གོ་སྒྲིག་པ་རྡ་ས་དཔེ་མཛོད་དང་ཕ་རིན་སིའི་བཤམས་མཛོད་ཁང་གཉིས།
༢༠༡༡། ༡༢། ༡༦། ཉིན།
དེ་རིང་འདི་གར་ཕེབས་པའི་མཁས་དབང་རྣམ་པ་ཚོར་འཚམས་འདྲི་ཡོད། ངོས་ཀྱིས་ནང་ཆོས་ཀྱི་ཚན་རིག་བརྗོད་ཀྱི་ཡོད། ནང་ཆོས་ཀྱི་ཚན་རིག་དང་རིག་གསར་གྱི་ཚན་རིག་དབར་བགྲོ་གླེང་བྱ་རྒྱུར། ཁྱེད་རང་ཚོས་ལོ་མང་ཉམས་མྱོངས་བསགས་པའི་རྗེས་འབྲེལ་གྱིས་དེ་རིང་འདིར་ཚོགས་ འདུ་འཚོགས་རྒྱུ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལྟ་འདི་གར་གྲ་སྒྲིག་གནང་མཁན་ཙམ་མ་ཟད། ལོ་ནས་ལོ་བསྟུད་དེ་ལས་འགུལ་འདིའི་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་ རོགས་རམ་གནང་མཁན་དང་། དེ་བཞིན་དངོས་སུ་བགྲོ་གླེང་ནང་བཞུགས་ཏེ་གོ་བསྡུར་གནང་མཁན་ཚང་མར་ཐུགས་རྗེ་ ཆེ་ཞུ་རྒྱུ་ཡིན། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་མང་པོ་ཞིག་ཕྱིན་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་བརྒྱུད་འཛམ་གླིང་འདིའི་ཐོག་བྱུང་ནས་ལོ་ཉིས་ སྟོང་དྲུག་བརྒྱ་ཡོངས་གྲགས་སུ་བརྩིས་ན་དེ་འདྲ་ཞིག་ཡིན། ཀླུ་སྒྲུབ་ལ་སོགས་པ་གཙོ་བོ་ནཱ་ལེནྡྲའི་དངོས་གནས་དྲང་གནས་ཀྱི་མཁས་པ་ང་རང་ཚོ་ སངས་རྒྱས་ཀྱི་ཆོས་པ་ཞིག་གི་ངོས་ནས་བཤད་ན། སྟོན་པ་དང་སློབ་དཔོན་ཞེས་ཞུ་གི་རེད། སྤྱིར་བཏང་བཤད་ན། མཁས་དབང་ཞེས་ངོས་ཀྱིས་དེ་འདྲ་ཤོད་ཀྱི་ཡོད། ཀླུ་སྒྲུབ་ལ་སོགས་པ་ཁོང་རྣམས་ནཱ་ལེནྡྲའི་མཁས་དབང་རེད་ཅེས་ཤོད་ཀྱི་ཡོད། གྲུབ་ཆེན་རིགས་ཁ་ཤས་ཡོད། གྲུབ་ཆེན་མང་པོ་ཞིག་མགོ་སྟོད་ནཱ་ལེནྡྲ་ལ་སོགས་པའི་བཤད་གྲྭ་ཁག་གི་ནང་དུ་ སློབ་གཉེར་མཐིལ་ཕྱིན་པ་གནང་མཐར་བྱ་བཏང་གི་རི་ཁྲོད་ལ་བཞུགས་མཁན་གྱི་རིགས་ གཅིག་ཡོང་གི་ཡོད། རིགས་གཅིག་གང་ཟག་དགོས་མཚན་ཞེས་ནས་བླ་མ་མཁས་གྲུབ་གཉིས་ལྡན་ཞིག་གི་ལས་དང་ སྨོན་ལམ་གྱི་འབྲེལ་བ་ཡོད་པའི་སྐལ་ལྡན་གྱི་སློབ་མ་དེ་སྔ་སློབ་སྦྱོང་ཡོད་མེད་ ལ་མ་ལྟོས་པར་ཐད་ཀར་གདམས་ངག་ཐོབ་སྟེ་དེའི་དོན་རྩེ་གཅིག་ཏུ་སྒོམ་ནས་ཉམས་ རྟོགས་སྐྱེས་པའི་ཐོག་ནས་ལམ་འཁྲིད་ལུགས་ལྟ་བུ་ཞིག་ཡོང་གི་ཡོད། གང་ལྟར་ཡང་སྙིང་དེ་དག་བྱུང་ནས་ལོ་སྟོང་ཕྲག་གཉིས་ཙམ་ཞིག་ཕྱིན་ཡོད། ང་ཚོ་བཙན་བྱོལ་བ་ཆགས་ནས་ཕལ་ཆེར་ལོ་བཅོ་ལྔ་ཉི་ཤུ་ཕྱིན་པའི་སྐབས་སུ་གཞི་ནས་ ཚན་རིག་པ་དང་མཉམ་དུ་བགྲོ་གླེང་བྱ་རྒྱུ་ཞིག་བྱུང་ན་བསམས་པ་རེད། སྐབས་དེར་བགྲོ་གླེང་བྱས་ནས་གོ་བསྡུར་བྱས་ཏེ་ང་ཚོས་ཕར་ལེགས་བཤད་བསླབ་རྒྱུའི་ བསམ་བློ་གང་ཡང་འཁོར་གྱི་མེད། ངོས་རང་ཆུང་དུས་ནས་ཚན་རིག་ལ་ཧ་ཅང་དོ་སྣང་ཆེན་པོ་ཡོད། ཚན་རིག་གི་དེབ་འདྲ་མིན་དེ་འདྲར་དབྱིན་ཡིག་ཧ་ལས་པ་ཤེས་ཀྱི་མེད་ཀྱང་དོ་སྣང་ བྱེད་ཀྱི་ཡོད། དེབ་ཀློག་པ་གཅིག་པུ་མ་ཡིན་པར་དངོས་སུ་ཚན་རིག་པ་དེ་འདྲ་ཐུག་རྒྱུའི་གོ་སྐབས་ ཡོད་སྟབས། དེ་དག་ཐུག་སྟེ་གོ་བསྡུར་བྱེད་ཐུབ་ན་བསམས་པའི་རེ་འདུན་ཞིག་བྱུང། ཕལ་ཆེར་ལོ་བཞི་བཅུའི་གོང་དང་སྤྱིར་བཏང་རྒྱ་གར་ལ་སླེབས་ནས་ལོ་བཅུ་ལྷག་ཕྱིན་ ཡོད། ཁྱེད་རང་ཚོ་མང་པོ་ཞིག་གིས་གོ་ཐོས་བྱུང་ཡོད། ངོས་ཀྱིས་ཚན་རིག་པ་དང་མཉམ་དུ་ཐུག་ནས་ཚུར་སློབ་སྦྱོང་ལེན་རྒྱུའི་བསམ་བློ་ལྟ་ བུ་འཁོར་ཏེ་སྡོད་སྐབས། ངོས་ཀྱིས་ངོ་ཤེས་པ་ཚོར་བསམ་ཚུལ་དང༌རེ་བ་དེ་འདྲ་ཞིག་ཡོད་ཅེས་གླེང་སློང་བྱུང་ སྐབས། ཁོང་ཚོ་ཁ་ཤས་ཀྱིས་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱ་རྒྱུ་ཞེས་པ་དེ་ཉེན་ཁ་ཆེན་ པོ་རེད།
ཚན་རིག་ཟེར་བ་དེ་ཆོས་དད་མེད་པ་བཟོ་མཁན་ཞིག་རེད། དེར་བརྟེན་ཧ་ཅང་གཟབ་གཟབ་བྱེད་དགོས་ཞེས་བརྗོད་བྱུང་། དབྱིན་སྐད་ནང་བརྗོད་ན། (Science is killer for Religion) ཞེས་བརྗོད་བྱུང་། ངོས་རང་གང་འདྲ་ཡིན་ནམ་སྙམ་སྟེ་བསམ་བློ་ཞིག་འཁོར་བྱུང་། སངས་རྒྱས་པའི་ཆོས་འདི་བཅོམ་ལྡན་འདས་རང་ཉིད་ཀྱིས། །དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བ་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་ཡོད། དེར་བརྟེན་ཀླུ་སྒྲུབ་ལ་སོགས་པ་དེ་དག་གིས་སངས་རྒྱས་ཉིད་ཀྱི་བཀའ་ལ་སྒྲ་ཇི་ བཞིན་པ་ཁས་ལེན་རུང་དང་མི་རུང་བརྟག་དཔྱད་བྱས་ནས་གང་ལ་རིག་པའི་གནོད་པ་ཡོད་པ་ དེར་བཅོམ་ལྡན་འདས་ཀྱི་བཀའ་ཡིན་རུང་དགོངས་པ་གཞན་ལ་འགྲེལ་རྒྱུ་དང་། མདོ་གང་ཇི་ཙམ་ཞིག་དཔྱད་ན་ཡང་རིག་པའི་རྒྱབ་རྟེན་ཡོད་པ་མ་གཏོགས་རིག་པའི་གནོད་ པ་མེད་པ་དེར་སྒྲ་ཇི་བཞིན་པ་ཁས་བླང་ཆོག དེར་བརྟེན་བཅོམ་ལྡན་འདས་ཉིད་ཀྱིས་བཀའ་ལ་བརྟག་དཔྱད་བྱ་རྒྱུའི་གོ་སྐབས་ཤིག་ བཅོམ་ལྡན་འདས་ཁོང་རང་གིས་གནང་བ་རེད། ཀླུ་སྒྲུབ་ལ་སོགས་པ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་ལམ་སྟོན་གནང་བ་ལྟར་ ཆོས་རབ་ཏུ་འབྱེད་པའི་ཤེས་རབ་གཙོ་བོར་རྩིས་པ་མ་གཏོགས་བཅོམ་ལྡན་འདས་ཀྱི་བཀའ་ ལ་དེ་སངས་རྒྱས་ཀྱི་བཀའ་རེད་བྱིན་རླབས་ཆེན་པོ་རེད་ཅེས་མ་རྩིས་པར་དཔྱད་པ་བྱ་ རྒྱུ་གཙོ་བོར་རྩིས་པའི་ཐོག་ནས་གནང་འདུག དེར་བརྟེན་ཚན་རིག་པས་བརྟག་དཔྱད་བྱེད་ཀྱི་ཡོད། ཚན་རིག་པས་སོ་སོས་སྔོན་ལ་དམ་བཅའ་བཞག་སྟེ་དམ་བཅའ་དེ་དང་འགལ་བ་བྱུང་ན་དེར་ གདོང་ལེན་བྱ་རྒྱུ་དང་། དམ་བཅའ་དེ་སྒྲུབ་ཆེད་ཚན་རིག་པས་ཉམས་ཞིབ་བྱེད་ཀྱི་མེད། ཚན་རིག་པས་དམ་བཅའ་སྔོན་དུ་མ་བཞག་པར་ཞིབ་འཇུག་བྱས་ཟིན་མཚམས་མཐུན་སྣང་དུ་ སྒྲུབ་ཐུབ་པའི་ར་འཕྲོད་པ་ཞིག་བྱུང་ན། དེ་ཁས་ལེན་བྱས་ནས་དེ་དམ་བཅའ་ཆགས་ཡོད། སངས་རྒྱས་པའི་གཞུང་ལ་ཆ་བཞག་ན། སྔོན་ལ་དམ་བཅའ་བཞག་སྟེ་གཞི་ནས་དེ་སྒྲུབ་རྒྱུའི་འགྲོ་སྟངས་ཤིག་ཡོད་པ་རེད། འོན་ཀྱང་ངོ་ཐོག་འགྲོ་སྟངས་བྱས་ན་དེ་འདྲ་རེད་མི་འདུག སྔོན་ལ་ཞིབ་འཇུག་དང་ཉམས་ཞིབ་བྱས་ཏེ་བདེན་དོན་དེ་རེད་ཅེས་དམ་བཅའ་འཇོག་དགོས། དེར་བརྟེན་འགྲོ་སྟངས་གཅིག་པ་རེད། གང་ལྟར་དངོས་ཡོད་གནས་ཚུལ་འཚོལ་གྱི་ཡོད། སངས་རྒྱས་ཀྱི་ཆོས་ནང་གཙོ་བོ་དེ་ཁོ་ན་ཉིད་ཅེས་སྟོང་པ་ཉིད་སྦྱར་གྱི་ཡོད། སྤྱིར་བཏང་ག་པར་བཤད་ཀྱང་ཇི་སྙེད་ཀྱི་ཆོས་ཡིན་ནའང་རེད། ཇི་ལྟ་བའི་ཆོས་ཡིན་ནའ་རེད། གང་ལྟར་གང་དང་གང་ཡིན་རུང་ཞིབ་འཇུག་བྱས་ནས་དཔྱད་པ་བྱེད་ཀྱི་ཡོད་སྟབས། ཆོས་དེ་དང་དེའི་ངོ་བོ་དང་དབྱེ་བ། ཞེས་པ་དེ་དག་ཤོད་དགོས་རྒྱུ་དེ་གཞི་གཅིག་ཡོད་པའི་ཐོག་ནས་འགྲེལ་བཤད་རྒྱག་གི་ ཡོད། དེར་བརྟེན་སངས་རྒྱས་ཀྱི་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ འགྲོ་སྟངས་དེ་དཔྱད་པ་བྱས་ནས་གཏན་ཕབ་ཀྱི་ཡོད། བདེན་དོན་བཙལ་ནས་རྙེད་པའི་སྐབས་སུ་དམ་བཅའ་བཞག་ནས་འགྲོ་གི་ཡོད། དེར་བརྟེན་ཚན་རིག་གི་འགྲོ་དང་མཐུན་གྱི་རེད་བསམས་པ་དྲན་བྱུང་། དེར་འགལ་བ་གང་ཡང་མི་འདུག སངས་རྒྱས་པའི་ཆོས་པ་གཅིག་དང་དེའི་ནང་ཚན་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་ དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་རིགས་ལམ་གྱི་འགྲོ་སྟངས་དེ་ཁས་བླང་པ་ ཡིན་ན། ཚན་རིག་པས་དཔྱད་པ་བྱ་རྒྱུ་དེ་དང་ང་ཚོ་མཐུན་ཕྱོགས་རེད་མ་གཏོགས་འགལ་བ་འགྲོ་ རྒྱུ་གང་ཡང་མི་འདུག གལ་ཏེ་ཚན་རིག་པའི་ནང་ནས་བརྟག་དཔྱད་བྱས་ཏེ་སངས་རྒྱས་པའི་ཆོས་ཀྱི་ནང་ནས་བཤད་ པ་ཞིག་ཚན་རིག་པས་དངོས་སུ་བརྟག་དཔྱད་བྱས་ཡོང་སྐབས་འགལ་ཟླ་དང་ཡང་ན་སྣང་དུ་ རུང་ཡང་མ་འགྲིག་པ་ཞིག་བྱུང་ན། སངས་རྒྱས་པའི་ཆོས་པ་རིག་པའི་རྗེས་སུ་འབྲང་མཁན་ཞིག་གིས་དེ་འཇོག་རྒྱུ་རེད། དཔེར་ན། རི་རབ་གླིང་བཞི་གླིང་ཕྲན་ཞེས་པ་དེ་དག་ལ་ངོས་ཀྱིས་མོས་མཐུན་དང་ཁས་ལེན་བྱེད་ ཀྱི་མེད། འཛམ་གླིང་རིལ་རིལ་ཡིན་པ་ཐག་བཅད་ནས་ཤོད་ཀྱི་ཡོད་ལ་ངོས་རང་ཡིད་ཆེས་ཡོད།
