རྩོམ་པ་པོ། ཨ་འཇམ། འཇིགས་མེད་ཀྱིས་འོས་སྦྱོར་བྱས།
གཅིག
འུ་ཚོས་རྒྱུན་དུ་རྒྱལ་རབས་གླེང་དུས་ཉག་ཁྲི་བཙན་པོའི་(གཉའ་ཁྲི)འཕྲུལ་སྒྲུང་ལྟ་བུ་ཞིག་ནས་འགོ་རྩོམ་བཞིན་ཡོད། བོད་ཀ་གཡག་དྲུག་ཅེས་རྒྱལ་ཁམས་ཆེན་པོ་ལྟ་བུ་ཞིག་ནས་དཀྱུས་ལ་འཇུག་བཞིན་ཡོད། དོན་དུ་འུ་བུ་ཅག་གིས་བོད་ཀ་གཡག་དྲུག་ཅེས་པ་ནི་ད་ལྟའི་མདོ་དབུས་ཁམས་གསུམ་གྱི་བཀོད་པ་ཆེན་པོ་འདི་ཉིད་བསྒོམས་ཏེ་དུང་ཞེན་གྱིས་གླེང་བས། འདས་པའི་གནས་ལུགས་དང་བདེན་པའི་ཟུར་ངོས་འགའ་རབ་རིབ་ཏུ་གྱུར་བའི་སྣང་ཚུལ་ཞིག་ཀྱང་མཆིས།
གཉིས་པ།
བོད་ཀ་གཡག་དྲུག་ནི་ལོ་རྒྱུས་ཀྱི་སྲོག་སྙིང་ལྟ་བུའི་ས་ཚིགས་ཤིག་ཏུ་གོ་ཆོག་ནའང་། མཐའ་ཀླས་པའི་རྒྱལ་ཁམས་ཆེན་པོ་ཞིག་ནི་མིན་ཏེ། ཐ་ན་རྒྱལ་ཕྲན་སིལ་མའི་ཁྲོད་དུའང་། ཡུལ་དབྱེ་མོ་ཡུལ་བཞྀ་ན། རྗེ་དབྱེ་རྗེའྀ་མཁར་པ། བློན་པོ་དབོ་དང་རྟུག་གཉིས། ཞེས་པའམ། ཡང་ན། ཡུལ་ལྷོ་ག་ལང་དྲུག་ནའ། ལྷོ་བླའི་གང་རྒྱལ། རྗེ་ལྷོ་རྗེ་ལང་ལྀང་། བློན་ལྷོ་བློན་ཐོག་སྣར། ཞེས་ལྷོ་ཁ་ཕྱོགས་ཀྱི་རྒྱལ་ཕྲན་དག་ལས་ཀྱང་བོད་ཀ་གཡག་དྲུག་ནི་དེ་བས་གུད་ན་ཡོད་པར་གདའ། ཡིན་ནའང་། སྐབས་དེར་བོད་ཀ་གཡག་དྲུག་གི་ཁོར་ཡུག་དང་ས་གཤིས་ཅུང་ལེགས་པར་སྣང་སྟེ། ཉག་ཁྲི་བཙན་པོ་ཐོག་མར་ཕེབས་སྐབས་ཀྱི་གནའ་ཡིག་ཏུའང་། ཤྀང་སྡོང་པོ་ཡང་བང་ཐང་ཐང་། ཆབ་ལུ་མ་ཡང་དངོ་སིལ་སྀལ། ཞེས་པས་ཤེས་སླ། དེ་ལྟ་བུའི་ཁོར་ཡུག་ཀྱང་ནང་སེམས་ཀྱི་དབང་དུ་འགྲོ་བའང་ཡོད་དེ། གནའ་ཤོག་དྲིལ་མ་རུ། དྲི་གུམ་བཙན་པོ་བཀྲོངས་རྗེས། ཡུལ་ཡབ་ཀྱི་རྗེ་མྱི་བཞུགས་ན། པྱི་འབྲོག་གདེངས་པྱོལ་པྱོལ་གྱི་ཆའོ།། དོག་ཡབ་ཀྱི་ཆར་མ་མཆིས་ན། ས་འོན་བུ་སྤུར་ཁོག་ཁོག ཅེས་ཐལ་མདོག་གི་ཉམས་སྣང་ཞིག་ཀྱང་མངོན་པར་བྱས་ཡོད། གང་ལྟར་བོད་ཀ་གཡག་དྲུག་ནི་ཡུལ་ལྷོ་ཁའི་རུ་སྡེ་ཞིག་ཏུ་གོ་ན་མི་ཆོག་གང་ཡང་མེད་ཀྱང་། སྡེ་མིང་དེ་དང་དེའི་དབང་སྡུད་ཀྱི་ཁྲོད་ནས་རིམ་གྱིས་ཆེན་པོ་བོད་ཀྱི་རྒྱལ་ཁམས་གྲུབ་ཅིང་མིང་ཡང་དེ་ལྟར་དུ་ཐོགས་པ་སུ་ཡིས་བསྙོན་ཐུབ།
