་ངུར་ཨ་མའི་འོ་མ་སྟེར་བ་འདི་དང་། ཨ་མའི་པང་དུ་ཉར་ནས་དྲོད་ལ་སྦྱར་ནས་གཅེས་སྐྱོང་ཇི་ཙམ་མང་བ་དེ་ཙམ་གྱིས་ཕྲུ་གུའི་བསམ་བློའི་ནང་རང་ཉིད་མི་གཞན་གྱིས་བྱམས་བརྩེས་བསྐྱངས་པའི་ཚོར་སྣང་ཤུགས་ཆེན་པོ་ཞིག་ཡོང་གི་ཡོད། ཕྲུ་གུ་ཆུང་ཆུང་སྐབས་ཨ་མའི་ལུས་ཀྱི་དྲོད་ལ་མ་སྦྱར་བ་དང་། ཕྲུ་གུ་ཉལ་ས་ཟུར་དུ་བཞག་པ། འོ་མ་ཡང་གཞན་དག་སྤྲད་ནས་ཨ་མའི་འོ་མ་ཉུང་ངུ་ལས་མི་སྟེར་བ་དེ་ཕྱོགས་གཅིག་ནས་བལྟས་ན་སྤུས་དག་པོ་དང་། གཙང་མདོག་ཁ་བོ་ཞིག་ཡོད་ཀྱང་བྱེད་སྟངས་འདིས་ཕྲུ་གུ་ཆུང་ཆུང་སྐབས་ཀྱི་བསམ་བློའི་ནང་ཁོ་རང་རང་བཙན་གྱིས་འཚོ་བ་ལྟ་བུ་ཞིག་མ་གཏོགས་རང་ཉིད་ཆུང་སྐབས་གང་ཟག་གཞན་ཞིག་གིས་བྱམས་བརྩེས་བསྐྱངས་པའི་ཚོར་བ་ཉུང་བ་བྱུང་། དེའི་རྐྱེན་གྱིས་ཕྲུ་གུའི་བསམ་བློ་འཁྱེར་སོ་ལ་ཁྱད་པར་ཡོང་གི་ཡོད་ཅེས་གསུངས་ཡོད།
དེས་ན་རང་མི་རིགས་འདི་སྔ་མོ་ནས་བཟུང་བྱམས་དང་སྙིང་རྗེ་ལྡན་པའི་མི་རིགས་ཤིག་ཡིན་པ་བཞིན། མི་རིགས་འདིའི་སྔ་མའི་འདུ་ཤེས་འཛིན་སྟངས་དང་བསམ་སྤྱོད་འཁྱེར་སྟངས་སོགས་མ་ཡལ་བར་འཛིན་དགོས་ན། དེ་ཡང་ཁ་ཚ་དགོས་གཏུགས་ཀྱིས་ཨ་མའི་བྱམས་བརྩེ་དང་ཨ་མའི་བསམ་སྤྱོད་སོགས་ལ་འབྲེལ་བ་ཆེན་པོ་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་རང་རེའི་ཨ་མ་ཚོས་བྱིས་པ་བཙས་པ་ནས་བཟུང་ཆེན་པོར་མ་ཆགས་བར་གྱི་འཚར་ལོངས་ཏེ། འདུ་ཤེས་ཀྱི་འཚར་ལོངས་དང་ཤེས་ཡོན་གྱི་འཚར་ལོངས། ཀུན་སྤྱོད་ཀྱི་འཚར་ལོངས། དམིགས་འབེན་གྱི་འཚར་ལོངས་སོགས་ནི་ཐད་ཀར་ཨ་མ་དང་འབྲེལ་བ་ཆེས་ཆེར་ཡོད་ལ། རང་རེ་བོད་མི་ཚོའི་བསམ་བློའི་འདུ་ཤེས་འཛིན་སྟངས་དང་ཀུན་སྤྱོད་འཁྱེར་སྟངས་སོགས་གང་འདྲ་ཞིག་ཡོང་མིན།