དཔེར་ན། མངོན་པ་མཛོད་ལྟ་བུའི་ནང་ཤཱ་རི་བུ་དང་མོའུ་འགལ་བུ་དེ་འདྲ་ཞིག་ཁུངས་བྱས་ཏེ་ གླིང་བཞི་གླིང་ཕྲན་གསུང་བཞིན་ཡོད། དེ་ཚོའི་གྲས་དེ་སྒྲ་ཇི་བཞིན་པ་ཁས་བླང་ན། མྱོང་བ་དང་འགལ་བ་ཡོང་གི་ཡོད། ངོས་ཀྱིས་ནམ་རྒྱུན་འདི་ལྟར་ཤོད་བཞིན་ཡོད། ནང་པས་ཁས་བླང་པ་ཞིག་ཚན་རིག་པས་མ་རེད་ཅེས་དང་དེ་མིན་པའི་སྒྲུབ་བྱེད་བཀོད་ན་ དེ་ནང་པ་ཁས་ལེན་གྱི་རེད། ལོ་གཅིག་ཇར་ར་མན་དུ་ཚགས་པར་རྒྱག་མཁན་ཞིག་གིས་ཚན་རིག་པས་སྐྱེ་བ་སྔ་ཕྱི་མེད་ པ་ཐག་བཅད་ཟིན་པ་རེད། ནང་པས་སྐྱེ་བ་སྔ་ཕྱི་ཤོད་ཀྱི་ཡོད། དེ་གང་འདྲ་རེད་དམ་ཞེས་དྲིས་བྱུང་། ཚན་རིག་པས་སྐྱེ་བ་སྔ་ཕྱི་མེད་པ་ཐག་བཅད་མེད། གང་ལྟར་མ་རྙེད་པ་རེད་མ་གཏོགས་མེད་པར་རྙེད་པ་མ་རེད། ང་ཚོའི་དཔེ་ཆའི་ནང་ལ་མེད་པར་རྙེད་པ་དང་མ་རྙེད་པ་གཉིས་པོ་ཁག་ཁག་ཡིན་པ་ཞིབ་ ཚགས་ཐོག་ནས་དབྱེ་བ་ཕྱེ་ཡོད་ཅེས་བརྗོད་པས་ཁོང་གིས་གང་ཡང་བརྗོད་ཀྱི་མི་འདུག ང་ཚོའི་སྤོབས་པར་དངོས་གནས་དྲང་གནས་དངོས་ཡོད་གནས་ཚུལ་ལ་བརྟག་དཔྱད་བྱས་ཏེ་ར་ འཕྲོད་པ་ཞིག་བྱུང་ན། ང་ཚོས་ཁས་ལེན་དགོས། དེར་བརྟེན་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱ་རྒྱུ་དེ་འགལ་བ་རྩ་བ་ནས་མི་འདུག་ བསམས་པ་དྲན་ཏེ་འབྲེལ་བ་བྱས་པ་རེད། འབྲེལ་བ་བྱས་ནས་ལོ་ལྔ་དང་བཅུ་རིམ་བཞིན་འགྲོ་སྐབས་ཚན་རིག་པའི་ནང་ནས་ཀྱང་དོ་ སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་གི་འདུག དོ་སྣང་དེ་ཡང་ཁྱད་མཚར་མཚར་དང་ལྟད་མོ་ལྟ་རྒྱུ་ལྟ་བུ་མ་རེད། སྔ་མོ་ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་ལ་ནུབ་ཕྱོགས་པ་བོད་ལ་ཡོང་མཁན་དེ་དག་ གིས་ལྟད་མོ་ལྟ་གི་ཡོད། འཆམ་བརྒྱབ་པ་དེ་དག་ལ་ལྟད་མོའི་འདུ་ཤེས་མ་གཏོགས་ཡིད་ཆེས་རྩ་བ་ནས་བྱེད་ཀྱི་ མེད། དེར་ཡིད་ཆེས་བྱས་ཏེ་དེ་ནས་སློབ་སྦྱོང་བྱེད་དགོས་བསམས་པ་རྩ་བ་ནས་མེད། ལོ་གཅིག་ནོར་ཝེ་ནས་ཡིན་པའི་མི་ངོ་ཤེས་ཤིག་ཡོད། ཁོང་གིས་ཨ་ཕི་རི་ཀའི་ཡུ་གྷན་ཌ་ནང་རོགས་པ་བྱེད་བཞིན་འདུག ཉིན་གཅིག་ཁོང་རང་གིས་རོགས་པ་བྱེད་སའི་ཡུ་གྷན་ཌའི་མི་གཅིག་ཁོང་རང་མཉམ་དུ་ ཁྲིད་ནས་རྡ་སར་ངོས་རང་ཐུག་པར་སླེབས་ཏེ་ཁོང་རང་གིས་དེ་དང་གཙོ་བོ་ཡུ་གྷན་ཌའི་ ས་ཁུལ་གཅིག་གི་རིག་གཞུང་བདག་ཉར་བྱ་རྒྱུར་རོགས་རམ་བྱེད་ཀྱི་ཡོད་ཅེས་བརྗོད་ བྱུང་། ཨ་ཕི་རི་ཀའི་མི་ཞིག་ཁོང་རང་ཚོ་ཡུ་གྷན་ཌ་ཚ་བ་ཆེན་པོ་ཡིན་པར་བརྟེན། གཅེར་བུ་ལྟ་བུ་བྱས་ནས་སྡོད་ཀྱི་ཡོད་པ་བཞིན་རྡ་སར་ཡང་སླེབས་བྱུང་བས་འཁྱག་གི་ མེད་དམ་བསམས་བྱུང་། སྔོན་མ་ཨ་སེ་སིར་ང་ཚོ་ལྷན་འཚོགས་ཤིག་གི་སྐབས་ཡི་ཤུ་བླ་ཆེན་པོབ་དམ་པ་དེ་ཧ་ ཅང་དགོངས་པ་གུ་ཡངས་པོ་རེད། དེར་ཆོས་བརྒྱུད་ཁག་མང་པོ་ཞིག་གི་མི་སྣ་འཛོམས་ཏེ་ཚོགས་པ་རེད། སྐབས་དེར་ཨ་ཕི་རི་ཀ་ནས་ཡིན་པའི་ཆོས་བརྒྱུད་ཅིག་གི་བླ་མ་བགྲེས་སོང་ཞིག་འདུག ཁོང་རང་གི་ལུང་པའི་ནང་རས་སྲབ་པོ་ཞིག་གི་གོས་གྱོན་མ་གཏོགས་གྱོན་དགོས་ཀྱི་ མེད་སྟབས། ཚོགས་འདུར་ཕེབས་སྐབས་དེ་ལྟར་སྲབ་པོ་ཞིག་ལས་གྱོན་མི་འདུག་པས། སྐབས་དེར་ཁོང་རང་ཧ་ཅང་འཁྱགས་ནས་རྐུབ་སྟེགས་ཐོག་དར་གསིག་རྒྱག་གི་འདུག ཚོགས་འདུ་གྲ་སྒྲིག་བྱེད་མཁན་གྱིས་ཀམ་པ་ལི་ཞིག་ཕུལ་ཡང་ཧ་ཅང་འཁྱགས་ཏེ་རྐུབ་ སྟེགས་ཐོག་ནས་རིལ་སོང། དེ་ལྟར་ཡུ་གྷན་ཌ་མི་དེ་དང་ནོར་ཝེའི་མི་དེ་གཉིས་ངོས་ལ་ཐུག་སྐབས་ངོས་ཀྱིས་ནོར་ ཝེ་མི་དེར་ཁྱེད་རང་ཚོའི་ས་ཁུལ་རེ་རེར་སོ་སོའི་རིག་གཞུང་དང་གོམས་གཤིས་ཡོད་པ་ རེད། དེ་དག་སྲུང་སྐྱོབ་བྱ་རྒྱུར་ཁྱེད་རང་གིས་རོགས་པ་གནང་བ་དེ་ཧ་ཅང་ཡག་པོ་ རེད། ཅེས་བརྗོད་པ་ཡིན། དཔེར་ན། ནོར་ཝེའི་མི་དེས་ཨ་ཕི་རི་ཀའི་གྲོང་གསེབ་ཅིག་གི་ས་ཁུལ་གྱིས་སོ་སོའི་དད་པ་ བྱེད་ས་དང་རིག་གཞུང་ལ་ལྟད་མོ་བལྟས་ཏེ་ཁོང་ཚོ་ཡག་པོ་རེད་ཅེས་བརྗོད་པ་མ་ གཏོགས། ནོར་ཝེའི་མི་ཚོས་རིག་པ་དང་བསླབ་བྱ་སོགས་དེ་ནས་ཚུར་བླངས་ཏེ་ནོར་ཝེའི་མི་རང་ ཉིད་ཀྱིས་དེ་ཉམས་ལེན་བྱེད་བསམ་པ་རྩ་བ་ནས་མེད། དེ་སྔ་ཕན་ཆད་བོད་ཀྱི་ནང་ཆོས་ཞེས་བརྗོད་སྐབས་ལྟད་མོ་ལྟ་ས་ཞིག་མ་གཏོགས་དེ་ནས་ ཚུར་ལེགས་བཤད་ལེན་བསམ་པ་ཞིག་རྨི་ལམ་ལ་ཡང་མེད། ངོས་ཀྱིས་ཁ་ཐུག་ཤོད་ཀྱི་ཡོད་པ་མ་གཏོགས་འདྲ་ཆགས་པོ་ཤོད་ཀྱི་མེད་ལ་བཤད་ན་ དགོས་པ་གང་ཡང་མི་འདུག ང་ཚོས་འདྲ་ཆགས་པོ་བཤད་ནས་ལུང་པ་བསྐྱལ་པ་རེད། དངོས་ཡོད་གནས་ཚུལ་ཤེས་པ་བྱས་ནས་དངོས་ཡོད་གནས་ཚུལ་ཁས་བླངས་ཏེ་འགྲོ་རྒྱུ་རེད་ མ་གཏོགས་འདྲ་ཆགས་པོ་དང་སྤམ་པོ་བྱས་ནས་བསྡད་ན་ཡོང་རྒྱུ་མེད། དེར་བརྟེན་དེ་སྔ་བོད་ལ་ནུབ་ཕྱོགས་པ་ཚོས་བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་སངས་ རྒྱས་པའི་ཆོས་ངོ་མ་མ་རེད། (Lamaism) བླ་མའི་ཞེས་མིང་ཞིག་བཏགས་ཡོད། ཁག་མི་འདུག་ང་ཚོའི་བོད་ནང་དངོས་གནས་དྲང་གནས་ཀྱི་དཔལ་ནཱ་ལེནྡྲའི་མཁས་པའི་ དབང་པོ་ཚོས་མཛད་པའི་གཞུང་དེ་དག་སློབ་གཉེར་བྱེད་མཁན་ཚོར་སྤྱིར་བཏང་སྤྱི་ ཚོགས་ནང་མཐོང་གང་ཡང་མེད། བླ་མ་དང་སྤྲུལ་སྐུ་ཞེས་བླ་བྲང་དང་བཞུགས་ཁྲི་མཐོ་པོ་ཡོད་པ་རྟ་གྲལ་སྒྲིག་ཏེ་ ཕར་ཚུར་ཕེབས་མཁན་ཚོར་མི་ཚོས་བླ་མ་ཕེབས་ཀྱི་འདུག་ཅེས་དད་པ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོའི་སྤྱི་ཚོགས་ནང་བླ་མ་དང་སྤྲུལ་སྐུ་ཞེས་བརྗོད་སྐབས་ཧ་ལས་པ་ རྩིས་ཏེ་བཀའ་དབང་སོགས་གནང་བར་བརྟེན་དགའ་པོ་བྱེད་ཀྱི་ཡོད། དངོས་གནས་དྲང་གནས་ཀྱི་ནང་ཆོས་ཐོག་སློབ་གཉེར་དང་རྒྱུས་ཡོད་མཁན་ཚོར་བཤད་ གྲྭའི་ནང་དཔེ་ཆ་ཁྲིད་ནས་བསྡད་པ་ཙམ་མ་གཏོགས། སྤྱི་ཚོགས་ནང་དེའི་ཞག་རྩི་ལྟ་བུ་འདོན་ཐུབ་ཀྱི་མི་འདུག སྤྱི་ཚོགས་ནང་དེ་གྲས་ལ་མཐོང་བྱེད་ཀྱི་མི་འདུག བཞུགས་ཁྲི་མཐོ་པོའི་སྟེང་བཞུགས་མཁན་འགའ་ཤས་ཧ་ཅང་ཡག་པོ་ཡོད་པ་རེད། བསྟན་པར་ཧ་ཅང་བཀའ་དྲིན་ཆེན་པོ་དངོས་གནས་རྗེས་སུ་ཡི་རང་དང་མོས་པ་ཡོད། འོན་ཀྱང་མང་པོ་ཞིག་ལ་དབང་དང་ཆོ་ག་སོགས་གསུངས་པ་མ་གཏོགས་དོན་དག་དེ་སྔོན་ལ་ སོ་སོ་མ་སྦྱང་པར་མི་ལ་ཤོད་ཐུབ་ཀྱི་མེད། ༸གོང་ས་ལྔ་པ་ཆེན་པོས་རྟག་ཏུ་གསུངས་ཀྱི་རེད། ༸གོང་ས་ལྔ་པ་ཆེན་པོ་ཁོང་ཉིད་ཆ་བཞག་ན་བསླབ་ནས་ཤེས་བྱུང། དེ་བདེན་པ་རེད། བསླབ་ནས་ཤེས་པ་རེད་མ་གཏོགས་མ་བསླབ་པར་ཀློང་རྡོལ་ཞེས་པ་དེ་ཁག་པོ་རེད། གང་ཟག་རེ་ཟུང་རྟོག་སྤྲུལ་དུས་མཉམ་པ་ཡོང་སྲིད་པ་རེད་མ་གཏོགས་དེ་འདྲ་ཧ་ཅང་ཁག་ པོ་རེད། བླ་མ་སྐྱེས་ཆེན་དམ་པ་དེ་ཚོ་བཞུགས་ཁྲིའི་སྟེང་བཞུགས་པ་མ་གཏོགས་དེ་ཙམ་གྱིས་ འགྲེལ་བཤད་རྒྱག་རྒྱུ་གང་ཡང་མི་འདུག དེ་ལ་ལྟོས་ན་ངོས་རང་ཕྲན་བུ་དྲག་པ་ཡིན། ཡོངས་འཛིན་རིན་པོ་ཆེར་སི་ཤན་སེར་པོས་བཟོས་པའི་རྟ་ལྕགས་ཤིག་ཡོད་པ་རེད། དེ་ཡོངས་འཛིན་རིན་པོ་ཆེས་ངོས་ལ་སྡིག་ར་སྐུལ་རྒྱུར་ཆར་ཅན་ཟུར་དུ་འཇོག་གནང་ གི་རེད། ངོས་ལ་རིག་པ་ཨོ་ཙམ་ཡོད། རིག་པ་ཡག་པོ་ཡོད་པར་བརྟེན་སྒྱིད་ལ་ཉེས་པོ་བྱས། ལམ་སེང་ཤེས་དུས་གང་ཡང་བྱེད་ཀྱི་མ་རེད་བསམས་ཏེ་ངས་རྩེད་མོ་ཁོ་ན་རྩེས་ནས་ བརྩོན་འགྲུས་མ་བྱས་པར་སྡོད་ཀྱི་ཡོད་པར་བརྟེན། ཡོངས་འཛིན་རིན་པོ་ཆེས་རྟ་ལྕགས་ཤིག་ཟུར་དུ་བཞག་སྟེ་བཞད་མོ་མ་བཞེས་པར་རྫིག་ པོ་བྱས་ནས་བཞུགས་ཀྱི་རེད། དེང་སྐབས་བསམ་བློ་བཏང་དུས་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག གྲྭ་པ་གྲྭ་རྐྱང་བཞིན་ལོ་མང་པོ་ཆོས་ར་འགྲིམས་ཏེ་བསླབ་མེད་ནའང་ཕྲན་བུ་བསླབ་ ཡོད། གང་ལྟར་ང་ཚོ་བོད་ཀྱི་དེ་སྔའི་སྤྱི་ཚོགས་ཀྱི་འགྲོ་སྟངས་དེ་ཁ་གཡེང་གཡེང་སྒང་ ཕྱིན་ཏེ་ཞིབ་ཚགས་པོ་དང་སྤུས་དག་མ་བྱས། ང་ཚོ་བོད་པར་ཡོད་ན་མེད་ན་ཆོས་རེད། དེ་སྤུས་དག་པོ་ཞིག་མ་བྱས་པར་འདྲ་ཆགས་པོའི་ཐོག་ཕྱིན་ཏེ་ལམ་དང་ལུགས་སྲོལ་གྱི་ ཟློས་གར་འཁྲབ་ཀྱི་ཡོད་པ་ལྟ་བུ་མ་གཏོགས་གང་ཡང་མེད། དེ་ཧ་ཅང་སྐྱོ་པོ་རེད། དེར་བརྟེན་ཕྱི་རྒྱལ་གྱི་མི་ལྟ་སྐོར་ཡོང་མཁན་དེ་དག་གིས་ཕྱི་ལོག་གི་མཐོང་ཚུལ་ མཐོང་སྐབས། འབར་མའི་ནང་པ་དང་གཅིག དེ་བཞིན་བོད་ནང་གི་བླ་མ་མང་པོ་ཞིག་ལ་སྐྱེ་དམན་དང་ཕྲུ་གུ་ཡོད་པར་བརྟེན། ཤི་རི་ལངྐ་དང། ཐེ་ལན་ཌི། འབར་མ་སོགས་ལ་ཡོད་པའི་དགེ་སློང་དེ་ཚོ་དང་མི་འདྲ་བ་ཆགས་ཡོད་པར་བརྟེན། བླ་མའི་ཆོས་རང་མཐོང་སྟེ་(Lamaism) ཞེས་བཏགས་ཡོད་པ་དེ་ཆགས་ཀྱི་འདུག ང་ཚོ་རྒྱ་གར་ལ་བསླེབས་ཏེ་རིམ་པས་འབྲེལ་བ་བྱེད་སྐབས་ཚན་རིག་པ་ཚོས་གཞི་ནས་ ངོས་ཀྱིས་འདི་རྟག་ཏུ་ཤོད་ཀྱི་ཡོད། ཕལ་ཆེར་ཕྱི་ལོ་ ༡༩༨༩ ལོར་ངོས་རང་སྐབས་དེར་སན་ཕ་རན་སི་སི་ཀོར་(San Francisco)ཚན་རིག་པ་ཚོ་དང་མཉམ་དུ་ཚོགས་འདུ་ཞིག་ཚོགས་པ་རེད། ཚོགས་འདུ་དེའི་ཐོག་ཚན་རིག་པ་ཨ་ཅག་ལགས་ཤིག་འདུག ཁོ་རང་ཚན་རིག་པ་གྲགས་ཅན་ཞིག་རེད་འདུག ཚོགས་འདུ་དང་པོ་འཚོགས་སྐབས་ཨ་ཅག་ལགས་དེས་ང་ཚོ་ཚན་རིག་པ་ཞིག་གིས་ཆོས་པ་ཞིག་ དང་མཉམ་དུ་ག་རེ་གོ་བསྡུར་བྱེད་རྒྱུ་ཡོད་པ་རེད་མདོག་མདོག་གིས་རྣམ་འགྱུར་འདི་ ལྟར་སྟོན་གྱི་འདུག དེ་ནས་ང་ཚོ་དངོས་གཞི་གོ་བསྡུར་བྱེད་སྐབས་མོ་རང་གི་དྲི་བ་ཁག་གཅིག་གཉིས་དྲིས་ ཡོད། དེ་འདྲའི་ཐོག་སྐད་ཆ་ཤོད་སྐབས་ང་ཚོས་འཇིག་རྟེན་བཀོད་པ་པོ་དང། རྟག་གཅིག་རང་དབང་མེད་པའི་བདག་ཤོད་ཀྱི་མེད། རྟག་པ་རང་འབྱུང་གི་སྐྱེ་བོ་དང་གཅིག དེ་བཞིན་རྟག་གཅིག་རང་དབང་མེད་པའི་བདག་ཁས་མི་ལེན་པ་བྱས། རྒྱུ་འབྲས་ཀྱི་རྟེན་འབྱུང་བཤད་ཡོང་དུས་ཨ་ཅག་ལགས་དེའི་རྣམ་འགྱུར་ཕྲན་བུ་ བསྒྱུར་ཏེ། ཁྱེད་རང་ཚོའི་ནང་པའི་ཆོས་བཤད་པ་དེ་མི་འདྲ་བ་ཞིག་འདུག དེ་ནས་ང་ཚོ་ཚན་རིག་པ་གཞན་དང་མཉམ་དུ་ཤེས་པའི་སྐོར་སོགས་བགྲོ་གླེང་བྱས་པ་རེད། མཇུག་ཏུ་ཨ་ཅག་ལགས་དེ་དམིགས་བསལ་གྱིས་དོ་སྣང་བྱས་ནས་དོན་ཚན་འདི་དང་འདིའི་ ཐོག་ནང་པའི་འགྲེལ་བཤད་གང་འདྲ་རྒྱག་གི་རེད། མཐའ་ན་ང་ཚོ་ཇ་འཐུང་བའི་བར་གསེང་སྐབས་སུ་ཡང་སྐད་བསྒྱུར་ཐུབ་བསྟན་སྦྱིན་པ་ རེད། ཁོང་གི་འཁྲིས་ལ་ཡོང་སྟེ་དོན་གཉེར་བྱས་ཏེ་སྐད་ཆ་དྲིས་ཀྱི་འདུག་ཅེས་བརྗོད་ བྱུང། དེ་ལྟར་བྱས་ཏེ་ཚན་རིག་པའི་ནང་ནས་ནང་པ་སངས་རྒྱས་པའི་ཚན་རིག་སྐོར་གོ་བསྡུར་ བྱེད་ཡོང་སྐབས་ལྟད་མོ་བལྟས་པ་མིན་པར། འདི་ནས་ལེགས་བཤད་དང་འགྲེལ་བཤད་གསར་པ་ལེན་རྒྱུ་འདུག་བསམ་ནས་དོ་སྣང་གསར་པ་ བྱེད་ཀྱི་འདུག རང་ཉིད་ཀྱིས་འདི་ནས་ཚུར་ལེགས་སྐྱེས་ལེན་རྒྱུའི་འདུ་ཤེས་བྱེད་བཞིན་འདུག དེ་ལྟར་བྱས་ཏེ་ཚན་རིག་པའི་ཁྲོད་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་ཕྱིན་པ་རེད། གཞི་ནས་ངོས་རང་ལ་སྤོབས་པ་རྙེད་དེ་ངོས་ཀྱིས་ཚུར་ཕྱོགས་ཚན་རིག་པའི་ཐོག་ནས་ དོན་ཚན་འདྲ་མིན་ཐོག་འགྲེལ་བཤད་རྒྱག་ཆེད་ངོས་རང་གིས་དོ་སྣང་བྱས་ཏེ་ཤེས་ རྒྱུའི་འདུ་ཤེས་གཙོ་བོ་མིན་པར། ཚན་རིག་པའི་ནང་དོ་སྣང་བྱེད་མཁན་རྒྱ་ཆེ་རུ་འགྲོ་གི་ཡོད་པར་བརྟེན་ང་ཚོ་བོད་ པའི་སློབ་གཉེར་བ་ཚོའི་ནང་ནས་ཚན་རིག་པའི་མཉམ་འབྲེལ་བ་བྱེད་རྒྱུ། དེ་འབྲེལ་བ་བྱེད་པར་ཚན་རིག་ལ་དོ་སྣང་གསར་པ་བསླེབ་རྒྱུའི་འབད་བརྩོན་ཞིག་འགོ་ བཙུགས་པ་རེད། འགོ་སྟོད་དུ་ང་ཚོའི་མཁན་པོ་དང་དགེ་བཤེས་ཁ་ཤས་ཀྱི་དགོངས་པར་ཚན་རིག་པ་མཉམ་ འབྲེལ་བ་བྱས་ན་ཆོས་དད་ལ་སྐྱོན་ཡོང་གི་རེད། དགོངས་རྒྱུ་ལྟ་བུ་ཕྲན་བུའི་ཐུགས་དོགས་ཕྲན་བུ་བྱུང་ཡོད་པ་ལྟ་བུ་འདུག སྐབས་དེར་ཨ་ལག་ཨ་མཆོག་རིན་པོ་ཆེ་དཔེ་མཛོད་དུ་ལས་ཀ་བྱེད་ཀྱི་ཡོད། ལས་ཀ་དེ་མར་འགོ་བཙུགས་དུས་ཐེངས་གཅིག་ངོས་རང་རྒྱ་གར་ལྷོ་ཕྱོགས་ལ་བསླེབས་པའི་ སྐབས་ཨ་མཆོག་རིན་པོ་ཆེས་ངོས་ལ་༸རྒྱལ་བ་རིན་པོ་ཆེས་ཚན་རིག་ཐོག་སློབ་སྦྱོང་ བྱེད་རྒྱུར་བཀའ་ནན་ཏན་ཞིག་གནང་རོགས་གཞན་ཕྲན་བུ་དཀའ་འཕྲད་ཀྱི་འདུག་ཅེས་འདི་ ལྟར་གསུངས་བྱུང། དེར་བརྟེན་ངོས་ཀྱིས་སྐབས་དེར་འགྲེལ་བཤད་ཕྲན་བུ་ཞུས་པ་རེད། དེ་ནས་དབུ་ཁྲིད་ཚོས་ཐུགས་སྣང་གནང་བ་དང་། གཙོ་བོ་སློབ་གཉེར་བ་གསར་པའི་ནང་ནས་དོ་སྣང་ཞིག་བསླེབས་ཡོད། དེ་ལྟར་བྱས་ཏེ་ང་ཚོའི་ལས་འགུལ་དེ་ཤུགས་ཆེ་རུ་ཕྱིན་ཡོད། ང་ཚོའི་དམིགས་ཡུལ་གཅིག་དེ་ད་ལྟ་བར་ཚན་རིག་གི་སློབ་ཚན་ཞིག་བསླབ་དགོས་བྱུང་ན་ ང་རང་ཚོ་ནང་ཁུལ་ནས་ཐོན་ཐུབ་ཀྱི་མེད། རིམ་པས་ཚན་རིག་དགེ་རྒན་ང་རང་ཚོ་ནང་ཁུངས་ནས་ཐོན་ཐུབ་རྒྱུ་ཞིག་དང་། དེ་ཡང་བོད་སྐད་རང་གི་ཐོག་ནས་ཆ་ཚང་བསླབ་ཐུབ་པར་ད་ལྟ་ཨ་རིའི་གཙུག་ལག་སློབ་ གཉེར་ཁང་མཉམ་ལོ་ལྔ་ཙམ་རིང་ཚན་རིག་གི་སློབ་ཚན་བོད་སྐད་ནང་སློབ་ཆེད་བོད་ཡིག་ ནང་བསྒྱུར་ཏེ་ཧ་ཅང་ཡག་པོ་རེད་ལ་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ནས་འཁུར་ཧ་ཅང་ ཆེན་པོ་བླངས་སོང། རིམ་པས་ང་ཚོ་རང་ཉིད་ཀྱིས་སྔར་རྒྱ་གར་ནས་ནང་ཆོས་ཚུར་སྤེལ་དུས་ལོ་ཙཱ་བ་དང་ཞུ་ ཆེན་གཅིག་བྱས་ཏེ་དེ་དག་ནས་ང་ཚོས་ཚུར་བསླབ་སྟེ་ཕྱིན་པ་རེད། ཕྱིས་སུ་ང་རང་ཚོ་རང་ཉིད་ཀྱིས་ཆ་ཚང་རང་འགོ་ཐོན་ནས་ཕྱིན་པ་རེད། དེ་བཞིན་རིག་གསར་གྱི་ཚན་རིག་སྐོར་དེ་ད་བར་གཙོ་བོ་ནུབ་ཕྱོགས་ཀྱི་མཁས་དབང་དང། རྒྱ་གར་གྱི་མཁས་དབང་རྣམས་ཀྱི་སར་ནས་སློབ་སྦྱོང་ལེན་ཏེ་རིམ་པས་ང་རང་ཚོས་རང་ ཁུངས་ནས་དགེ་རྒན་ཐོན་པ་དགོས་རྒྱུ་དེ་གཅིག་རེད། འཛམ་གླིང་རིལ་རིལ་དང་ལེབ་ལེབ་གང་ཡིན་རུང་ཁྱད་པར་མི་འདུག དེའི་རྣམ་པར་ཤེས་པ་ཞེས་པ་དེ་དེ་རིང་ཁ་སང་འཛམ་གླིང་ཤར་ནུར་ལྷོ་བྱང་ཕྲན་བུའི་ ཤེས་ཡོན་ཡོད་ས་དང་དཔལ་འབྱོར་གྱི་གནས་སྟངས་གང་ཙམ་ཡག་པོ་འགྲོ་མཁན་དེ་དག་ནང་ དེང་སྐབས་དོ་སྣང་གསར་པ་ཞིག་མིའི་སེམས་ནང་བདེ་སྐྱིད་དང་ལྷོད་ལྷོད་བྱ་རྒྱུ། དེ་བཞིན་ཞི་བདེ་ཡོང་གི་མི་འདུག དཔལ་འབྱོར་ཧ་ཅང་ཡར་རྒྱས་ཡོད་ཀྱང་གཅིག་མ་ཚང་བ་ལྟ་བུ་འདུག དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ཧ་ཅང་ཡག་པོ་ཡོད་ཀྱང་ཤེས་ཡོན་ཚད་མཐོན་པོ་སླེབས་ པའི་མིའི་ནང་ལ་ཡང་རྙོག་གྲ་བཟོ་མཁན་དེ་འདྲ་མུ་མཐུད་ནས་ཡོང་གི་ཡོད། བསྡོམས་རྒྱག་སྐབས་སེམས་མ་དུལ་བའི་རྐྱེན་གྱིས་ཤེས་ཡོན་དང་ལག་རྩལ་ཡོད་ནའང་ གཏོར་བཤིག་ཐོག་ནས་འགྲོ་རྒྱུའི་གནས་ཚུལ་ཞིག་ཆགས་སྐབས། གཞི་ནས་སེམས་ཀྱི་ཞི་བདེར་དོ་སྣང་བྱ་རྒྱུ་ཞིག་དང་། སྤྱི་ཚོགས་དང་ཁྱིམ་ཚང་ལ་ཞི་བདེ་ཡོང་རྒྱུའི་དོ་སྣང་གསར་པ་ཞིག་བྱེད་ཀྱི་འདུག འཕྲོད་བསྟེན་ནང་ལ་ཆ་བཞག་ན། གཟུགས་པོའི་འཕྲོད་བསྟེན་དེ་སྨན་བཟས་པ་གཅིག་པུས་གཟུགས་པོའི་(Biological) འགྲོ་སྟངས་གཅིག་པུར་ལྟ་རྟོག་བྱས་པའི་འདང་གི་མེད་པ་ཞིག་སེམས་ལ་བདེ་སྐྱིད་དང་ ཞི་བདེ་ཡོད་ན། རང་བཞིན་གྱིས་ལུས་ཀྱི་འབྱུང་ལ་དེ་དག་སྙོམས་པ་ཡོང་གི་ཡོད། སེམས་ལ་ཞི་བདེ་མེད་ན་འབྱུང་བ་དེ་དག་འཁྲུག་སྟེ་མི་བདེ་ཡོང་གི་ཡོད། ནད་པ་གཅིག་པ་ཡིན་རུང་སེམས་ལ་ཞི་བདེ་ཡོད་པའི་ནད་པ་དེ་དྲག་སྐྱེད་མགྱོགས་པ་ ཡོང་གི་ཡོད། དེར་བརྟེན་སྨན་པའི་ཚན་རིག་གི་ནང་ལ་ཡང་གཞི་ནས་སེམས་ཀྱི་ཐོག་ལ་དོ་སྣང་གསར་པ་ ཞིག་སླེབས་ཀྱི་འདུག ང་ཚོས་སེམས་ཀྱི་ཞི་བདེ་ཞེས་བརྗོད་སྐབས། སེམས་ལ་ཞི་བདེ་ཡོང་རྒྱུར་ཅི་ཡང་ཡིད་ལ་མ་བྱས་པར་ཙོག་པུར་བསྡད་པ་དེ་ཞི་བདེ་ མིན། གུང་སེང་ལྟ་བུར་ཕྱིན་ཏེ་གང་ཡང་མ་བྱས་པར་བསྡད་ན་ཁ་ཐུག་དེར་རྙོག་གྲ་དེ་དག་ བརྗེད་ནས་སེམས་ལ་ཞི་བདེ་ལྟ་བུ་སླེབས་པ་རེད་མ་གཏོགས་རྙོག་གྲ་མུ་མཐུད་ནས་ བསྡད་ཡོད། སེམས་ཀྱི་ཞི་བདེ་དངོས་གནས་དེ་རྙོག་གྲའི་དཀྱིལ་ལ་བསྡད་ནས་སེམས་ལ་ཞི་བདེ་གནས་ ཐུབ་པ་ཞིག་དགོས་ཀྱི་ཡོད། རྙོག་གྲ་ལས་གཡོལ་ནས་སེམས་ལ་ཞི་བདེ་ཡོང་ན་གནས་སྐབས་ཙམ་ལས་དེ་མིན་ཕན་ཐོགས་གང་ ཡང་མེད། རྙོག་གྲའི་དཀྱིལ་དུ་བསྡད་ནས་རྙོག་གྲ་དེ་སངས་བཞིན་པའི་མུར་སེམས་ལ་ཞི་བདེ་ གནས་ཐུབ་པ་ཞིག་བྱེད་ཐུབ་རྒྱུ་ཡོད། གང་ལྟར་དབང་ཤེས་ཀྱི་ཚོར་བ་བདེ་སྡུག་གཅིག ཡིད་བློའི་ཐོག་གི་ཚོར་བ་བདེ་སྡུག་གཅིག གཙོ་བོ་དབང་ཤེས་ཀྱི་ཚོར་བ་བདེ་སྡུག་ལས་ཡིད་བློའི་ཐོག་གི་ཚོར་བ་བདེ་སྡུག་དེ་ ནུས་པ་དང་ཤུགས་ཆེ་བ་ཡོད་སྟབས། ཡིད་བློའི་ཐོག་གི་ཚོར་བ་བདེ་སྡུག་དེས་སྡུག་བསྔལ་ཉུང་དུ་འགྲོ་རྒྱུ་དང་བདེ་བ་ ཤུགས་ཆེ་རུ་འགྲོ་རྒྱུ་ཞིག་ཐབས་ཤེས་གཅིག ཡིད་བློའི་ཐོག་ལ་བློ་སྦྱང་ཐུབ་རྒྱུའི་ཐབས་ཤེས་ཤིག་ཡོད། ང་རང་ཚོའི་ཉམས་མྱོང་ཐོག་གང་ཙམ་ཤོད་ཐུབ་ཀྱི་འདུག དེར་བརྟེན་ཡིད་བློའི་ཐོག་ནས་སྦྱང་ཞེས་པ་དེ་རྣམ་དཔྱོད་ཀྱིས་གང་ཙམ་ཕན་གྱི་ ཡོད། འོན་ཀྱང་དེ་གཅིག་པུ་མ་རེད། གཞན་ཕན་གྱི་ལྷག་བསམ་གཙོ་བོ་རེད། གཞི་ནས་སེམས་ཀྱི་བདེ་སྐྱིད་སྐོར་ལ་དོ་སྣང་གསར་པ་ཞིག་སླེབ་ཡོང་གི་འདུག སྔོན་ལ་སེམས་ཀྱི་བདེ་སྐྱིད་དེ་སྨན་བཟས་ནས་ཡོང་རྒྱུ་མེད་ལ་འཕྲུལ་ཆས་ལ་རྟེན་ ནས་ཡོང་རྒྱུ་མེད། སེམས་ཀྱི་བདེ་སྐྱིད་དེ་སེམས་ལ་སྦྱོང་བརྡར་བྱས་ནས་ཡོང་དགོས་སྟབས། སེམས་ཀྱི་རྣམ་གཞག་ཤེས་དགོས་ཀྱི་ཡོད། སེམས་ཀྱི་རྣམ་གཞག་ལ་དོ་སྣང་གསར་པ་ཞིག་སླེབས་ཡོང་སྐབས། ནུབ་ཕྱོགས་པའི་རིག་གསར་གྱི་ཚན་རིག་པས་ད་ལྟ་བར་ཕྱིའི་དངོས་པོར་ཞིབ་འཇུག་བྱས་ པ་མ་གཏོགས་ཚན་རིག་པ་རང་ཉིད་ལ་ཚུར་ཞིབ་འཇུག་བྱ་རྒྱུ་ཞིག་ད་ལྟ་བྱུང་མེད། སྤྱིར་བཏང་ཤེས་པ་ཞེས་སྐབས་ཀླད་པའི་ནུས་པ་ཁོ་ནར་ངོས་འཛིན་བྱ་རྒྱུ་ལྟ་བུ་རེད། དེ་རིང་ཁ་སང་གཞི་ནས་ཀླད་ཁམས་རིག་པར་མཁས་པ་དེ་ཚོའི་གྲས་ཀྱིས་ཧ་ཅང་ཞིབ་འཇུག་ ཚད་མཐོ་པོ་སླེབས་སྐབས། ཀླད་པར་འགྱུར་བ་འགྲོ་རྒྱུ་དེ་རྐྱེན་གཞན་ཞིག་ཡོད་པར་གཞི་ནས་དོ་སྣང་དང་དོགས་ པ་སླེབ་རྒྱུ་ཞིག་འདུག གཉིས་ནས་སེམས་ལ་སྦྱོང་བརྡར་སྤྲད་ཡོང་སྐབས་ཀླད་པར་འགྱུར་བ་འགྲོ་གི་ཡོད་པ་ ཞིག་མཐོང་ཡོང་གི་འདུག དེར་བརྟེན་ཀླད་པར་ཕན་གནོད་བྱེད་མཁན་གྱི་དངོས་གཞན་ཞིག་ཡོད་པར་གཞི་ནས་དོ་སྣང་ གསར་པ་ཞིག་སླེབས་ཡོང་གི་འདུག ཀླད་པར་འགྱུར་བ་གཏོང་མཁན་གྱི་དངོས་པོ་གཞན་དེ་གང་འདྲ་ཞིག་ཡིན་པ་གཞི་ནས་དོ་ སྣང་འདྲ་ཞིག་དང་བརྟག་དཔྱད་ཀྱི་ཚད་བསྡུར་བྱས་ཡོང་གི་ཡོད། སྤྱིར་རྒྱ་གར་གྱི་ཆོས་ཀྱི་རིག་གཞུང་ཞི་གནས་དང་ལྷག་མཐོང་གི་རིག་པ་གསར་མ་དེ་ གཉིས་པོ་ཉམས་ལེན་ཡོད་པའི་ཆོས་ཀྱི་རིག་གཞུང་དེའི་ནང་ལ་སེམས་ཀྱི་སྐོར་འགྲེལ་ བཤད་མང་པོ་ཞིག་སླེབས་ཡོང་གི་ཡོད། དད་པ་ཡིན་ན་འགྲེལ་བཤད་ཞེ་དྲག་དགོས་རྒྱུ་མི་འདུག དཀོན་མཆོག་ལ་ཡིད་ཆེས་བྱས་ཏེ་བསྡད་ན་དེ་གཅིག་པུ་རེད། ད་ལྟ་ཚུར་ཕྱོགས་འདིར་སེམས་ཀྱི་སྦྱོང་བརྡར་བྱས་ཏེ་སེམས་རྩེ་གཅིག་པའི་ཏིང་ངེ་ འཛིན་སྒྲུབ་དགོས། གཙོ་བོ་ཞི་ལྷག་གི་རྣམ་པ་ཅན་རེད་གང་ལྟར་ཡང་སྙིང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ ཤེས་རབ་ཀྱིས་སོ་སོར་རྟོགས་པའི་ཤེས་རབ་ཀྱི་བློ་ལ་འགྱུར་བ་གཏོང་དགོས་ཟེར་བའི་ གང་ལྟར་ཞི་ལྷག་གི་ཉམས་ལེན་ཡོད་པའི་གཞུང་དེ་ལ་སེམས་ཀྱི་རྣམ་གཞག་དེ་ཐོན་ཡོང་ གི་ཡོད། སངས་རྒྱས་པའི་གཞུང་ནང་ལ་དེ་དེ་བཞིན་བྱས་ཏེ་ཞི་ལྷག་སྐོར་ཞེ་དྲག་ཐོན་ཡོང་གི་ ཡོད། གཉིས་ནས་སྔགས་ཀྱི་གཞུང་ནས་སེམས་ཕྲ་རགས་ཀྱི་དབྱེ་བ་ཞིག་ཕྱེ་ཡོང་གི་ཡོད། སངས་རྒྱས་པའི་གཞུང་ནས་སེམས་ཀྱི་རྣམ་གཞག་ཡོད་པ་དེ་དག་ཕལ་ཆེར་ཞིབ་ཚགས་ཤོས་ ཤིག་ཡིན་པ་མ་ཟད། དུས་ད་ལྟ་བར་དུ་དེའི་སྐོར་ལ་ཉམས་ལེན་བྱེད་མཁན་དང་བཤད་སྒྲུབ་ཟུང་འབྲེལ་རེད། བཤད་པས་འགྲེལ་བཤད་རྒྱག་རྒྱུ་དེ་དང་མཉམ་དུ་ཉམས་ལེན་བྱས་ཏེ་གཅིག་བྱེད་རྒྱུ་ ཡོད་པ་ཞིག་གི་སྲོལ་རྒྱུན་གསོས་པ་ཞིག་ཡོད་པ་དེ་ཕལ་ཆེར་བོད་གཅིག་པུ་མི་འགྲོ་ སྙམ་གྱི་འདུག མ་གཞི་ད་ལྟ་འབར་མ་དང་། ཐེ་ལན་སོགས་ནང་ཡག་པོ་ཞེ་དྲག་ཡོད་པའི་བཟོ་འདྲ་ཞིག་འདུག་ཀྱང་། དེ་དག་ནི་པཱ་ལིའི་གཞུང་ནང་གསལ་བ་དེ་དག་མ་གཏོགས་ནཱ་ལེནྡྲའི་མཁས་པའི་དབང་པོ་ ཚོས་དཔྱད་པ་བྱས་ཏེ་བརྡར་ཤ་དཔྱད་པ་དེ་འདྲ་ཞེ་དྲག་མི་འདུག དེ་རིང་ཁ་ས་ངོས་ཀྱིས་ཕྱེད་ཀ་འབོར་ཤོབ་དང་ཕྱེད་ཀ་རྒྱུ་མཚན་ཡོད། བོད་ཀྱི་སངས་རྒྱས་པའི་ལྟ་གྲུབ་དང་ཆོས་ཚུལ་དེ་འཛམ་གླིང་གི་གཅེེས་ནོར་རེད་ ཤོད་ཀྱི་ཡོད། དེ་དག་ངོས་ཀྱི་འཚོས་ལ་འཚོས་དང་ཧམ་པ་བྱས་ཏེ་བཤད་པ་མ་རེད། ལོ་ལྔ་བཅུ་ཙམ་རིང་མི་མང་པོ་ཐུག་བགྲོ་གླེང་མང་པོ་བྱས་ཏེ་ཉམས་མྱོང་མང་པོ་ བསགས་ཏེ་ཕྱོགས་བསྡོམས་བྱས་ཡོང་སྐབས། ང་རང་ཚོ་གཞི་ནས་དུས་ད་ལྟ་བར་དུ་བོད་གངས་ཅན་ལྗོངས་ལ་ཐེག་པ་ཆེ་ཆུང་སྔགས་དང་ བཅས་པའི་ཆ་ཚང་བའི་རྒྱལ་བསྟན་ཞིག་ཡོད་པ་དང་། དེ་ཡང་དབུ་ཚད་གཞུང་ལ་བརྟེན་ནས་གཏན་ལ་ཕབ་རྒྱུ་ཡོད་པ་ཞིག་ཆགས་ཡོང་དུས་དེ་ཞེ་ དྲག་གི་རྩར་ཆེན་པོ་རེད་འདུག ཧ་ལམ་འཛམ་གླིང་འདིའི་སྟེང་མེད་པ་ཞིག་རེད། དེར་བརྟེན་ང་ཚོ་སངས་རྒྱས་པའི་ཆོས་ཀྱི་ནང་ནས་སེམས་ཀྱི་སྦྱོང་བརྡར་སྤྲོད་ སྟངས་དང་སེམས་ཀྱི་རྣམ་གཞག་ཞིབ་ཕྲའི་འགྲེལ་བཤད་དེ་དག་དེ་རིང་ཁ་སང་ཚན་རིག་ པའི་སྡེ་ཚན་སེམས་ཀྱི་རྣམ་གཞག་དང་ལུས་པོའི་འཕྲོད་བསྟེན་སྐོར་ཀླད་པའི་ཚན་རིག་ དེ་ཚོའི་ནང་ལ་འབྲེལ་བ་ཆེན་པོ་ཆགས་ཏེ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག དེར་བརྟེན་ང་ཚོས་ཕར་ཞབས་འདེགས་སྒྲུབ་ཐུབ་རྒྱུའི་ཆ་རྐྱེན་ཡོད་པའི་བཟོ་འདྲ་ འདུག