གསུམ་པ།
བོད་ཀ་གཡག་དྲུག་ཅེས་པའི་མིང་ནི་སྒང་བ་བོད་ཀྱི་མིང་ཡིག་གི་ཐོག་མ་ཡིན་ལ། དེ་ཡང་བོད་ཀ་དང་གཡག་དྲུག་ཅེས་སོ་སོར་འཕྲལ་ཏེ་བརྟག་ན་ཤེས་སླ་བ་ཞིག་ཀྱང་ཡིན། བོད་ཀ་ཅེས་པ་ཡང་དང་ཐོག་རུས་སམ་སྡེ་ལ་ཐོགས་པའི་མིང་ལས་གཞན་མིན་ཏེ། བོད་ཀ་ཞེས་པའི་ཀ་ནི་མིང་གི་ཆ་ཤས་ཡིན་པ་ཤིན་ཏུ་གསལ། འདི་ལྟ་བུའི་མིང་ནི་སྔར་གྱི་སྐད་བརྡའི་ཁྲོད་དུ་མང་སྟེ། ཡིག་རྙིང་མོ་ཡིག་ཏུའང་། ལྷོ་ག་དང་བྱང་ཀ་གཉིས།། གཡང་མོ་ནི་བྱང་ནི་འཕན།། ཞེས་མིང་གི་ཆ་ཤས་ག་དང་ཀ་ཞེས་འཇོག་པའི་སྲོལ་མཆིས། གཙོ་བོ་སྐབས་དེ་དུས་ཀྱི་སྐད་ཆའི་སྲོལ་གའི་འགྲོས་ལ་དཔྱད་འཇུག་བྱེད་ན་དོན་གྱི་གནས་ལུགས་ཤིག་རྙེད་ཐུབ། ཡང་མོ་ཡིག་རྙིང་བར། ཀྱེ་ངང་ངུར་ནི་གསེར་མ་གཡུ།། མཐིང་བྲང་ནི་ཆབ་ག་རྐྱེན།། ཞེས་ཆབ་ལ་ཆབ་ག་ལྟ་བུ་འབོད་པ་དང་། དེ་བཞིན་ཁྲི་ལྡེ་གཙུག་བཙན་གྱི་དོན་ཆེན་ལོ་ཚིགས་སུའང་། སྟགྀ་ལོ་ལ། བཙན་པོའི་ཕོ་བྲང་དབྱརད་དྲོན་གྱྀ་མང་སྟེ་ལུང་ན་བཞུགས། ཆད་ཀ་བཅད། ཅེས་པའི་ཆད་ཀ་དང་། ད་དུང་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུའང་། ཡུལ་ཡུལ་དུ་ཆད་ཀ་བགྲངས། ཞེས་པ་ལྟ་བུ་མིང་གི་ཆ་ཤས་སུ་ཀ་དང་ག་ཞེས་པ་ཡང་ཡང་འབྱུང་བ་ལྟ་བུ་ནི་གནའ་བོའི་སྐབས་དེའི་མིང་བརྡའི་དར་རྒྱུན་གྱི་སྤྱི་འགྲོས་ཤིག་ཀྱང་ཡིན། སྲོལ་དེའི་རྒྱུན་ནི་དེང་སྐབས་ཀྱང་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་སོགས་ལ། དབྱར་ག དགུན་ཁ། སྟོན་ག དཔྱིད་ཀ་ཟེར་བ་ལྟ་བུའི་མཚོན་པར་མ་ཟད། བོད་དང་ཡུལ་གྲུ་ཤིན་ཏུ་ཉེ་བའི་འབར་མ་སོགས་མིག་ལ་མིག་ཀ་དང་ལག་ལ་ལག་ཀ་ཞེས་པ་ཡང་སྐད་རྒྱུན་འདི་ལྟ་བུའི་ཤུགས་རྐྱེན་ཕྲ་མོའི་རྗེས་ཤུལ་ཞིག་ཏུ་གོ་བ་བླང་ཆོག