དེ་བཞིན་མ་འོངས་པའི་བོད་མི་དེ་བསྐྱེད་བསྲིངས་ག་འདྲ་གནང་མིན་དེ་ཡང་ཐད་ཀར་ཨ་མ་ཚོར་འབྲེལ་བ་ཡོད་དུས། རང་རེའི་བུད་མེད་ཚོའམ་ཨ་མ་ཚོས་འགན་འཁྲི་འདི་ནི་ཅིས་ཀྱང་འཁུར་དུ་ལེན་དགོས་པ་ཞིག་ཡིན་པར་སྣང་།
ཡང་གཅིག་བཤད་ན། ལྷ་རབ་བྱུང་ན་ཨ་མ་ནི་ཤེས་ཡོན་ལྡན་པ་ཞིག་དགོས་པ་གལ་ཆེ་སྟེ། བུ་ཕྲུག་ནར་སོན་རྗེས་སློབ་གྲྭར་འགྲོ་དགོས་ཤིང་། ཕྲུ་གུ་ལ་མཚོན་ན་རང་ཉིད་ཆེས་བློ་ཐག་ཉེ་ས་དང་ཡིད་ཆེས་བློ་འགེལ་བྱེད་ས་ནི་རང་གི་ཨ་མ་ཡིན་དུས། བྱ་གཞག་ལེགས་ཉེས་གང་ཞིག་བྱུང་ཡང་ཨ་མ་ལ་འདྲི་བ་དང་ཨ་མའི་སློབ་སྟོན་ལ་ཉན་པ་ཡིན། དེ་བཞིན་སློབ་གྲྭ་ནས་ནང་ལ་འབྱོར་དུས་ཀྱང་ཨ་མ་བྱིས་པའི་སློབ་སྦྱོང་ལ་ཡར་སྐུལ་དང་བློ་འདོན། དོགས་སེལ་སོགས་གནང་དགོས་དུས། དེ་བཞིན་ཨ་མའི་ཤེས་ཡོན་གྱིས་མདང་ན་ཕྲུ་གུའི་སློབ་སྦྱོང་གི་འཚར་ལོངས་ནང་རང་བཞིན་གྱིས་སྤོབས་པ་ཞིག་སླེབས་ཤིང་། འདི་ནི་ཆུང་ས་ནས་བཤད་ན་བུད་མེད་ཚོས་རང་གི་ཕྲུ་གུའི་སློབ་སྦྱོང་ལ་རམ་འདེགས་བྱས་པ་ཡིན་ལ། ཆེ་ས་ནས་བཤད་ན། བུད་མེད་ཚོས་རྒྱལ་ཁབ་དང་མི་རིགས་ཕུལ་བའི་རླབས་ཆེན་གྱི་ལས་དོན་ཞིག་བསྐངས་པ་ཡིན་པར་འདོད།
༤༽ བུད་མེད་དང་སྤྱི་ཚོགས་ཀྱི་འགན་འཁྲི།
རང་རེའི་སྤྱི་ཚོགས་ནང་བུད་མེད་མང་དག་ཅིག་ཕྱིའི་ཁྲ་ཁྲ་ཟིང་ཟིང་སྣང་བ་གཡེང་བ་དང་། ཐ་ན་གློག་བརྙན་ཞིག་ལ་བལྟས་ཀྱང་རྒྱལ་སྤྱིའི་གསར་འགྱུར་རམ་ཤེས་ཡོན་དང་འབྲེལ་བའི་གློག་བརྙན་ལ་བལྟ་མཁན་ཉུང་བར་མཐོང་། དེ་ཡང་ཕོ་མོའི་དབར་གྱི་བརྩེ་དུང་གི་སྐོར་དང་ནང་གི་རྙོག་དྲ་སོགས་ཀྱི་སྐོར་ལ་བལྟས་ནས་རང་གི་མི་ཚེའི་རིན་ཐང་དང་དོན་སྙིང་ལ་དོ་ཁུར་མི་བྱེད་པར་ཉི་མ་འཁྱོལ་ཐབས་བྱེད་ཅིང་། ཁ་ནས་ཕོ་མོ་འདྲ་མཉམ་མིན་པ་དང་སྲོལ་རྒྱུན་གྱི་ལུགས་སྲོལ་ངན་པས་གཉའ་གནོན་བྱེད་པའི་ངན་ཁག་རྐྱང་བརྗོད་ན་ཡང་། དོན་དངོས་སུ་སྐྱེས་པ་དང་འདྲ་མཉམ་ཡོང་ཐབས་ཀྱི་གཞི་རྩ་མི་སྒྲུབ་པར་རང་གིས་རང་མར་འཐེན་བྱེད་ཀྱི་ཡོད།