དེ་ནས་སངས་རྒྱས་པའི་གཞུང་དེ་དག་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནང་ལ་གཞུང་སྦྱང་ དུས་དང་དཔྱད་བྱེད་སྐབས་དཔྱད་པ་བྱེད་སྟངས་དེ་རིགས་ལམ་ལ་བརྟེན་པའི་དཔྱད་པ་ བྱེད་སྟངས་གཅིག དཔྱད་དགོས་དུས་རིག་པ་ལྡན་པ་དགོས་པ་དང། རིག་པས་དཔྱད་ཡོང་དུས་ཁྱབ་མཐའ་ཟིན་ཐུབ་པའི་རིག་པ་ཞིག་དགོས་པ་རེད་མ་གཏོགས་ཆུ་ མ་ཚོགས་མཁན་གྱི་རིག་པས། སྤམ་བཤད་བྱས་ནས་གོ་བ་གཙོ་བོ་བྱས་ཏེ་ཤོད་རྒྱུ་ཞིག་ཡོང་གི་རེད་ཀྱང་། དེས་ཞིབ་ཚགས་པོ་སྒྲོ་འདོགས་གཅོད་ཐུབ་རྒྱུ་ཁག་པོ་འདུག ཞིབ་ཚགས་པོའི་སྒྲོ་འདོགས་གཅོད་རྒྱུར་ཁྱབ་དང་མ་ཁྱབ་སྟེང་འགྲོ་རྒྱུ་དེ་ཞེ་ དྲག་གལ་ཆེན་པོ་འདུག ཁྱབ་དང་མ་ཁྱབ་ཞེ་དྲག་བཤད་ཡོང་དུས་ང་རང་ཚོས་གོ་རྒྱུ་ཞེ་དྲག་མེད་པར་ཆ་ནས་བཞག་ པ་དང་རིགས་སུ་གནས་པ་འུ་ཐུག་སྟེ་སྦྱར་ནས་ཞེ་དྲག་གོ་རྒྱུ་མེད། སོ་སོ་ཁས་བླངས་འདོད་ན་རིགས་སུ་གནས་པ་མ་རེད། དབྱེ་བ་ཕྱེ་ནས་ཤོད་རྒྱུ་འུ་ཐུག་པ་དེ་འདྲ་རེད། མ་ཞིག་བརྟག་དོན་བཙལ་ནས་རྙེད་རྒྱུ་མེད་མཁན་ཞིག་གི་ཚད་མ་རིག་པའི་གཞུང་ནས་ བརྟག་དོན་བཙལ་ནས་རྙེད་རྒྱུ་ཡོད་པ་གཞིར་བཞག་བྱས་ཏེ་གསུང་ཡོང་དུས་དོན་དངོས་ པོའི་གནས་ཚུལ་ལ་བརྟག་དོན་བཙལ་ནས་རྙེད་རྒྱུ་ཡོད་པ་ཞིག་མ་རེད། བརྟག་དོན་བཙལ་སྟངས་ཤིག་དེ་ཧ་ལམ་སྣང་ཚུལ་དེ་གཞིར་གཞག་ཐོག་ནས་འགྲོ་དུས་སྣང་ ཚུལ་བདེན་སྒྲུབ་སྣང་གི་ཡོད་པ་དེ་གཞིར་གཞག་ཐོག་ནས་བརྟག་དོན་བཙལ་ན་རྙེད་རྒྱུ་ མེད་པ་ཧ་ཅང་གསལ་པོ་རེད། གང་ལྟར་ཡང་སྙིང་རིག་པས་དཔྱད་པ་བྱེད་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་རེད། ད་རེས་ཉེ་ཆར་ཀླད་ཁམས་ཚན་རིག་པའི་ཚོགས་འདུ་ཚོགས་པའི་སྐབས་ཚན་རིག་པ་མི་ཞིག་ ནས་ཁྱེད་རང་ཚོའི་བོད་སྐད་སློབ་སྦྱོང་སྤྲོད་སྐབས། རིགས་ལམ་ཐོག་ནས་སློབ་སྦྱོང་སྤྲོད་སྟངས་དེ་ཧ་ཅང་ཡག་པོ་ཡོད་པའི་བཟོ་འདྲ་ཞིག་ འདུག སྤྱིར་བཏང་གི་ཤེས་ཡོན་སྡེ་ཚན་གཞན་དག་ནང་དེས་སློབ་སྦྱོང་སྤྲོད་རྒྱུ་ཞིག་ཡོང་ གི་མ་རེད་དམ་ཞེས་དྲིས་བྱུང་། ངོས་ཀྱིས་ཡོང་གི་རེད་ང་ཚོས་ཀྱང་དེ་འབད་བརྩོན་བྱེད་ཀྱི་ཡོད། འོ་ན་ཁྱེད་རང་ཚོ་བོད་པ་ཚོས་མ་སྦྱང་པ་གང་རེད་དམ་ བརྗོད་ན། དགོངས་དག་ཟེར་རྒྱུ་མ་གཏོགས་གང་ཡང་མེད། ང་ཚོས་ད་ལྟ་བར་དུ་མ་བྱས་པ་རེད། ངོས་ཀྱིས་དྲན་སྐུལ་བྱས་པ་ཡིན་ན་ཐོག་མར་མ་སུ་རི་སློབ་གྲྭ་རེད། དེ་ལ་ང་ཚོའི་མཚན་ཉིད་སློབ་དཔོན་རྗེས་སུ་ཤུགས་ལྡན་ཚོགས་པས་བཀྲོངས་པ་ཁོང་གིས་ འཁུར་བླངས་ཏེ་སློབ་ཕྲུག་ཚོར་རྟགས་གསལ་བསླབ་སྟེ་རྟགས་གསལ་གཏོང་མཁན་གང་ཙམ་ ཡོད་པ་ཡག་པོ་ཞེ་དྲག་རེད། སིམ་ལ་དང་ཌ་ལ་ཧོ་སིར་ཡང་དེ་དེ་བཞིན་ཡོད་ཀྱང་གང་ཙམ་ནས་འཐུས་ཤོར་ཕྱིན་པ་རེད། ཆོས་དགེ་ཞེས་བརྗོད་སྐབས་དུས་ཆེན་དེ་དག་ངོ་སྤྲོད་བྱེད་མཁན་དང་ཞལ་འདོན་སྐྱོར་ རྒྱུ་ཞིག་བསླབ་པ་ལས་ཞེ་དྲག་མེད་པར་སྡོད་མཁན་ཞིག་བྱས་པ་དེ་འཐུས་ཤོར་ཕྱིན་ འདུག གཞན་དེ་མུ་མཐུད་བྱས་ཡོད་ན་ད་ཚོད་ཕལ་ཆེར་ང་ཚོས་གང་ཙམ་ཞིག་བྱེད་ཐུབ་ཀྱི་རེད། འཕྲོག་བརླག་ཕྱིན་པ་རེད་བྱེད་རྒྱུ་གང་ཡང་མི་འདུག ཁ་སེང་ང་ཚོ་ཆོས་ཚོགས་ཀྱི་ཚོགས་འདུ་ཚོགས་པའི་སྐབས་ཇོ་ནང་པ་ཁོང་ཚོའི་སྐོར་ལ་ སྐད་ཆ་བྱུང་ཁོང་ཚོ་ཁ་ཤས་ཤིག་ཕེབས་འདུག་པར། ཁྱེད་རང་ཚོས་ང་ཚོའི་སྤྱི་འཐུས་ནང་ཇོ་ནང་ངོས་འཛིན་ཡོང་རྒྱུའི་རེ་འདུན་སྔོན་ མ་ནས་བྱེད་ཀྱི་ཡོད། ངོས་ཀྱིས་རྩེད་མོ་དང་སྦྲགས་བརྗོད་ཡོད། ངོས་ཀྱི་ལས་འགན་དེ་ནི་འདི་འདྲ་ཞིག་བརྗོད་ཀྱི་འདུག་ཅེས་བརྗོད་རྒྱུ་དེ་རེད། དེ་ནི་ངོས་ཀྱིས་བརྗོད་ཀྱི་ཡིན། བྱས་དང་མ་བྱས་དེ་གཞན་དག་གི་ཐག་གཅོད་ཀྱི་རེད་ཅེས་བརྗོད་རྒྱུ་བྱུང་། དེ་བཞིན་ང་ཚོའི་སློབ་གྲྭ་ཁག་གི་ནང་རིགས་ལམ་ཐོག་ནས་སློབ་ཁྲིད་བྱེད་རྒྱུ་ཞིག་ དགོས་ཀྱི་འདུག་ཅེས་བརྗོད་ཡོད། ལག་ལེན་མ་བྱུང་བ་རེད་བྱེད་རྒྱུ་གང་ཡང་མི་འདུག དེར་བརྟེན་ཚན་རིག་པས་དེ་འདྲ་བརྗོད་ཀྱི་འདུག དེར་བརྟེན་ང་ཚོས་དེར་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག་ཁ་སང་བརྗོད་པ་ལྟར་རེད། སངས་རྒྱས་པའི་གཞུང་ནས་བཤད་པའི་ཚན་རིག་ཅེས་བརྗོད་པ་མ་གཏོགས་སངས་རྒྱས་པའི་ གཞུང་དང་སངས་རྒྱས་པའི་ཆོས་ཞེས་བརྗོད་ཀྱི་མེད། དེ་བརྗོད་ན་རྒྱ་ཆུང་ཆུང་ཆགས་པ་རེད། (Science) བརྗོད་ན་(Universal )རེད། (Buddhist )བརྗོད་ན་ཆུང་ཆུང་ཆགས་ཀྱི་ཡོད། དེ་དབྱེ་བ་ཕྱེ་དགོས་པའི་རྒྱུ་མཚན་གང་རེད་ཅེས་བརྗོད་ན། རིམ་པས་ཚན་རིག་བརྗོད་ན་སྤྱིར་བཏང་ཚན་རིག་ཆ་ལ་བཞག་ན་འཛམ་གླིང་ཡོང་ རྫོགས་(Universal )ལ་སློབ་སྦྱོང་སྤྲོད་རྒྱུ་ཞིག་དང་ཤེས་ཡོན་ (Academic ) རེད་ཆོས་ཀྱི་སྐད་ཆ་མ་རེད། ཆོས་ལབ་དུས་སོ་སོས་ཉམས་ལེན་བྱེད་རྒྱུ་ཞིག་དང་། ཤེས་ཡོན་ཞེས་བརྗོད་ན། སྤྱི་ཡོངས་ཀྱི་ཤེས་བྱའི་གནས་ཤིག་རེད། དེར་བརྟེན་ང་ཚོས་བཀའ་འགྱུར་བསྟན་འགྱུར་ནང་ཡོད་པའི་ཚན་རིག་སྐོར་བཤད་པ་དེ་དག་ ཟུར་དུ་ཞིག་ཕྱེ་པ་ཡིན་ན། (Academic) ཆགས་ཐུབ་རྒྱུ་ཞིག་དང་། ལོ་འདིའི་ནང་ཁ་སེང་ལོ་འགོ་ནས་འགོ་བཙུགས་ཏེ་ང་ཚོས་བཀའ་འགྱུར་བསྟན་འགྱུར་པུ་ ཏི་སུམ་བརྒྱའི་ནང་ནས་དངོས་ཁམས་རིག་པ་དང་། སེམས་ཁམས་རིག་པ་དེ་དང་འབྲེལ་བའི་ཚན་རིག་གི་སྡེ་ཚན་དེ་དག་ཆ་ཚང་ཞིག་ཟུར་དུ་ ཕྱེ་ནས་ཕྱོགས་བསྒྲིགས་བྱེད་དགོས་ཀྱི་འདུག་ཅེས་བསམ་ཚུལ་བྱུང་ནས་ད་ལྟ་ལག་ལེན་ བསྟར་ཏེ་བར་ཟིན་ཆ་ཚང་ཞིག་སྒྲུབ་ཚར་བ་རེད། ལྟ་གྲུབ་སྐོར་སྡེ་ཚན་གཅིག་དང་། ནང་ཆོས་རང་དེ་ནང་པའི་དོན་དག་རེད་མ་གཏོགས་འཛམ་གླིང་སྤྱི་ལ་འགྲོ་རྒྱུ་གང་ཡང་ མེད། ནང་ཆོས་ཀྱི་གླེགས་བམ་ནང་ནས་གསུངས་པའི་ཚན་རིག་སྡེ་ཚན་དེ་འཛམ་གླིང་སྤྱི་ལ་ འགྲོ་རྒྱུ་ཞིག་ཆགས་ཡོད། ང་རང་ཚོ་གཞི་རྩ་དེའི་ནང་དུ་ལས་ཀ་བྱེད་མཁན་གྱི་དགེ་རྒན་སློབ་སྦྱོང་བྱེད་ཐུབ་ མཁན་ཡིག་སྒྱུར་ཐུབ་མཁན་མང་པོ་ཐོན་པ་དགོས་ཀྱི་ཡོད། ང་ཚོའི་ལས་འགན་དེ་དག་ཡིན། རིམ་པས་ང་རང་ཚོའི་སློབ་གྲྭ་ཁག་ནང་དེང་སྐབས་ཡོངས་བསྒྲགས་རེད། ང་ཚོ་རང་དབང་ལུང་པའི་ནང་བསྡད་དེ་ཕར་ཕྱོགས་དེར་རྒྱ་མིས་བོད་ཀྱི་ཆོས་དང་རིག་ གཞུང་རྩ་མེད་བཟོ་ཀྱི་འདུག་ཅེས་ང་ཚོས་སྐད་འབོད་ཞེ་དྲག་བྱེད་ཀྱི་ཡོད། ཚུར་ཕྱོགས་འདིར་ང་རང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོ་བོད་ཡིག་སྐྱོ་བ་འདུག བོད་སྤྱི་དང་ལྷག་པར་མདོ་སྨད་ཁུལ་ནས་བོད་ཡིག་ནང་རྩོམ་ཡིག་དང་དེབ་བྲིས་པ་དེ་ ཚོའི་གྲས་བོད་ནང་ནས་གང་ཙམ་ཡོང་གི་འདུག ང་ཚོ་རང་དབང་ལུང་པའི་ནང་ལ་ད་དུང་ཐོན་ཐུབ་ཀྱི་མི་འདུག་སྐྱོ་པོ་འདུག