སྙན་བཟང་གཡུང་དྲུང་ཚེ་རིང༌།
————————————–
ད་རེས་ཀྱི་ས་ཡོམ་ཁྲོད་ཤི་གོད་བྱུང་བའི་བེམ་པོ་མང་པོ་ཞིག་སྡེབ་གཅིག་ཏུ་སྤུངས་ཏེ་མེར་སྲེག་བཏང་སོང༌། བོད་ལ་བེམ་པོ་མེར་སྲེག་གཏོང་བའི་ལུགས་སྲོལ་ལོས་ཡོད་ཀྱང༌། ཡུལ་ཤུལ་གྱི་ས་ཁུལ་འདི་འབྲོག་ཕྱོགས་ཡིན་སྟབས། མི་ཤི་གོད་བྱུང་བའི་རོ་བྱ་རྒོད་ལ་སྟེར་བ་ལས་མེར་སྲེག་གཏོང་བའི་ལམ་སྲོལ་ཧ་ལམ་ཆེར་མེད་པར་སྣང༌། རྒྱུན་སྲོལ་ལྟར་ཡུལ་ཤུལ་གྱི་མི་དམངས་ཚོས་རོ་མང་པོ་ཞིག་བྱ་རྒོད་ཚོར་ཟ་རུ་བཅུག་པ་རེད། བྱ་རྒོད་རྣམས་ཀྱིས་ཀྱང་ཉིན་བསྟུད་བེམ་པོ་དམར་རྗེན་དེ་ཚོ་ཟོས་ནས་གྲོད་ཁོག་རྒྱགས་ནས་རོ་ཟ་མི་འདོད་པའི་ཚད་ལ་སླེབས་པ་རེད། ཤུལ་ལུས་མི་དམངས་ཚོར་ཐབས་ཤེས་གཞན་ཞིག་ཡོད་པ་ནི། བེམ་པོ་རྣམས་མེར་སྲེག་གཏོང་རྒྱུ་དེ་རེད། ལམ་ཁ་འདི་བརྒྱུད་ནས་བེམ་པོ་རྣམས་མེར་ཚིག་ནས་ཐལ་བར་གྱུར་པ་རེད། དེ་དག་གི་ནང་དུ་ཡང་རོ་བདག་མེད་མཁན་ག་ཚོད་ཅིག་ཡོད་དམ།
ཡུལ་ཤུལ་མི་དམངས་ཀྱིས་གཉེན་ཉེ་བེམ་པོ་རྣམས་ས་འོག་ནས་ས་ཁར་ལེན་དུས། གཤིན་པོ་མང་པོ་ཞིག་རང་གི་གྱོན་ཆས་དང་མཉམ་དུ་གྲོངས་ཡོད་པ་དང༌། གྱོན་ཆས་མེད་པར་དམར་རྗེན་ཡིན་ནམ། ཁྲག་གིས་བརྫིས་མང་དྲགས་པས་ཡིན། བེམ་པོ་གཞན་པ་མང་པོ་ཞིག་ཤུལ་ལུས་ཡུལ་མི་ཚོས་ཉལ་གོས་ཀྱིས་བཏུམས་དགོས་བྱུང་ཡོད་པ་རེད། ཡིན་ན་ཡང་བེམ་པོ་རྣམས་སྡེབ་གཅིག་ཏུ་སྤུངས་ཏེ་མེར་སྲེག་གཏོང་བའི་ཉིན་མོར། བེམ་པོ་དེ་དག་དམར་རྗེན་དུ་ཕུད་དེ་ཕྱོགས་གཅིག་ཏུ་སྤུངས་འདུག་པ་མཐོང་བ་དང་མཉམ་དུ། བེམ་པོ་ནི་བེམ་པོ་རང་ཡིན་པས་ཚོར་བ་ཅི་ཡང་མེད་ནའང༌། བེམ་པོ་རྣམས་དེ་ལྟར་དམར་རྗེན་དུ་ཕུད་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ་སྙམ། སྤྱིར་བཏང་བེམ་པོ་བསྲེག་ཡུལ་དང་བེམ་པོ་བྱ་རྒོད་ལ་སྟེར་ཡུལ་གྱི་རི་སྒང་དུ་ལོ་ཆུང་བྱིས་པ་ཚོ་དང་བུད་མེད་རྣམས་འགྲོ་སྲོལ་མེད་ནའང༌། ད་རེས་ཀྱི་བེམ་པོ་མེར་སྲེག་གཏོང་ཡུལ་དུ་བུད་མེད་དང་བྱིས་པ་རྣམས་ཀྱང་སླེབས་འདུག་པས། དེ་དག་ལ་བསྙད་དེ་བེམ་པོ་རེ་རེ་བཞིན་རས་དཀར་པོ་ཞིག་གིས་བཏུམ་མི་ནུས་ནའང༌། གྱོན་གོས་དང་མཉམ་དུ་སྦྱིན་སྲེག་བྱས་ན་མི་ཆོག་པ་ག་ལ་ཡོད་དྲན། ཡུལ་ཤུལ་གྱི་མི་དམངས་ཚོར་རང་གི་གཉེན་ཉེ་ཚོའི་བེམ་པོ་སྦྱིན་སྲེག་ཇི་ལྟར་བྱེད་མིན་གྱི་རང་དབང་ལག་ཏུ་ཡོད་མོད། གཅིག་བྱས་ན་འདི་ལ་རྒྱུ་མཚན་གཞན་པ་ཞིག་ཀྱང་ཡོད་སྲིད།