དེས་ན་རང་རེ་བུད་མེད་ཚོས་རང་གི་ཁྱིམ་ཚང་གི་ལས་དོན་ནམ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ཏེ། བྱ་གཞག་ཆེ་འབྲིང་ཆུང་གསུམ་གང་ཞིག་ཡིན་ཡང་ཐོག་མར་རང་ཉིད་ནས་མགོ་རྩོམ་དགོས་ཞེས་པའི་བསླབ་བྱ་དེ་བླངས་ནས། རང་ཉིད་ལ་ཡོད་དགོས་པ་དང་ཚང་དགོས་པའི་ཆ་རྐྱེན་སྒྲུབ་དགོས་ལ། དེ་ནས་ལས་དོན་བྱ་གཞག་གང་ལ་ཞུགས་ཀྱང་འབུར་དུ་ཐོན་པ་ཞིག་ཡོང་ངེས་པས། ང་ཚོས་མི་རིགས་གཞན་འགའ་ཞིག་ལ་མེད་པའི་བུད་མེད་ཀྱི་གོ་སྐབས་དང་ཆ་རྐྱེན་འདི་དག་བེད་སྤྱད་ནས་རང་རེའི་བུད་མེད་ཀྱི་ནུས་པ་དང་འཇོན་ཐང་གིས་ཆུང་ས་ནས་རང་གི་ཁྱིམ་གཞིས་དང་། ཆེ་ས་ནས་གཞུང་དང་མང་ཚོགས། སྤྱི་ཚོགས་བཅས་ཀྱི་དགོས་མཁོ་དང་ཁེ་ཕན་སྒྲུབ་དགོས་པ་ཡིན།
དེང་གི་དུས་འདིར་རང་ལ་ཤེས་བྱ་དང་ཡོན་ཏན་ཡོད་ན། ལས་གནས་ལ་ཁྱད་པར་མེད་པར་ཕྱི་ནང་གི་ལས་དོན་གང་ཞིག་ཡིན་ཡང་སྒྲུབ་ནུས་པ་དང་། རང་རེའི་ཁ་རྒྱུན་ལ། བུ་མོའི་ལས་དབང་ཐབ་ཚང་ནང་ཡིན་ཞེས་པའི་སྐད་ཆ་འདི་རང་བཞིན་གྱིས་རྫུན་དུ་གྱུར་འགྲོ་བ་ཡིན། རང་ལ་ནུས་པ་དང་འཇོན་ཐང་མེད་ན་བུ་བུ་མོ་ཁྱད་པར་མེད་པར་ ལས་དབང་ཐབ་ཚང་དུ་ཡོད་པ་ཡིན། དེར་བརྟེན། རང་གི་ནུས་པ་དང་འཇོན་ཐང་ལྟ་བུའི་གསོན་ཤུགས་གང་འདྲ་ཞིག་བཟོ་མིན་ནི་རང་ཉིད་ལ་རག་ལུས་ཡོད་དུས་རང་གིས་འབད་པ་བྱེད་དགོས་པ་ལས་གཞན་གྱིས་ཚུར་སྤྲོད་དགོས་དོན་མེད།
ཡིན་ཡང་བུད་མེད་འགའ་ཞིག་གིས་རང་ལ་ཕྲུ་གུ་ཞིག་ཡོད་རྗེས་འདོད་པ་ཁེངས་འགྲོ་བ་དང་། ཡང་ན། ད་ངའི་མི་ཚེའི་ནུས་པ་དང་འཇོན་ཐང་། ལང་ཚོ་སོགས་མཇུག་རྫོགས་སོང་སྙམ་པའི་ཀུན་སློང་གིས་རང་གི་ནུས་པ་དང་འཇོན་ཐང་ལ་སྒོ་ལྕགས་རྒྱག་གི་ཡོད། འདི་ནི་ནོར་འཁྲུལ་ཆེ་ཤོས་ཤིག་ཡིན་པར་འདོད། དེས་ན་རང་རེའི་བུད་མེད་རྒན་གཞོན་སུ་ཞིག་ཡིན་ཡང་རང་གི་ནུས་པ་དང་འཇོན་ཐང་དེ་རྒྱ་ཆེ་ས་ཞིག་ལ་བསྐྱེད་ཐུབ་དགོས་པ་འདོད་དོ།།