དེ་ཚོའི་གྲས་ལ་ང་ཚོས་རིག་པ་བསྒྲིམ་ཏེ་ཤུགས་རྒྱག་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་ པོ་རེད། ལེགས་སྦྱར་གྱི་ཚན་རིག་སྐོར་དེ་དག་ཆ་ཚང་ང་རང་ཚོའི་བོད་སྐད་ནང་སླེབས་རྒྱུ་ གཅིག་དང་། སངས་རྒྱས་པའི་གཞུང་ནས་གསུངས་པའི་སེམས་ཀྱི་ཚན་རིག་སྐོར་དེ་དག་ཀྱང་འཛམ་གླིང་ ལ་བསྟན་ཐུབ་པ་ཞིག་རྒྱ་ཡིག་དང་དབྱིན་ཡིག་ཧིན་ཡིག་བཅས་སྐད་ཡིག་གཙོ་ཆེ་བ་དེ་ དག་ཐོག་རེད། ང་ཚོར་མི་དགོས་ཀྱི་འདུག་མི་ཆ་སྐྱོ་པོ་ཞེ་དྲག་རེད། བྱེད་ཐུབ་མཁན་གྱི་མི་ཆ་ཐོན་དགོས་ཀྱི་འདུག ང་རང་ཚོའི་སློབ་གྲྭའི་ནང་དང་བོད་པ་མང་ཆེ་བ་ནང་པ་རེད། ནང་ཆོས་ཤེས་དགོས་པ་རེད། ནང་ཆོས་ཞེས་བརྗོད་སྐབས་སྨོན་ལམ་དང་འདོན་བཏོན་ནས་སྡོད་རྒྱུ་ཞིག་རྩ་བ་ནས་མ་ རེད། དེ་ལྟར་ཡི་ཤུའི་ཆོས་པ་ཚོར་འདོན་པ་འདོན་རྒྱུ་དང་སྨོན་ལམ་རྒྱག་རྒྱུ་ཡོད། ནང་ཆོས་དེ་འདྲ་མ་རེད་བསམ་བློ་གཏོང་རྒྱུ་ཡོད་པ་རེད། སེམས་ཀྱི་སྦྱོང་བརྡར་སྤྲད་སེམས་ཀྱི་སྦྱོང་བརྡར་སྤྲོད་སའི་སེམས། སྦྱོང་བརྡར་སྤྲོད་བྱེད་ཀྱི་བློ་ཤེས་རབ་དེ་དག་ཤེས་དགོས་པ་རེད། དེར་བརྟེན་ངོས་ཀྱིས་བྱམས་བརྩེ་སྤེལ་དགོས་ཀྱི་བརྗོད་སྐབས་བྱམས་བརྩེ་ཤེས་པའི་ ཁྱད་ཆོས་ཤིག་རེད། བྱམས་བརྩེའི་ངོ་བོ་བདེ་སྡུག་དང་རྐྱེན་གང་ལ་བརྟེན་ནས་བྱུང་བ་དེ་དག་ཤེས་དགོས་ རེད། བྱམས་བརྩེའི་འགལ་ཟླ་ཞེ་སྡང་འཁོན་འཛིན། དེ་དག་ངོ་བོ་དང་ཉེར་ལེན་གྱི་རྒྱུ་དང་རྐྱེན་ག་རེ་ཡིན་པ་ཤེས་ཐུབ་ན་ངོས་ཀྱིས་ ཤོད་ཀྱི་ཡོད། བྱམས་བརྩེ་ཡར་རྒྱས་གཏོང་རྒྱུའི་སྐད་ཆ་ཤོད་སྐབས་བྱམས་བརྩེ་ནི་ཤེས་པའི་རིགས་ ཤིག་རེད། སྔོན་ལ་ཤེས་པའི་ (Map of Mind or emotion)ང་ཚོའི་འཛམ་གླིང་གི་ས་ཆ་གཅིག་ནས་ས་ཆ་གཅིག་ལ་འགྲོ་བར་སྔོན་ལ་ས་ཁྲ་ ཤེས་པ་བྱས་དེ་ནས་དེར་འགྲོ་གི་ཡིན་དེ་ནས་དེ་བརྒྱུད་ནས་འགྲོ་དགོས་པ་ཤེས་དགོས། དེ་བཞིན་བྱམས་བརྩེ་ཞིག་སྤེལ་དགོས་བྱུང་ན། བྱམས་བརྩེའི་ས་ས་ཁྲ་ལྟ་བུ་དེ་སྔོན་ལ་སེམས་ཁམས་རིག་པ་དེ་དག་འགྲོ་དགོས། བྱམས་བརྩེའི་འགལ་ཟླ་གང་ཡིན་དང་མཐུན་པའི་རྐྱེན་གང་ཡིན་པ། འགལ་རྐྱེན་གང་ཡིན་པའི་བྱམས་བརྩེའི་ས་ཁྲ་དེ་སྔོན་ལ་ཤེས་པ་བྱེད་དགོས། དེ་ཤེས་པའི་ཐོག་ནས་སྒྲུབ་བྱའི་བྱམས་བརྩེ་དེ་དང་འགལ་རྐྱེན་དེ་དག་སེལ་བར་ མཐུན་རྐྱེན་སྒྲུབ་པའི་ཐོག་ནས་འགྲོ་དགོས་ཞེས་བརྗོད་ཡོང་གི་འདུག བྱམས་བརྩེ་ངོ་ཐོག་ཅིག་སྤེལ་བར་སེམས་ཁམས་རིག་པ་དེ་དག་ཤེས་དགོས་རྒྱུ་ཞིག་འདུག ནང་པ་བྱེད་དགོས་རེད་ཟེར་གྱི་མེད། བྱམས་བརྩེ་ཞེས་པ་ཀུན་ལ་ཁྱབ་པ་ཞིག་རེད། ཀུན་ལ་ཁྱབ་པའི་བྱམས་བརྩེའི་སྐད་ཆ་ཤོད་སྐབས་སེམས་ཁམས་རིག་པ་ཤེས་དགོས་ཀྱི་ འདུག དེ་སྤྱིར་བཏང་ཤཻས་ཡོན་གྱི་སློབ་ཚན་རེད་མ་གཏོགས་ཆོས་ཀྱི་སློབ་ཚན་མ་རེད། ང་ཚོ་དབྱེ་བ་ཕྱེ་རྒྱུ་ཞིག་འདུག་ལ་བོད་ཀྱི་སྔོན་གྱི་མཁས་པ་ཚོས་རིག་གནས་ཆེ་བ་ ལྔ་དང་ཆུང་བ་ལྔ་ལས་ཚད་མ་རིག་པ་ཞེས་ཟུར་དུ་ཕྱེ་འདུག་ནང་དོན་རིག་པ་ལས་ཚད་མ་ རིག་པ་ཟུར་དུ་བཤད་པ་ཏན་ཏན་རེད། ཚད་མ་རིག་པ་དེ་ནང་དོན་རིག་པའི་ཁུངས་ཀྱི་ཚད་མའི་གཞུང་གི་བསྟན་བྱ་ཚད་མ་རྣམ་ འགྲེལ་ལྟ་བུར་ཆ་བཞག་ན་ནང་དོན་རིག་པའི་གཞུང་ཆགས་ཡོད། འོན་ཀྱང་རྩ་བའི་ཚད་མ་དེ་ཕྱི་ནང་ཐུན་མོང་གི་རེད་མ་གཏོགས་ནང་པ་གཅིག་པུས་མ་ རེད། ཚད་མ་རིག་པ་དེ་ནང་དོན་རིག་པ་ལས་ལོགས་སུ་ཕྱེ་རྒྱུ་དེར་རྒྱུ་མཚན་ཞིག་འདུག ང་ཚོ་ཚན་རིག་སྐོར་སྐད་ཆ་བཤད་པ་ཡིན་ནའང་ནང་དོན་རིག་པ་ལས་ལོགས་སུ་ཕྱེ་ཏེ་བཤད་ དགོས་རྒྱུ་ཞིག་དང་བསྟན་དགོས་རྒྱུ་ཞིག་གལ་ཆེན་པོ་རེད། འདི་ངོས་ཀྱིས་ཁྱེད་ཚོར་སྤྱི་ཡོངས་ཀྱི་གནས་ཚུལ་ཞིག་ཤོད་འདོད་བྱུང་ཞེས་བཀའ་ སློབ་ཟབ་རྒྱས་སྩལ་ཡོད་པ་བཅས།
བེམ་གཟུགས་ཚན་རིག་པས་ཚོང་རྫས་དང་། ཤེས་པ་ཆོས་པའི་ཚོང་རྫས་ལྟ་བུར་འགྱུར་ཉེན་མི་འདུག་གམ། ཀུན་གྱིས་བེམ་ཤེས་ལ་རྨོངས་མུན་མྱུར་དུ་སེལ་བར་ཤོག །
རྒྱ་ནག་གི་དངོས་ཟོག་རྫུན་མ་ཉོ་བ་ལས་ནང་པའི་བེམ་ཤེས་གཉིས་ཉོ་རྒྱུ་བྱུང་ན་གང་མིན་ཚད་རེད།
ཕྱི་རྒྱལ་ལ་བེམ་པོ་ཉོ་མཁན་བོད་རིགས་དང་། ཤེས་པ་ཉོ་མཁན་ཕྱི་མི་མ་གཏོགས་མི་འདུག་ཟེར། བོད་པས་སྒོམ་བླ་མས་བརྒྱབ། ཁ་ཏོན་ང་ཚོ་བྱ་ཟེར། ཕྱི་རྒྱལ་བ་ཚོས་སྒོམ་ང་ཚོས་རྒྱག ཁ་ཏོན་བླ་མས་བྱ་རྒྱ་རེད་ཟེར། ཧཧ།
༼ལྟ་སྤྱོད་གཉིས་ཀྱི་རྣམ་བཞག༽
མི་ཞིག་ཡིན་ན་གནས་ལུགས་ལ་དཔྱོད་ཤེས་ཀྱི་ནུས་པ་ལྡན་དགོས། མིའི་རྣམ་དཔྱོད་འདི་ལ་ཕན་པ་རྒྱ་ཆེན་པོར་སྒྲུབ་པའི་ནུས་པ་ཡོད་ལ་གནོད་པ་ཆེན་པོ་གཏོང་པའི་ནུས་པ་ཡང་ཡོད་པས་དེ་ཚོ་ལྟ་བས་ཐག་གཅོད་བྱེད་ཀྱི་རེད། མདོར་ན། ལྟ་བས་སྤེལ། ལྟ་བ་ལས་བྱུང་། ལྟ་བ་ལ་རག་ལས་བས། ལྟ་བ་ཡང་དག་པ་ཞིག་གདམས་རྒྱུ་གལ་ཆེ།
སྤྱིར་མི་ཞིག་ཡིན་ན་ཁོའི་རྒྱུད་ན་ལྟ་བ་ཡོད་པས་ཁྱབ། ལྟ་བ་དེ་ལ་ཡང་དག་ཡིན་མིན་གཉིས་ཡོད། མི་རེ་རེ་ལ་ལྟ་བ་མ་འདྲ་བ་རེ་ཡོད་པ་མཐོང་ཆོས་རེད། ལྟ་བ་ཟེར་བ་ལྟ་བྱ་ལྟ་བྱེད་ལྟ་བའི་ཡུལ་ལ་བརྟེན་ནས་འདོགས་སྲོལ་སྣ་ཚོགས་ཡོད། མི་རང་རང་ལ་སེམས་ཀྱི་བྱེད་ལས་མ་འདྲ་བ་ཡོད་པ་རེད། འགྲོ་བ་སོ་སོར་ལས་ཀྱི་གོ་སྒྲིག་མ་འདྲ་བ་རེ་ཡོད་པ་དང་ལུས་རྟེན་གྱི་ཆ་ནས་ཀྱང་མི་འདྲ་བ་ཡོང་གི་ཡོད། མིའི་རྣམ་དཔྱོད་དང་བསམ་བློ། མཛེས་དཔྱོད་སོགས་རྦད་དེ་མི་འདྲ་བ་ཞིག་ཡོད་པ་གང་ལ་བརྟེན་པ་རེད་ཟེར་ན་ལྟ་བ་ལ་བརྟེན་པ་རེད། དེའི་ཕྱིར་སྤྱོད་པ་དང་མ་འབྲེལ་བའི་ལྟ་བ་མེད་ལ་ལྟ་བ་དང་མ་འབྲེལ་བའི་སྤྱོད་པ་མེད་པས་དུད་འགྲོའི་རིགས་ལ་མིག་སྣའི་དབང་པོ་རྣོ་བ་མི་ལས་ལྷག་པ་ཡོད་ཀྱང་དཔྱད་པ་ཟེར་བ་གཏན་ནས་མེད། བྱ་རྒོད་ཀྱི་མིག་ལྟ་བུ། སྤྱང་གུའི་སྣ་ལྟ་བུ། མི་ལས་ལྡབ་འགྱུར་གྱིས་རྣོ་བར་བཤད་ཅིང་དེས་རང་ལ་ཕན་པ་ཙམ་ལས་གཞན་ལ་གནོད་བྱེད་ཀྱི་ནུས་པ་དེ་ཙམ་མེད། ཁོ་ཚོས་རང་གི་འཚོ་གནས་ཆེད་དབང་པོ་དེ་ཚོ་བེད་སྤྱོད་པ་ལས་མི་ལྟར་རྣམ་དཔྱོད་ཀྱི་ནུས་པ་མེད་ལ། འགྲོ་བ་མིའི་རྒྱུད་ན་ལྟ་སྐྱོན་དེ་དག་ཡོད་པས་རང་མི་བདེ་བ་དང་གཞན་མི་བདེ་བ་མང་པོ་ཞིག་བཟོ་གི་རེད། གཞན་ལ་ཕན་དང་གནོད་གཙོ་བོར་རང་ལྟས་ཐག་གཅོད་བྱེད་ཀྱི་རེད། མི་ཞིག་གིས་རང་ཉིད་ཆེས་མི་དགའ་སའི་མི་ལ་ལྟ་བའི་ཚེ། ཞེན་པ་ལོག་པ་དང་རང་ཉིད་ཆེས་དགའ་སའི་མི་ལ་ལྟ་བའི་ཚེ་ཞེན་ཁོག་སླེབས་འོང་བ་རེད། དོན་དག་ངོ་མ་བཤད་ན་ཕར་ཕྱོགས་ཀྱི་ལྟ་མཁན་དེ་གཅིག་པ་ཡིན་ཀྱང་ཁོས་ལྟ་སྟངས་མ་འདྲ་བའི་དབང་གིས་འདི་ལྟར་ཡོང་གི་ཡོད་པ་རེད། འདི་དག་གི་རྩ་བ་ཕར་དེད་ནས་སོང་ན་འཇིག་ལྟའམ་གཏི་མིག་བདེན་འཛིན་ལ་ཐུག་གི་རེད། དེར་བརྟེན། ནང་ཆོས་ཀྱི་ལྟ་བ་ཟེར་ན། རྟེན་འབྱུང་གི་ལྟ་བ་ལ་ཟེར་གི་ཡོད་པ་རེད། རྒྱལ་ཁོངས་དང་རིགས་རུས་དང་དབུལ་ཕྱུག་གི་དབྱེ་བ་མེད་པར་འཇིག་རྟེན་ཀུན་ལ་ཁྱབ་པའི་ལྟ་བ་ཞིག་ལ་རྟེན་འབྱུང་གི་ལྟ་བ་ཟེར་གི་ཡོད་པ་རེད། མིའི་རྒྱུད་ཀྱི་ལྟ་བ་དེ་ལ་བསམ་བློའི་ཆ་ནས་མཐོ་དམན་དང་མཆོག་དམན། རབ་འབྲིང་ཐ་གསུམ་མང་པོ་ཞིག་ཡོད་ངེས་རེད། ནང་པ་སངས་རྒྱས་པའི་ལྟ་བའི་ཚུལ་ཟབ་པས་བློ་དམན་པས་ཤེས་དཀའ་བ་དང་ཤེས་བ་ཙམ་གྱིས་མི་ཆོག་པར་རང་རྒྱུད་ལ་སྦྱོར་དགོས་པའི་རིམ་པ་མང་པོ་ཞིག་ཡོད་པ་དང་། དང་པོར་ཐོས་པས་དོན་རྟོགས་པའི་རྒྱུར་བྱེད། བར་དུ་བསམ་པས་སྒྲོ་འདོགས་གཅོད། ཐ་མར་སྒོམ་པས་ཉམས་སུ་བླངས་ཏེ་འགྲོ་དགོས་བ་ནི་བསྟན་པ་སྤྱིའི་ལྟ་བ་དང་འབྲེལ་བའི་སྤྱོད་པ་ཟེར་གི་ཡོད་པ་རེད། དེ་ ཡང་གཙོ་ཕལ་གྱིས་ཕྱེ་ན་ཐོས་པ་མི་གཙོ་སྒྲུབ་པ་གཙོ་བོ་དང་ལུས་ངག་གི་དགེ་བ་མི་ གཙོ་སེམས་ཀྱི་དགེ་བ་གཙོ་བོར་འཛིན་དགོས་པ་སྤྱོད་པས་འབྱེད་པ་རེད།