ངས་བསྐྱར་དུ་བེམ་པོ་རྣམས་མེར་སྲེག་གཏོང་བཞིན་པའི་པར་རིས་དག་ལ་བལྟས། བསམ་བློ་ཞིབ་མོ་ཞིག་གཏོང་ཁོམ་མ་བྱུང་ནའང༌། ཕུང་པོ་འདི་འདྲ་མང་པོ་ཞིག་སྤུངས་ཏེ་མེར་སྲེག་གཏོང་གི་ཡོད་པ་ནི། ངས་སྒྲུང་གཏམ་དང་གློག་བརྙན་ཁག་ལས་མ་གཏོགས་མཐོང་མ་མྱོང༌།
འ་རོ་སྙན་བཟང། ཁྱེའི་འདྲེ་ལག་དེ་་་་་་་་།
ཁྱོད་སྒྲུང་གཏམ་ཙམ་ལས་དངོས་གནས་འཚོ་བ་གསོན་པོ་དེ་དག་མཐོང་མྱོང་མཁན་རེད་མི་འདུག
གོང་གི་བརྩམས་བྱ་དེ་ལ་གནད་འགག་འདུག
གནད་དོན་དེ་ཚོར་དོ་སྣང་བྱ་དགོས་འདུག
ཐུགས་རྗེ་ཆེ།
དགོངས་དག་ངས་མཆན་འབྲི་ས་ནོར་འདུག
དཔེ་བསགས་སོང་།
སྙན་བཟང་བས་རྒྱུ་རྐྱེན་མེད་སར་རྒྱུ་རྐྱེན་འཚོལ་གྱི་འདུག བེམ་པོ་དེ་དག་གི་ནང་མི་ཕལ་ཆེ་བ་ཤི་སོང་བའམ། ཡང་ན་རྨ་སྐྱོན་ཐེབས་ནས་སྨན་ཁང་དུ་འགྲོ་སོང་བ་རེད། ད་དུང་ཆག་ཆེན་ཉམས་ང་འདི་འདྲའི་སྐབས་བྱིས་པ་དང་བུད་མེད་སོགས་བཀག་འགོག་བྱས་ནས་རྒྱུན་སྲོལ་འགྲོ་སྲོལ་སྤྱོད་སྲོལ་གཉེར་ནས་སྡོད་ཐུབ་མཁན་སུ་ཡོད། མི་གསོན་པོར་གོན་རྒྱུ་མེད་པར་གྲང་ལྟོགས་ཀྱིས་གསོད་ལ་ཁད་ཡོད་དུས་བེམ་པོ་སྟོང་ཕྲག་མང་པོ་གཅུད་སྤྱད་ཀྱི་རས་ཤིག་གང་ནས་འཁྱེར་ཡོང་དགོས་སམ། གྲོགས་པོ་འབྲི་རྒྱུ་མི་རྙེད་ན་མ་བྲིས་ཀྱང་ཆོག་པ་རེད། ཆོ་མེད་པ་རང་རེད། ཀླད་སྟོང་ཁ་རྒྱགས་འདི་ཚོ།
མི་རྐང་གླིང་བུས་བཤད་པ་དངོས་གནས་བདེན་པ་རེད། ཁྱོད་ཀྱིས་དངོས་གནས་འཚོ་བ་དང་། ཉམས་ང་། གློ་རྡེག་གི་དོན་དག་དང་། མི་སེམས། མི་ཞེས་པ་སོགས་ལ་རྒྱུས་མངའ་མེད་པ་འདྲ། རྩོམ་ཡིག་འདི་འདྲ་འང་དྲ་ལམ་དུ་དྲིལ་བསྒྲགས་ནས་ཅིག་ཅིག་ཡིན་མདོག་བྱེད་པ་ངོ་རེ་ཚ།
མདང་དགོང་གོང་གི་ཚིག་ཕྲེང་འདི་དག་བྲེལ་སྟབས་ཀྱིས་བྲིས་ཏེ་ཞུ་དག་ཅིག་ཀྱང་མ་བྱས་པར་བསྐུར་བ་ཡིན། བསྲེགས་ལ་སྲེག་བྲིས་འདུག་པ་མཐོང་བས་དགོངས་འགལ་མེད་པ་ཞུ། ད་ཚིག་ཤོར་ན་འཛིན་ཐབས་ག་ལ་ཡོད།
སྙན་བཟང་ལགས། གནས་སྟངས་འདི་འདྲ་ཞིག་གི་འོག་ནས་ད་དུང་ལུགས་སྲོལ་རྒྱུན་སྲོལ་མི་འདུག་ཅེས་འཁང་ར་བཤད་ཕོད་དམ།