མཇུག་གཏམ།
བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ཆོས་སྲིད་གཉིས་ཀྱི་ཐད་ལ་བྱས་རྗེས་ཡོད་པའི་བུད་མེད་གྲགས་ཅན་མང་པོ་ཞིག་བྱུང་ཡོད་ལ། ད་ལྟའི་དུས་རབས་འདིའི་ནང་ལ་ཡང་ཤེས་འཇོན་གཉིས་ལྡན་གྱི་བུད་མེད་ཕུལ་བྱུང་མང་པོ་བྱོན་ཡོད། ཁོང་ཚོ་ནི་བཙས་མ་ཐག་པའི་དུས་ནས་འདི་ལྟར་ནུས་པ་དང་འཇོན་ཐང་ཡང་རྩེར་སོན་པ་ཞིག་ག་ལ་ཡིན། རང་རང་གིས་འབད་བརྩོན་དང་དཀའ་ལས་རྒྱབ་པའི་འབྲས་བུ་ལས་བྱུང་བ་ཡིན་ངེས། འདི་དག་ལ་ལྟས་ན་ང་ཚོས་རང་རང་ས་ནས་ཤུགས་རྒྱག་དགོས་པ་སྨོས་མེད་རེད་སྙམ། རེད་ཡ། ང་ཚོ་ནི་ལས་དབང་གཅིག་པའི་བོད་ཀྱི་བུ་མོ་ཞིག་ཡིན་དུས། ང་ཚོས་རང་ལ་བབས་པའི་ཐོབ་ཐང་གང་ཞིག་ཡོད་པ་དེའི་ཆ་ཤས་ལེན་དགོས་པ་རེད།
འོན་ཀྱང་བུད་མེད་ཀྱི་གནས་བབ་སྲུང་སྐྱོབ་དང་ལས་འགན་དང་དུ་ལེན་དགོས་ཟེར་དུས་མང་པོ་ཞིག་གི་སྣང་བར་མི་འགྲོ་བ་ཞིག་རེད། གང་ཡིན་ཟེར་ན། རང་ཉིད་ནི་ཤེས་བྱ་ཡོན་ཏན་ཡོད་མཁན་ཞིག་དང་ནུས་པ་ཡོད་མཁན། འཇོན་ཐང་ཡོད་མཁན། ཉམས་མྱོང་ཡོད་མཁན་ཞིག་མིན་པས་ཡིན། དེ་ལྟར་ན་ཡང་། དེ་རིང་འདི་ནས་ངས་རང་ཉིད་ལ་དུས་རྒྱུན་དུ་མངའ་བའི་བསམ་ཚུལ་གང་ཡོད་པ་དག་ཡི་གེར་བཀོད་དེ་དྲང་མོར་བཤད་ཁུལ་བྱས་པ་ཡིན།
འདི་ཡང་ཕྱོགས་གཅིག་ནས་རང་རེ་བུད་མེད་ཚོའི་གནས་བབ་ལ་བསམ་གཞིགས་བྱས་པ་དང་། ཕྱོགས་གཅིག་ནས་རང་ཉིད་བོད་སྐད་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་རྒྱུ་ལ་དུངས་པ་དྲག་པོས་ཨུ་ཚུགས་ཀྱིས་ཞུགས་པ་ལས་གང་ཡང་མིན། དེས་ན་རྩོམ་ཡིག་འདིའི་ཐོག་མཐའ་བར་གསུམ་དུ་ནོར་བ་དང་ཆད་པ། མ་ལྡེང་ས་སོགས་མང་དག་ཅིག་ཡོད་ངེས་པ་མ་ཟད། བུད་མེད་ལས་དོན་ཆེད་ལས་ཞིབ་འཇུག་དང་ཐུགས་བསམ་བཞེས་མཁན་ཚོས་མཐོང་ན་དོན་ལོག་གོ་ལོག་ཀྱང་མང་པོ་ཡོད་སྲིད་པས་ན། ཁྱེད་རྣམས་ཀྱིས་འདི་ནི་སློབ་ཕྲུག་བུ་མོ་ཞིག་གི་བསམ་བློ་འཕར་སྒྲ་ཡིན་པས་ཐུགས་བསམ་བཞེས་རོགས་གནང་ཞེས་ཞུའོ། །