དེས་ཕྱིར་དུད་འགྲོའི་རིགས་ལ་ལྟ་སྤྱོད་དེ་དག་མེད་པས་མི་དང་དུད་འགྲོའི་བར་ཁྱད་པར་ཅི་ཡོད་ཟེར་ན། སྤྱིར་དུད་འགྲོའི་རིགས་ལ་རང་ཉིད་སྲུང་སྐྱོབ་དང་ཕན་འདོགས་བྱེད་རང་གི་ལུས་དབང་ཁོ་ནས་བྱེད་པ་ལས་གཞན་ནུས་པ་མེད་ལ། མིས་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་སྲུང་སྐྱོབ་ཆེད་གཞན་ལ་བརྟེན་དགོས་ཀྱི་ཡོད། རྡོ་ཆས་ཀྱི་དུས་རབས་ནས་འཕྲུལ་ཆས་ཀྱི་དུས་རབས་བར་དུ་རང་གི་རྣམ་དཔྱོད་བེད་ སྤྱད་ནས་སྤྱི་ཚོགས་འཕེལ་རིམ་ཞིག་བྱུང་ཡོད་པ་རེད། མིའི་རྣམ་དཔྱོད་ཀྱི་ནུས་པ་འཕེལ་རིམ་ལས་སྤྱི་ཚོགས་ཡར་རྒྱས་དང་བརྟན་རླིང་ཡོང་གི་ཡོད། དུད་འགྲོ་ལ་དེ་ལྟའི་ནུས་པ་ཡོད་མ་ཡིན། ཚོར་ཤེས་ཙམ་ལས་མཛེས་སྣང་དང་ཀུན་སློང། ཕན་སེམས་དང་གནོད་སེམས། རྟོག་དཔྱོད་སོགས་ཕལ་ཆེར་མེད་པ་འདྲ། ཁོ་ཚོ་ལ་རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནུས་པ་མེད་པ་དང་། དོམ་དང་ཕ་ཝང་། ནགས་ཀྱི་འཕྱི་བ། བྱི་བ་སྒོམ་ཆེན་སོགས་དགུན་ཀ་གྲང་ངར་དུས་སུ་གཉིད་དུ་ཡུར་བ་དང་ཁོར་ཡུག་ལ་འདྲིས་འགྱུར་བྱེད་ཆེད་རང་ཉིད་ཀྱི་ལུས་དྲོད་ཉར་ཐུབ་པའི་སྤུ་མཐུག་པོ་དང་པགས་པའི་ནང་ངོས་སུ་ཚིལ་ཞག་ཡོད་པ་དགུན་དུས་སུ་ཟས་ཀྱི་ཚབ་ཏུ་བེད་སྤྱོད་བྱེད་ཀྱི་ཡོད། དུད་འགྲོའི་རིགས་ལ་ཁོར་ཡུག་གི་འགྱུར་ལྡོག་ཚོར་ཤེས་ཐུབ་པའི་དབང་རྩའི་མ་ལག་དང་དབང་ཤེས་ཡོད་པ་དང་། འཛམ་གླིང་གི་ལྷོ་བྱང་སྣེ་མོའི་སེམས་ཅན་གཡག་དང་ཤྭ་བ་དང་དོམ་དཀར་དང་བྱ་པེང་འགེན་སོགས་ལ་གྲང་ངར་གྱི་ཁོར་ཡུག་ལ་བརྟེན་ནས་རང་ཉིད་འཚོ་གནས་ཐུབ་པའི་ཁྱད་ཆོས་ལྡན་པ། དེ་བཞིན་དུ་རྩི་ཤིང་གི་ཁོར་ཡུག་ལ་བརྟེན་པའི་སེམས་ཅན་དོམ་བུ་ལག་རིང་དང་དབྱི་མ་དོམ། ཐང་ལི། རྩངས་པ་མདོག་འགྱུར། སྤྲེལ་སོགས་ལ་སྡེར་མོ་དང་མཚང་རའི་རུས་སྒྲོམ་དེ་ཡིས་རང་ཉིད་ཤིང་སྡོང་ལ་འཛེག་ བྱེད་དང་སྐྱོད་བྱེད་ལ་ཕན་ཐོགས་ཡོད་པ་དང་ཁོ་ཚོར་ནུས་སྟོབས་ཆེ་བའི་རྐང་པ་དང་ལག་པ་ཡོད། ནམ་མཁའི་རླུང་ལ་བརྟེན་པའི་འཕུར་སྐྱོད་བྱེད་མཁན་གྱི་ཁྲ་དང་ཕ་ཝང་དང་ཕྱེ་མ་ལེབ་དང་ངང་པ་ སོགས་ཀྱི་རུས་ཁོག་རྣམས་ཇ་ཚགས་ལྟར་ཨི་ཁུང་མང་པོ་ཡོད་པ་དང། ལུས་ཀྱི་སྤུ་དང་གཤོག་སྒྲོ་རྣམས་ཡང་པོ་ཡོད་སྟབས་གཟུགས་པོའི་ལྗིད་ཚད་ཧ་ཅང་ཡང་པོ་ཡོད་པ་རེད། དེ་ཚོ་ལ་འཕུར་སྐྱོད་ཀྱི་གཤོག་ཟུང་ཡོད་པ་དང་གཤོག་པ་རྐྱང་སྐུམ་བྱེད་པའི་ཤ་རྒྱུས་བརྟན་པོ་ཡོད་པ་རེད། ཆུ་ལ་གནས་བའི་སེམས་ཅན་ཀླུ་མོ་རྣ་རིང་དང་མཚོ་རྟ། ཆུ་གླང་། ཉ་སོགས་ལ་ཆུ་འགོག་ནུས་ཀྱི་པགས་པ་དང་སྒྲོ་ཡོད་པར་མ་ཟད། ལུས་པོ་གྲུའི་དབྱིབས་ལྟར་ཡོད་པ་ཧ་ཅང་མྱུར་པོ་སྐྱོད་ཐུབ་པའི་ཁྱད་ཆོས་ཡོད་པ་དང་། རིགས་ཁ་ཤས་ལ་ཆུའི་ནང་གི་འཚོ་རླུང་ལེན་ཐུབ་པའི་དབང་པོའི་ཁྱད་ཆོས་ཡོད་པ། ཌོལ་ཧྥིན་དང་ཝེལ། ཉའི་རིགས་རྣམས་ཀྱི་རྐང་ལག་ནི་གཤོག་པའི་རྣམ་པར་གྱུར་བ་དེས་ཆུའི་ནང་དུ་སྐྱོད་པར་བེད་སྤྱོད་བྱེད་པ་དང་། སྐམ་མཚོ་གཉིས་ཀར་འཚོ་གནས་ཐུབ་པའི་སེམས་ཅན་ཆུ་སྲིན། རུས་སྦལ། སྦལ་བ། ཆུ་ཕག ཆུ་སྦྲུལ། རྩངས་པ། རྩངས་ པ་མེ་ཐུབ་སོགས་ལ་ཆུའི་ནང་དུ་དབུགས་གཏོང་ལེན་ཐུབ་པའི་རླན་གཤེར་ཅན་གྱི་པགས་པ་ ཡོད་པ་དང་ས་ངོས་སུ་སྡོད་དུས་དབུགས་གཏོང་ལེན་ཐུབ་པའི་གློ་བ་ཡོད་པ་སོགས་དེར་ བརྟེན་གྱི་ཁྱད་ཆོས་ལྡན། མདོར་ན་ཁོ་ཚོ་ལ་རང་ཉིད་འཚོ་གནས་ཀྱི་ནུས་པ་རང་ཉིད་ཀྱི་ལུས་སྟེང་ན་ཡོད་པ་རེད། མི་ལ་ནུས་པ་དུད་འགྲོ་ལས་བརྒྱ་འགྱུར་གྱིས་ལྷག་པ་ཡོད་པ་དང་། རང་ གི་ལུས་སྟེང་ན་རང་ཉིད་འཚོ་གནས་ཐུབ་པའི་ནུས་པ་དུད་འགྲོ་ནང་བཞིན་མེད་ན་ཡང་རང་ གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་གང་དུ་གནས་པའི་ཁོར་ཡུག་སྲུང་སྐྱོབ་ཐུབ་པ་ དང་མདོར་ན་མི་དང་སེམས་ལྡན་ཡོད་དོ་ཅོག་རྩི་ཤིང་ལ་རྟེན་བཞིན་ཡོད་པ་གསལ་བོ་ རེད། སྣོད་ བཅུད་རྟེན་འབྲེལ་རིག་པས་བཤད་པ་ལྟར་རང་བྱུང་གི་ཆོས་ཉིད་འདི་ལ་ནམ་ཡང་འགལ་མི་ རུང་བ་དང་ལུས་རྟེན་གྱི་ཆ་ནས་མི་ལ་བསམ་བློ་དང་དཔྱོད་ཤེས། ཆོས་དང་རིག་གཞུང་གི་རིན་ཐང་བླ་མེད་ཡོད་པ་བེད་སྤྱོད་ཡག་པོ་བཏང་ན་དགེ་མཚན་བླ་ལྷག་ཏུ་ཆེ་ལ། བེད་སྤྱོད་ཡག་པོ་མ་བཏང་ན་དུད་འགྲོ་ལས་སྡུག་པ་ཡོང་ཉེན་ཡོད།
དུད་འགྲོ་ལུས་པོ་ཁྱད་པར་ཅན་དང་མི་ལ་རྣམ་དཔྱོད་ཁྱད་པར་ཅན་ཡོད་རེད་བཅས་པ་འདི་གོང་གི་མཟའ་སྡོམ་ཡིན་པ་འདྲ། ཆུ་ལ་གནས་བའི་སེམས་ཅན་ཀླུ་མོ་རྣ་རིང་དང་མཚོ་རྟ། ཆུ་གླང་། ཞེས་པའི་ཀླུ་མོ་རྣ་རིང་འདི་ངོས་བཟུང་ཐུབ་མ་སོང་། ཆུ་གླང་འདི་ཆུ་ཕག་ལ་ཟེར་རམ།
ཀརྡོ་གཉེར་ཕྱག་པ་ལགས། སྐམ་ས་ལ་སེམས་ཅན་གང་ཡོད་པ་ཕལ་ཆེ་བ་མཚོའི་ནང་ལ་ཡོད་པ་རེད། གང་ཡིན་ཟེར་ན་ཚན་རིག་པ་ཚོས་སེམས་ཅན་དང་རྩི་ཤིང་གི་འབྱུང་ཁུངས་མཐའ་ཡས་རྒྱ་མཚོ་འདི་ཡིན་པར་བཤད་གི་ཡོད་པ་རེད། རིམ་འགྱུར་གྱི་རིག་པས་བཤད་པ་ལྟར་ན་མིའི་སྐྱེ་བ་སྔ་མ་ཧོ་མོ་སྤྲ་དང་དེ་ནས་ཡར་འགྲོ་ན་མཐར་བསྐལ་ཡ་ཐོག་གི་རྒྱ་མཚོའི་འདམ་རྫབ་ལས་སྲིན་འབུ་ཕྲ་རབ་ཅིག་ནས་མགོ་ཚུགས་པར་བཤད་པ་དང་འགྱུར་རིམ་གྱི་བར་བར་ལ་ལོ་ས་ཡ་མང་པོ་འགོར་དགོས་བར་བཤད་ཡོད། ཀླུ་མོ་རྣ་རིང་ཟེར་བ་ཉ་ཆེན་ཝེལ་ཟེར་བ་དེ་རེད་། འཛམ་གླིང་གི་སེམས་ཅན་ཆེ་ཤོས་དང་ལྗིད་ཚད་ཀི་ལོ་གཅིག་འབུམ་བརྒྱད་ཁྲི་དང་། རིང་ཚད་ཁྲུ་བརྒྱ་ཡར་མར། ནུ་གསོ་སེམས་ཅན་གྱི་རིགས་སུ་གཏོགས་ཤིང་ཉིན་གཅིག་ལ་ཁ་ལག་ཀི་ལོ་ཉིས་སྟོང་ཙམ་ཟ་གི་ཡོད་པའི་སེམས་ཅན་ཞིག་རེད།
མིག་བརྒྱད་ལགས།
ཀླུ་མོ་རྣ་རིང་ཟེར་བ་ཉ་ཆེན་ཝེལ་ཟེར་བ་དེ་རེད་། ཅེས་གསལ་གནང་བར་བཀའ་དྲིན་ཆེ་ལགས། ཚན་རིག་གི་བསྐལ་པ་ཡ་ཐོག་རྒྱ་མཚོར་ཐུག་ན། ང་ཚོའི་གཏམ་རྒྱུད་ནང་གི་རྒྱལ་པོ་ང་ལན་ནུས་སོགས་ཀྱི་ལོ་རྒྱུས་བསྐལ་པ་ཡ་ཐོག་དང་། ཚེ་ལོ་དཔག་མེད་ཀྱི་མི་དེ་ཚོ་ཡང་རི་རབ་ཀྱི་གྲལ་དུ་བཅུག་ནས་འགྱངས་ཕུད་གཏོང་དགོས་ཚོད་ཐུག་གམ། ནང་ཆོས་ནས་བཤད་པའི་ལོ་རྒྱུས་དང་ཚན་རིག་གི་འོབ་ཚོད་དཔྱད་འབྲས་གཉིས་མཐུན་ཐབས་ཡོད་དམ་མེད།
