———དགེ་མང་ཟླ་བས་བསྒྱུར།
ཨ་ཆེ་ནཱ་རྗི་མ་ནི་སེམས་སྐྱོའི་ངང་མིག་ཆུ་འཐོར་བཞིན་གདའ། ཁོང་མོས་སྔོན་ཆད་རྒྱ་མཚོ་ཆེན་པོ་ནམ་ཡང་མཐོང་མྱོང་མེད། ནང་མི་དང་ང་ཚོ་རྡོ་བ་ཞིག་གི་སྟེང་དུ་བསྡད་དེ་མུ་མཐའ་བྲལ་ཞིང་གཏིང་དཔོག་དཀའ་བའི་ཨཱར་བྷེན་རྒྱ་མཚོའི་ལན་ཚྭའི་དྲི་བསུང་རྔུབ་བཞིན་གང་དེའི་དཔག་ཚད་ཀྱི་འགྱིངས་སུ་མིག་ཟུང་ཡང་ཡང་ཤོར། དུས་དེར་ང་རང་ལ་སྐྱིད་ཐག་ཆོད་པའི་སེམས་ཚོར་ཞིག་སླེབས་བྱུང་། “ནམ་ཞིག་ན་ངས་སྤོབས་སེམས་མཐོན་པོས་རྒྱ་མཚོ་ཆེན་པོ་འདིའི་ཕ་མཐའ་སྒལ་ནས་འཐོན་འགྲོ་དགོས་”ཅེས་བཤད། ངའི་ཨ་ཆེས་“ཁྱེད་ཀྱིས་ཅིའི་ཕྱིར་ནམ་ཡང་འབྱུང་མི་སྲིད་པའི་སྐད་ཆ་འབྲེལ་མེད་སྐད་ཆ་བཤད་ཀྱིན་ཡོད།”ཟེར།
མ་གཞི་མཚོ་འགྲམ་གྱི་གྲོང་ཁྱེར་ཁཱ་རཱ་ཁཱེ་ནི་ཁོང་མོས་ལོ་ངོ་སུམ་ཅུའི་རིང་གི་འཚོ་བ་སྐྱེལ་ཡུལ་དང་བརྩེ་དུངས་ཆགས་ཡུལ་ཡིན་ན་ཡང་དོན་དངོས་ཐོག་ཁོང་མོའི་མིག་ཟུང་གིས་དུས་ནས་དུས་བར་རྒྱ་མཚོ་ཆེན་པོའི་རླབས་འཕྲེང་དང་མཛེད་སྡུག་རོལ་མྱོང་མེད་ལ་ཁྱོ་གས་ཁོང་མོ་ནམ་ཡང་རྒྱ་མཚོའི་འགྲམ་དུ་ཁྲིད་སྲོལ་མེད། གལ་ཏེ་ཁོང་མོ་གཅིག་པུ་མཚོ་འགྲམ་ལྗོངས་རྒྱུའི་ཆེད་དུ་གསང་བའི་སྒོ་ནས་བྲོས་བྱོལ་དུ་ཕྱིན་པའི དབང་དུ་བཏངས་རུང་ཁོང་མོས་མཚོ་འགྲམ་དུ་འགྲོ་ཕྱོགས་དང་གཞུང་ལམ་ཨང་རྟགས་སོགས་ཁ་བྱང་གི་ཡིག་འབྲུ་གཅིག་ཀྱང་ཀློགས་ཤེས་ཀྱི་མེད་པས་ཁོང་མོ་མཚོ་ངོགས་སུ་འཁྱམས་འགྲོ་ཐབས་བྲལ།
དེ་བས། ང་རང་མནོ་བསམ་ཞིག་གི་ཀློང་བས་དལ་ཅིག་རྡོའི་སྟེང་དུ་བསྡད་དེ་ཧད་ཤོར། དོན་དངོས་སུ་གང་དག་རྒྱ་མཚོ་ཆེན་པོའི་ཀླུང་འདི་དག་སྒལ་ནས་སོང་ན་གང་དུའང་བུད་མེད་རྣམས་ཀྱི་རང་དབང་གི་ས་གཞི་ཆེན་པོ་ཅི་ནས་ཀྱང་ཡོད་དགོས་ལ། དེ་ནི་ཆུ་ཀླུང་ཡོད་སར་ས་གཞི་ཡང་ཡོད་པ་དང་ཀུན་ནས་མཚུངས་པས་བུད་མེད་རྣམས་ཀྱི་རང་དབང་ནི་ས་གཞི་ཆེན་པོའི་མཐའ་དང་ཅིའི་ཕྱིར་མཉམ་མི་ཆོག་བསམ།
ང་ཚོ་པཱ་ཁི་སཱི་ཐན་ནང་ཡོད་པའི་བུད་མེད་སྤྱི་ཁྱབ་བློན་ཆེན་དང་ད་དུང་དབྱི་སཱི་ལཱམ་རྣམས་ཏེ་སེམས་པ་དགས་འོས་པའི་བུད་མེད་ལས་དོན་པ་ཚོ་དང་ང་རང་ཐུག་འཕྲད་བྱུང་། མ་གཞི་པཱ་ཁི་སཱི་ཐཱན་རྒྱལ་ཁབ་ནང་གི་བུད་མེད་མང་ཆེ་བའི་མི་ཚེའི་དབང་ཆ་ཧྲིལ་བོ་སྐྱེས་པས་བཟུང་ཡོད།