ཨ་ཁ་ཁ། ཐོབ་ཐང་བཤད་ན། ཐོག་མར་མིང་ངོས་ཟིན་དགོས་པ་ནི་གཙོ་བོ་རེད། བུད་མེད་ནི་བརྡ་རྙིང་གི་བུད་མྱེད་དེ། ཁྱིམ་ནས་བུད་པ་ལ་བུད། ཀོ་བ་མྱེད་པ་ལ་མྱེད། དོན་དངོས་སུ་གཡོག་ལས་་བྱེད་མཁན་གྱི་དོན་ཡིན། དེ་བས། ཉུང་མཐར་སྐྱེས་མ་ཞེས་པའི་མིང་འདི་ནི་སྐྱེས་པ་དང་དོ་མཉམ་པ་ཞིག་རེད། མིང་གི་གོ་དོན་ཙམ་ཡང་མ་གོ་བར་ཐོབ་ཐང་བཤད་པ་ནི་ཉེན་ཁ་སྟེ། ལོག་ལམ་དུ་འཇུག་སླ་བའོ།
བུ་མོ་ལགས། དཔེ་ཡག་པོ་བྲིས་འདུག རྗེས་སུ་ཡི་རངས་ཡོད། མུ་འཐུད་ནས་བྲིས་རོགས་ཞུ།
བདེ་བོ་འཚོ་ལགས་ཀྱིས་བུད་མེད་ཐོབ་ཐང་གླེང་སྟངས་ཕུག་རྒྱང་རིང་པོ་མཐོང་ནས་སྐད་ཆ་བཤད་འདུག་པས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།དེ་མིན་དེང་བོད་ནང་གི་བུད་མེད་ཤེས་ཡོན་ཅན་ཡིན་ཟེར་མཁན་སྐོར་ཞིག་གིས་བུད་མེད་ཀྱི་ཐོབ་ཐང་གླེང་སྟེ།རང་གི་སྲོལ་རྒྱུན་གྱི་རིག་གནས་ལ་དམོད་གང་ཐུབ་བྱེད་བཞིན་ཡོད། སྐུ་ཉིད་ནས་མི་རིགས་གཞན་གྱི་བུད་མེད་ཚོ་དང་བསྡུར་ནས་ཐོབ་ཐང་གླེང་འདུག་པས་ཤིན་ཏུ་ནས་དགའ་ཡོད།
ཡིན་ཡང་བསམ་ཚུལ་ཕྲན་བུ་ཞིག་ལ། བུད་མེད་ཟེར་བའི་གོ་དོན་འདི་ནི། བུད་ནི་ཕྱི་ལ་ཐོན་པའི་དོན་ལ་འཇུག་པས། མཚན་མའི་རྟགས་ཕྱི་ལ་བུད་མེད་པའི་དོན་གྱིས་དེ་ལྟར་བཏགས་པ་རེད་སྙམ།
ཨ་ལས་འོ་ན་བུ་ལ་་་འབུར་ཅེས་གོ་བ་ཡིན་པ་འདྲ། མཚན་མ་ཕྱི་ལ་འབུར་བས་ན་འབུར། འབུར་་་་གྱི་སྒྲ་གདངས་ཉམས་པ་ལ་བརྟེན་ནས་བུ་ཞེས་གྲགས་པ་འདྲ། མ་གཞི་ནས་བུད་མེད་ཚོས་ཐོབ་ཐང་རྩོད་པ་ལས་བུ་དང་འདྲ་བའི་ལས་བྱེད་ཐབས་ལ་འབད་དགོས། དཔེར