འཇིག་རྟེན་ཁམས་ཀྱི་རྣམ་བཞག་བཤད་ཡོང་དུས་མགོ་རྙོག་ཚ་བོ་ཞིག་རེད། ནང་པའི་གཞུང་ནས་ཀྱང་འཇིག་རྟེན་ཁམས་ཆགས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་འདུག་ལ། །རྒྱལ་པོ་མང་བཀུར་ནས་བཟུང་ཤཱཀྱའི་གདུང་རྒྱུད་ཇི་ལྟར་མཆེད་ཚུལ་མདོ་རྒྱ་ཆེ་རོལ་བ་སོགས་ནས་གསུངས་པ་དེར་ཚད་མར་འཛིན་འོས་པ་ཞིག་ལོས་ཡིན། ཡིན་ན་ཡང་འཛམ་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཆགས་ཚུལ་ཞིག་ཨེ་ཡིན་བསམ་མོད། སྲས་སྒྲ་གཅན་འཛིན་རབ་ཏུ་བྱུང་ནས་ཤཱཀྱའི་གདུང་རྒྱུད་ཆད་སོང་བ་རེད། འོད་གསལ་ལྷ་ལས་འགྲོ་བ་མིའི་རིགས་མཆེད་ཚུལ་དང་སྤྲ་དང་སྤྲེའི་ལས་བོད་གངས་ཅན་གྱི་མི་རིགས་མཆེད་ཚུལ་གསུངས་པ་དེ་ཚོ་ལོས་བདེན། ཚན་རིག་གིས་བཤད་པ་དེ་ཚོ་ཡང་རྒྱུ་མཚན་ལོས་ཡོད། འགྲོ་བ་མིའི་མཆེད་ཁུངས་གཅིག་ཡིན་པའི་རྒྱུ་མཚན་ཡོད་པ་མ་རེད། ཚང་མ་འགྲོ་བ་མིའི་སྐྱེ་འཕེན་བྱེད་ཀྱི་ལས་དབང་གིས་གོ་སྒྲིག་བྱས་ནས་ཡོང་བ་རེད། མ་འོངས་པར་ཡང་ལས་དབང་གིས་གོ་སྒྲིག་བྱེད་གི་རེད། །
འཇིག་རྟེན་ཁམས་ཀྱི་རྣམ་བཞག་བཤད་ཡོང་དུས་མགོ་རྙོག་ཚ་བོ་ཞིག་རེད། ནང་པའི་གཞུང་ནས་ཀྱང་འཇིག་རྟེན་ཁམས་ཆགས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་འདུག་ལ། །རྒྱལ་པོ་མང་བཀུར་ནས་བཟུང་ཤཱཀྱའི་གདུང་རྒྱུད་ཇི་ལྟར་མཆེད་ཚུལ་མདོ་རྒྱ་ཆེ་རོལ་བ་སོགས་ནས་གསུངས་པ་དེར་ཚད་མར་འཛིན་འོས་པ་ཞིག་ལོས་ཡིན། ཡིན་ན་ཡང་འཛམ་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཆགས་ཚུལ་ཞིག་ཨེ་ཡིན་བསམ་མོད། སྲས་སྒྲ་གཅན་འཛིན་རབ་ཏུ་བྱུང་ནས་ཤཱཀྱའི་གདུང་རྒྱུད་ཆད་སོང་བ་རེད། འོད་གསལ་ལྷ་ལས་འགྲོ་བ་མིའི་རིགས་མཆེད་ཚུལ་དང་སྤྲ་དང་སྤྲེའི་ལས་བོད་གངས་ཅན་གྱི་མི་རིགས་མཆེད་ཚུལ་གསུངས་པ་དེ་ཚོ་ལོས་བདེན། ཚན་རིག་གིས་བཤད་པ་དེ་ཚོ་ཡང་རྒྱུ་མཚན་ལོས་ཡོད། འགྲོ་བ་མིའི་མཆེད་ཁུངས་གཅིག་ཡིན་པའི་རྒྱུ་མཚན་ཡོད་པ་མ་རེད། ཚང་མ་འགྲོ་བ་མིའི་སྐྱེ་བ་འཕེན་བྱེད་ཀྱི་ལས་དབང་གིས་གོ་སྒྲིག་བྱས་ནས་ཡོང་བ་རེད། མ་འོངས་པར་ཡང་ལས་དབང་གིས་གོ་སྒྲིག་བྱེད་གི་རེད། །
ཚེ་ལོ་དཔག་མེད་དང་། ཚེ་ལོ་བཅུ་པའི་དུས་ཚོད་ཀྱི་མིའི་ལུས་ཚད་དང་ལོ་ཚད། ཚན་རིག་པའི་རྒྱ་མཚོའི་དུད་འགྲོ་ལས་རྐམ་སའི་སྤྲ་མི་ལས་མིའི་འབྱུང་ཚུལ་འདིའི་ནང་ལ་མཛོད་ནས་བཤད་པའི་བསྐལ་པ་བར་གྱི་ཁུག་པའི་བཅོ་བརྒྱད་སོགས་ནང་གི་ཚེ་ལོ་བརྒྱ་པར་སངས་རྒྱས་བཞི་པ་ཤྰཀྱ་ཐུབ་པ་ཕེབས་པ་དང་། གསུམ་པ་སངསརྒྱས་འོད་སྲུངས་འདས་པའི་ཚེ་ལོ་ཁྲིར་ཕེབས་པ་དང་། མ་འོངས་པ་ལ་ལྔ་པ་སངས་རྒྱས་བྱམས་པ་ཡང་མར་སྒྲིབ་རིང་མོ་གཅིག་གི་སྐབས་ལ་ཕེབས་བགྱི་ཡོད་གསུངས་ཡོད་སྙམ་པས་བློ་ངོར་འཆར་དཀའ་ཙམ་མི་འདུག་གམ། དེས་ན་མིའི་ཚེ་ཚད་དང་འཛམ་གླིང་ཚེ་ཚད་སོགས་ཚན་རིག་དང་ཇི་ལྟར་མཐུན་ཐབས་ཡོད་དམ། མིག་བརྒྱད་སོགས་ལ་འདྲི་འདོད་བྱུ་ངོ་། །
ཐམས་མཁྱེན་པའི་བཀའ་གནང་བ་ལ་རབ་ཏུ་མོས།
རེད། ཆོས་མངོན་པ་མཛོད་ལས་བཤད་པའི་ཚེ་ལོ་ཡར་འཕེལ་དང་མར་འགྲིབ། ཁུག་པ་བཅོ་བརྒྱད། བར་བསྐལ་བརྒྱད་ཅུའི་རྣམ་བཞག་དེ་ཚོ་དང་། མདོ་ལས་ཀྱང་གདུལ་བྱ་ཐེ་བོང་ཙམ་ལ་སངས་རྒྱས་ཁྲུ་གང་ཙམ་གྱིས་ཆོས་འཁོར་བསྐོར་བ་སོགས་དང་། གཟུགས་ཁམམས་ཀྱི་ལྷ་ཡིས་བལྟས་ཚེ་འདོད་ཁམས་ཀྱི་མི་རྣམས་ཡོངས་འབྲུ་ཙམ་ཞིག་ལས་མེད་པ། ཚེ་ལོ་དཔག་མེད་དང་ཚེ་ལོ་བཅུ་བའི་མིའི་ཚེ་ལ་རིང་ཐུང་གི་ཁྱད་པར་ཆེན་པོ་ཡོད་པ་དེ་དག་ལ་ཚན་རིག་པས་འགྲེལ་བཤད་གང་ཡང་དབེན། རྫས་ཀྱི་ནུས་པ་དང་ལས་སྨོན་སྟོབས་གྱིས་འདི་ལྟར་འོངས་བ་རེད། ཚན་རིག་པས་བཤད་ན་དུས་དང་བར་སྣང་ལ་ཁུག་པ་ཡོད་ཚུལ་དང་ཚན་རིག་པས་རང་བྱུང་ཁམས་ཀྱི་གསང་བ་བརྒྱ་ཆའི་གཉིས་ཙམ་མ་གཏོགས་ཤེས་ཐུབ་ཡོད་པ་མ་རེད་ཟེར། གཅིག་བྱས་ན་གསང་བ་དེ་དག་དེའི་ནང་དུ་ཚུད་ཡོད་ཤག །འཛམ་བུ་གླིང་ངོས་འཛིན་པའི་ཐད་ལའང་མི་མཐུན་པ་དང་ཨ་རི་སོགས་ནི་རྒྱ་མཚོ་ཆེན་པོས་བར་དུ་ཆོད་པས་མཚོ་མ་དྲོས་བ་འཛམ་བུའི་གླིང་གི་ཆུ་བོའི་འབྱུང་ཁུངས་སུ་བཤད་པ་ལྟར་ན་སངས་རྒྱས་བྱོན་དུས་ཀྱི་འཛམ་བུ་གླིང་ནི་རྒྱ་གར་ཡིན་ནམ་སྙམ། མཛོད་ལས་ནམ་མཁའ་སྟོང་བ་ལས་འོག་གཞིའི་རླུང་གི་དཀྱིལ་འཁོར་དང་དེ་ནས་ས་ཆུ་འབྱུང་བ་རིམ་བརྩེགས་ལས་རི་རབ་ལྷུན་པོ་དང་གསེར་གྱི་རི་བདུན། རོལ་བའི་མཚོ་བདུན། ཕྱིའི་རྒྱ་མཚོ་དང་ནང་གི་རྒྱ་མཚོ། གླིང་བཞི་གླིང་ཕྲན་བརྒྱད་ཆགས་ཚུལ་བཤད་པ་དང་། ད་ལྟའི་ཚན་རིག་པས་འཇིག་རྟེན་ཁམས་ཀྱི་རྣམ་བཞག་བཤད་པ་ལས་ང་ཚོའི་འཛམ་གླིང་འདི་དང་པོར་མེའི་ཕུང་པོ་ཞིག་ཡིན་པ་ལས་རིམ་གྱིས་འགྱུར་ནས་བསམ་ཡུལ་ལས་འདས་པའི་ཚེ་སྲོག་གི་འབྱུང་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་བཤད་པ་འདི་ལ་བསམ་ན་ཡང་ལས་ཀྱི་ཐོག་ནས་འགྲེལ་བཤད་མ་བརྒྱབ་ན་ཁག་པོ་རེད། འཛམ་གླིང་འདི་ཉི་མའི་ཁྱིམ་རྒྱུད་ཀྱི་དཀྱིལ་དབུས་ན་ཡོད་པས་ཚ་གྲང་སྙོམས་པ་དང་དེའི་སྟབས་ཀྱིས་འཚོ་གནས་ཐུབ་པར་བཤད་ལ། ཡིན་ཡང་ཐོག་མའི་ཚེ་སྲོག་དེ་གང་ནས་བྱུང་། རྒྱུ་མེད་རྐྱེན་མེད་ལས་བྱུང་བར་ཚན་རིག་པས་མི་འདོད་ལ་ནང་པས་ཀྱང་མི་འདོད།
བསམ་ཚུལ་གསལ་བཤད་ལ་དགའ་སྒོམ་ཡོད་ལགས། ཐུགས་རྗེ་ཆེ།
༼ཚུར་ཕྱོགས་འདིར་ང་རང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོ་བོད་ཡིག་སྐྱོ་བ་འདུག བོད་སྤྱི་དང་ལྷག་པར་མདོ་སྨད་ཁུལ་ནས་བོད་ཡིག་ནང་རྩོམ་ཡིག་དང་དེབ་བྲིས་པ་དེ་ ཚོའི་གྲས་བོད་ནང་ནས་གང་ཙམ་ཡོང་གི་འདུག ང་ཚོ་རང་དབང་ལུང་པའི་ནང་ལ་ད་དུང་ཐོན་ཐུབ་ཀྱི་མི་འདུག་སྐྱོ་པོ་འདུག དེ་ཚོའི་གྲས་ལ་ང་ཚོས་རིག་པ་བསྒྲིམ་ཏེ་ཤུགས་རྒྱག་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་ པོ་རེད།༽
གོང་ས་སྐྱབས་མགོན་ཆེན་པོས་བོད་ཡིག་གི་རྩོམ་དང་དེབ་སྐོར་ལ་ད་དུང་མང་ཙམ་གསུང་རྒྱུའི་གསོལ་འདེབས་ཞུ། ང་ཚོའི་མི་རིགས་འདི་ཉལ་ས་ནས་ཡོངས་སུ་ལང་དགོས་ན། རང་གི་རྐང་པའི་སྟེང་ལངས་ཏེ་འཛམ་གླིང་སྐོར་དགོས་ན། རྣམ་དཔྱོད་ལྡན་པའི་དུས་རབས་ཉེར་གཅིག་པའི་གངས་ཅན་པ་ཞིག་ཆགས་དགོས་ན། དགྲ་བོ་དམར་པོ་ལས་རྣམ་པར་རྒྱལ་དགོས་ན། ངེས་པར་དུ་རྩོམ་རིག་དང་རྩོམ་དེབ་འབྲི་ཀློག་ལ་གོམས་འདྲིས་ཤུགས་ནན་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོར་མཐོང་།
མ་ཟད་རྒྱུན་ལྡན་བཀའ་སློབ་འཁྲོད་བོད་ཡིག་ཐོག་རྩོམ་ཡིག་འབྲི་ཀློག་ཐད་ལམ་སྟོན་བཀའ་སློབ་གང་མང་མང་གནང་ན་ཅི་མ་རུང་སྙམ། ཁྱད་པར་དུ་རང་མི་རིགས་ལ་ལར་ཞེན་ཅན་གྱི་རྩོམ་པ་པོ་དག་ལ་གཟེངས་བསྟོད་དང་སེམས་ཤུགས་སྤོར་བའི་ཞལ་གསུང་བྱིན་རླབས་ཅན་ཉུང་དྲགས་པའི་ཚོར་སྣང་བྱུང་དང་འབྱུང་བཞིན་མཆིས།
གྲོགས་པོ་དག་ལས་ཤེས་འདོད་པ་ནི། ད་བར་བོད་མིའི་ཚན་རིག་པ་བྱུང་མྱོང་ཡོད་དམ། ཡོད་ན་ཁོང་གིས་གསར་གཏོད་གང་ཞིག་གནང་ཡོད་པ་སོགས་ངོ་སྤྲོད་ཅིག་གནང་རོགས། ནང་ཆོས་རིག་པ་ལ་བརྟེན་ནས་ང་ཚོས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་དུ་མ་ཞིག་བསྟན་དུ་ཡོད། འོན་ཀྱང་ཚན་རིག་སྦྱངས་པའི་གྲུབ་འབྲས་ཤིག་བསྟན་རྒྱུ་མེད་ན་་་་་་་་་་་་་་་་་།
དཔེ་དེབ་ལྟ་ཀློག་ལ་གོམས་གཤིས་མེད་པའི་མི་རིགས་འདི་ཅི་འདྲའི་སྐྱོ་བ་ལ་ཨང་།
ད་ལོའི་དུས་འཁོར་དབང་ཆེན་སྐབས་སུ་རྒྱལ་བ་དོན་གྱི་བདག་པོས་འདིའི་ཐད་བཀའ་སློབ་ལམ་སྟོན་གནང་ན། ཏན་ཏན་ཕན་ཐོགས་ཆེན་པོ་ཡོང་ངེས་སྙམ།