ང་ཚོའི་བུད་མེད་དགེ་རྒན་ཆེན་མོ་Maryamལགས་ནི་ཤེས་ཡོན་གྱི་ནུས་ཤུགས་ཡོད་པའི་སྐྱེས་མ་ཞིག་ཡིན། འོན་ཀྱང་། ནང་གི་ཁྱོ་ག་དང་ཁོང་མོའི་ཕ་ད་དུང་གཅུང་པོ་སོགས་དང་ལྷན་དུ་ཁྱིམ་ལས་ལ་བྲེལ་ནས་བསྡད་ཡོད་པ་ལས་ཁོང་མོ་རང་ལ་སྒེར་དབང་ཡོད་པའི་ལས་དོན་བྱེད་སར་ཡོང་ཐབས་བྲལ།
གལ་ཏེ་པཱ་ཁི་སི་ཐཱན་ནང་གི་བུད་མེད་ཞིག་གིས་ཕོ་མོ་འདྲ་མཉམ་རང་དབང་དང་བུད་མེད་ཐོབ་ཐང་གླེང་ཚེ་མི་གཞན་གྱིས་བསམ་པ་ལ་དེའི་གོ་དོན་ནི་ནང་གི་ཁྱོ་ག་དང་ཨ་ཕ་གཅེན་པོ་སོགས་ལ་ཀྱི་བཀའ་ལ་རྩི་བཀུར་མེད་པ་དང་མི་བལྟོས་ཟེར་བར་གོ་ཟེར། དོན་དུ། འདི་ནི་ང་ཚོ་བུད་མེད་ཚོས་རང་ཐག་རང་གཅོད་རང་དབང་དང་། སློབ་སྦྱོང་ལས་དོན་རང་དབང་ཡོད་དགོས་པའི་དོན་ལས་གོ་ལོགས་གཞན་ཞིག་རྩ་ནས་མིན། འདི་ནི་དཀོན་མཆོག་Quran གི་གསུངས་རབས་ནང་དུའང་བུད་མེད་ཀྱི་དབང་ཆ་ཡོད་ཚད་སྐྱེས་པ་བརྟེན་དགོས་ཞེས་བྲིས་མེད་ལ་གནམ་སྔོན་པོའི་མཐོངས་ནས་ས་སྟེང་བུད་མེད་ཡོངས་རྫོགས་ཀྱིས་སྐྱེས་པས་ཅི་བཤད་ལ་ཉན་ནས་འགྲོ་དགོས་ཟེར་བའི་བཀའ་ཡིག་ཀྱང་མེད།
ཨ་ཕས་ངའི་སྐད་ཆ་དང་བསམ་བློ་མཚམས་བཅད་དེ་“བུ་མོ་”ཁྱེད་རང་ད་ལྟ་ལེའུ་དབར་ས་ཡ་མང་པོའི་རྒྱང་རིང་དུ་ལྷག་ཡོད། ཁྱེད་རང་གིས་ཅི་ཞིག་ལ་རྨི་ལམ་དང་རེ་སྟོང་བཅིང་བཞིན་ཡོད།”ཟེར། ཨ་ཕ་ལགས། གང་ལྟར་ངས་ཅིས་ཀྱང་རྒྱ་མཚོ་ཆེན་པོ་འདི་སྒལ་ནས་འགྲོ་ཞེས་ལན་བཏབ། གཅུང་པོ་Atal ལགས་ཀྱིས་སྐད་ཅོར་ཆེན་པོའི་ངང་“ཨ་ཆེ་འདི་ཚོ་ཚང་མ་གཡུག་ཞོག་ཅིག ད་སྐབས་འུ་ཅག་མཚོ་འགྲམ་དུ་ཡོད་པས་ང་རྔ་མོང་ལ་བཞོན་ནས་འགྲོ་དགོས་”ཟེར།
ནོ་བྷེལ་ཕུལ་བྱུང་རྩོམ་རིགས། པཱ་ཀི་སི་ཐན་བུ་མོ་མཱ་ཨཱ་ལ་ལའི་དེབ་འཕྲེང་ལས། དགེ་མང་ཟླ་བས་བསྒྱུར།
སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ། འོན་ཀྱང་ད་ལྟ་ཤེས་ཡོན་གྱི་ན་ཚོད་སྨིན་མི་འདུག་
ཧ་ཅང་ཡག་པོ་བསྒྱུར་འདུག བཀའ་དྲིན་ཆེ།
ཞེ་དྲག་སྙན་པོ་བྱུང་།