་ན། བལ་ཡུལ་གྱི་བུད་མེད་བཞིན་་་་གླ་འཁོར་གཏོང་བ་དང་ཚོང་ཁང་ལ་བསྡོད་པ་དང་ཤ་ཚོང་བ་ལས་སོགས་རེད། ཆོས་ཀྱི་དབང་དུ་བྱས་ན་་་བྲན་དང་བུད་མེད་དམག་དཔོན་ཤན་པ་དང། སྐྱེ་སྒོ་མ་དག་རིགས་ངན་ཀུན་སྤངས་ནས། རིགས་བཟང་ཁུངས་བཙུན་མི་ལུས་ཐོབ་པར་ཤོག ཅེས་བཤད་པ་རེད། དེ་བཞིན་འདས་སོང་གི་ལོ་རྒྱུས་ལ་ལྟས་ནའང་། ནང་པའི་སངས་རྒྱས་སྟོང་དང་དུས་གསུམ་གྱི་སྟོན་པ་སོགས་ཀྱི་ནང་དུ་བུད་མེད་སྟོན་པནདེ་འདྲ་འདུག་གམ། དེ་ཅིས་ཕྱིར་མེད་པ་རེད་དམ།
བུད་མེད་ཡིན་པའི་སྟོན་པ་དེ་འདྲ་འདུག་གམ
བདེ་པོ་འཚོ།
ཡ་ཡ་་ངའི་ཁ་ནང་ལ་བདེ་ཕོ་འཚོ་ལབ་ན་བདེ་བར་འདུག
ཡིན་རྒྱུ་མ་རེད།
ངའི་ཁ་འདིར་ཅིག་འགྲིག་མེད་པ་འདྲ།
བུད་མེད་ཅེས་པ་ནི། བོད་གསོ་རིག་ཚིག་མཛོད་གཡུ་ཐོག་དགོངས་རྒྱན་དུ། རྟགས་ལ་བལྟོས་ནས་བཏགས་པའི་མོ་སྤྱིའི་མིང་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསོ་རིག་ཁོག་འབུགས་ནང་དུ། དང་པོ་ཕོ་མོའི་དབང་པོ་སྒོ་དོད་པར་ཉེ་སྐབས་ལྦ་བ་ལྟ་བུའི་དབྱིབས་འབུར་པོ་རེ་ཡོད་པ་རེ་ཞིག་ན་ལ་ལ་ནི་ཆེར་སྐྱེས་ཏེ་ཕོ་མཚན་དུ་གྱུར་པས་སྐྱེས་པ། ལ་ལ་ནི་བུད་ནས་མེད་པའི་བུག་པ་ཅན་དུ་གྱུར་པས་བུད་མེད་དུ་གྲགས། ཞེས་མིང་འགྲེལ་བྱས་ཡོད། གཞན་ཡང་སྐྱེས་མ་མངལ་སྦྲུམ་སྟེ་རིམ་བཞིན་བྱང་ཁོག་སྨད་འབུར་བའམ་བུད་ནས་ཆེན་པོ་ཆགས་ཏེ་མངལ་གནས་བྱིས་པ་བཙས་པ་དང་སྔར་གྱི་འབུར་པོའམ་བུད་པ་དེ་མེད་པར་འགྱུར་འགྲོ་བའི་ཆ་ནས་བུད་མེད་ཅེས་བཏགས་པར་འདོད་མཁན་ཡང་ཡོད།
བོད་རིགས་བུད་མེད་གཅིག་གིས་འདི་འདྲའི་རྩོམ་ཡིག་ཡག་པོ་བྲིས་པ་མཐོང་བ་ཐེངས་དང་པོ་ཡིན། སེམས་ནང་དགའ་བ་དང་། སྤོབས་པ་ཀྱང་གསར་པ་ཞིག་སྤྲད། འདས་ཟིན་པའི་ལོ་རྒྱུས། ད་ལྟའི་གནས་སྟངས། མ་འོངས་པའི་འབྱུང་འགྱུར། ད་ལྟའི་རྒྱལ་སྤྱིའི་ཐོབ་སྟངས། མི་རིགས་གཞན་གྱི་བུད་མེད་ཀྱི་ཐོབ་ཐང་སོགས་ལ་རྒྱུས་མངའ་དང་། ལྷག་པར་བུད་མེད་ལ་དགོས་མཁོ་སོགས་ཁུངས་བཙན་པ། བརྗོད་བྱ་དང་། རྗོད་བྱེད་ལེགས་པ་སོགས་ཀྱི་ཡོན་ཏན་ལ་ཡར་དཔེ་ལྟ་རན་ཡོད་པ་ཞིག་འདུག ད་དུང་མུ་མཐུད་དེ་གནང་སྐྱོངས་ཡོང་བར་ཞུ།
་་་་་་་་་་་་་ དེ་ཡང་བོད་ནང་རྒྱ་ནག་གཞུང་གིས་མི་རིགས་རྩ་སྟོང་གི་ཆེད་བྱིས་པ་གཅིག་གཉིས་ལས་སྐྱེས་མི་ཆོག་པའི་སྐྱེས་འགོག་གི་སྲིད་ཇུས་དང་།
བཙན་བྱོལ་བ་ཚོ་འཛམ་གླིང་གི་ས་ཕྱོགས་གང་སར་འཐོར་ནས་མི་རིགས་མ་འདྲ་བ་དང་ཁོར་ཡུག་མ་འདྲ་བ། སྤྱི་ཚོགས་མ་འདྲ་སོགས་ཀྱི་དབང་གིས་མི་རིགས་གཞན་བསྡེབས་ཀྱི་གནད་དོན་འབྱུང་གི་ཡོད། གནད་དོན་འདི་ནི་ཆེས་ཉེན་འཚབ་རང་བཞིན་ཞིག་ཡིན་ལ།
བོད་ནང་ལ་རྒྱ་རིགས་མང་པོ་ཡོང་ནས་ས་ཆ་བདག་བཟུང་དང་མི་རིགས་བསྲེས་སྦྱོར་སོགས་ལ་ཐབས་ཤེས་མང་པོ་ཞིག་གཏོང་གི་ཡོད། ་་་་་་་་་་
་་་་་་ དེང་གི་དུས་འདིར་རང་ལ་ཤེས་བྱ་དང་ཡོན་ཏན་ཡོད་ན། ལས་གནས་ལ་ཁྱད་པར་མེད་པར་ཕྱི་ནང་གི་ལས་དོན་གང་ཞིག་ཡིན་ཡང་སྒྲུབ་ནུས་པ་དང་། རང་རེའི་ཁ་རྒྱུན་ལ། བུ་མོའི་ལས་དབང་ཐབ་ཚང་ནང་ཡིན་ཞེས་པའི་སྐད་ཆ་འདི་རང་བཞིན་གྱིས་རྫུན་དུ་གྱུར་འགྲོ་བ་ཡིན། ་་་་་་་
སློབ་མ་བདེ་པོ་འཚོས།
ད་ལྟ་ཀློག་ཁོམ་ཙམ་ལས། འབྲི་ཁོམ་མ་བྱུང་ཡང་། བརྡ་དག་ལ་བྱུས་གཏོགས་བྱེད་དུ་འོང་བགྱི་ཡིན་གདའ།
ཡག་པོ་བྲིས་འདུག་ལ་རྗེས་སུ་ཡི་རང་ཡང་ཡོད།
བུད་མེད་ཀྱི་གོ་དོན་གང་ཡིན་འགྲེལ་བ་རྒྱག་ཡ་ནི་གལ་ཆེན་པོ་མ་རེད།
འོན་ཀྱང་།
གལ་ཆེ་ཤོས་ནི། བུད་མེད་ཚོས་སྐྱིད་པོ་བྱེད་ཡ་ཐོག་ལ་ཐོབ་ཐང་རྩོད་པ་མ་གཏོགས།
སྐྱེས་པ་ཚོས་ཤུགས་ལས་བྱེད་པ་དང་། ཚེ་སྲོག་ལ་ཉེན་ཁ་ཆེ་བའི་ལས་རིགས་སོགས་བྱེད་དུས།
བུད་མེད་ཚོས་ག་རེ་བྱས་ནས་ཐོབ་ཐང་མི་ལེན་ནམ།
འདི་དྲི་བ་ཞིག་ཡིན།
བདེ་པོ་འཚོས། ཀརྡོས།
བཤད་ན་འདོད། བཤད་འདོད་ཡོད།
མ་ལྡེང་བ། མ་ལྡང་བ།
ཐོབ་ཐང་དེ་ཡིན། ཐོབ་ཐང་དེ་རེད།
ཕྱི་གླིང་བའི། ཕྱི་གླིང་པའི།
རྒྱབ་ནས་མ་བསྡད་པར། བརྒྱབ་ནས་མ་བསྡད་པར།
འབད་བརྩོན་བྱེད་ཀྱི་ཡོད་ལ། འབད་བརྩོན་བྱེད་བགྱིད་ཡོད་ལ།
རེག་གི་ཡོད་ལ། རག་གི་ཡོད་ལ།
རེག་གི་ཡོད། རག་བགྱིད་ཡོད།
རྩ་གནད་དོན་གཙོ་བ་ཞིག་ཡིན་ནོ།། རྩ་གནད་དོན་གཙོ་བ་ཞིག་རེད་དོ།།
མ་ལྡེང་ས་སོགས་མང་དག་ཅིག་ཡོད་ངེས། མ་ལྡང་ས་སོགས་མང་དག་ཅིག་ཡོད་ངེས།
༄། རེད་ཡ་བོད་པའི་བུད་མེད་ཚོ་ཡག་པོ་རེད། བོད་བཙན་མོ་བྱུང་ཡོད་ དེས་བོད་ལ་བུད་མེད་ཀྱི་ཐོབ་ཐང་་རྒྱལ་ཁབ་གཞན་ལས་་སྔ་ཤོས་སུ་ཡོད་པར་ཤེས། སངས་རྒྱས་ཀྱིས་ རིགས་ཀྱི་བུ་། རིགས་ཀྱི་བུ་མོ་ཞེས་འདྲ་མཉམ་སྐད་གཏང་ཡོད། ལྷག་པར་གསང་སྔགས་སྐབས་བུད་མེད་གལ་མཐོང་ཆེན་གཞག་ཡོད། སྤྱིར་གཏང་བུད་མེད་བུ་ལས་དཀའ་ངལ་ཆེ་བ་། ཚད་སྒྲུབས་ཤིད་ཏུ་མང་ ། དཔེར་ན་སྦྲུམ་པའི་དུས་དང། ཟླ་ཚན་དུས་སོགས་བཞིན་ནོ། དེས་བུད་མེད་ལ་མཐོང་ཆུང་དང་དམའ་འབེབས་བྱེད་མི་རུང་། ང་ནི་མོ་དད་ཤིད་ཏུ་ཆེ་ལ་། རྒྱོ་ལ་ཧ་ཅང་དགའ་འོ།
ཚང་མ་ཀློག་བ་ཡིན་ཡག་བྲིས་འདུག་།གཞན་སྐྱོན་མ་བཤད་། རང་སྐྱོན་འཚོ་ །རང་སྐྱོན་རྟོགས་ན་མཁས་པ་ཡིན།
ཤེས་རབ་རང་བཞིན་བུད་མེད་ལ། །ད་འགྲོ་བགྱིད་མི་འདུག བཞག་ཞོག
ངས་འགོ་ནས་རྩོམ་ཡིག་ཕྱེད་ཁ་ཙམ་བཀླགས་ཟིན་དག་ཆ་རེ་གཉིས་ནོར་བ་མ་གཏོགས། རྩོམ་སྟངས་དང་ཚིག་སྦྱོར་དཔྱད་པ་གཏོང་སྟངས། འཚོ་བའི་ཉམས་མྱོང་སོགས་ཕྱོགས་གང་ཐད་ནས་བལྟས་ན་རྩོམ་ཡིག་ལ་རིན་ཐང་མི་དམན་པ་འདུག་པས་དངོས་ནས་འབྲི་མཁན་བུད་མེད་ཅིག་ན་ཧ་ཅང་དགའ་འོས་པར་མཐོང་། བུད་མེད་ཚོས་ཤེས་ཡོན་སློབ་སྦྱོང་གི་ཕྱོགས་ལ་འབད་བརྩོན་གནང་རྒྱུ་གལ་ཆེའི་ནང་གི་དོན་ཆེན་རེད་སྙམ།