གང་ལྟར་བོད་ཀ་ཅེས་པ་ལས་རིམ་གྱིས་བོད་ཅེས་སྟབས་བདེར་འབོད་སྟངས་བྱུང་བ་ཏུན་ཧོང་ཡིག་རྙིང་ཤེས་ཐུབ་པ་ནི། གདུང་སྤུ་བོད་དང་སྤུ་རྒྱལ་དུ་གསོལ། ཞེས་སྤུ་བོད་ཅེས་བསྡུས་ཤིང་གཞན་དུ་སྦྱར་ཏེ་འདོགས་སྲོལ་ཡང་བྱུང་ངོ་།། དེ་ལྟར་ཆབ་སྲིད་ཀྱི་སྟོབས་ཤུགས་རྒྱས་པ་དང་མཉམ་དུ་ཉེ་འཁོར་གྱི་རྒྱལ་ཕྲན་དག་གི་མིང་གི་ཆ་ཤས་སུའང་བསྡུས་ཤིང་སྦྱར་བ་ནི་ཕྱིས་ཀྱི་གནམ་རི་སྲོང་བཙན་དུས་སུ། ཁྱུང་པོ་སྤུང་སད་ཀྱིས་རྩང་བོད་ཀྱི་རྗེ་བོ་མར་མུན་མགོ་བཆད་དེ། རྩང་བོད་ཁྱིམ་ཉི་གྲི་བཙན་པོའི་པྱག་དུ་པུལ་ཏེ། ཞེས་རྩང་ལའང་རྩང་བོད་ཅེས་བོད་དྲས་ཏེ་སྦྱོར་སྲོལ་བྱུང་བ་དེ་ལྟར་རོ།། གཞན་དུ་ན་སྔར་རྒྱལ་ཕྲན་སིལ་མའི་སྐབས་ཀྱི་རྩང་(དེ་དུས་གཙང་ཞེས་པ)ལ་རྩང་བོད་མི་ཟེར་ཏེ། ཡིག་རྙིང་དུ། མྱང་རོའི་ཕྱེད་ཀར་ན། རྗེ་རྩང་རྗེའི་ཐོད་ཀར། བློན་པོ་སུ་དུ་དང་གནང་གཉིས། ཞེས་དང་། གཞན་ཡང་། ཡུལ་ཁ་ལ་རྩང་སྟོད་རྩང་གྱི་དངོ་མཁར་གྱྀ་ནང་ནའ། ལྷ་རྩང་ལའི་བྱེའུ། རྗེ་རྩང་རྗེའི་ཕྱྭའ། ཞེས་པའི་མིང་བརྡ་དག་ལས་རྩང་དང་བོད་ཅེས་པའི་མིག་ཡིག་བར་གྱི་འབྲེལ་བ་ཡང་དཔག་ཐུབ། ཕྱིས་སུ་སྤྱི་ལོ༧༦༣ ལོའི་ལྷ་སའི་ཞོལ་རྡོ་རིང་སོགས་སུ། བོད་མགོ་ནག་པོའི་སྲིད་ནྀ་འཁྲུག་དུ་བྱེད་པ། ཅེས་བོད་ཅེས་པ་ཁེར་ཚུགས་ཀྱི་བརྡ་དོན་ཡོངས་སུ་མངོན་པའོ།།
དེས་ན་བོད་ཀ་གཡག་དྲུག་ཅེས་པ་ལས་གཡག་དྲུག་ཅེས་པ་བསྐྱུར་ཏེ་འགྲེལ་དོན་ཅི་ཞེ་ན། སྐབས་འདིའི་མིང་བརྡ་རིང་མོ་ལས་བོད་ཅེས་པ་གཙོ་བོ་ལས་གཞན་ནི་ཕལ་བར་སྨྲ་བ་ནི་རྣར་མི་འགྲོ་བའི་དོན་ཞིག་ཡིན་སྲིད་ཀྱང་། གནའ་བོའི་མིང་བརྡའི་ཁྱད་ཆོས་རེ་རེ་ནས་སྐབས་དེའི་སྤྱི་ཚོགས་ཀྱི་སྐད་བརྡའི་འགྲོས་རིམ་དང་། བསམ་བློའི་འཁྱེར་སོ་བཅས་ཀྱང་རྟོགས་དཀའ་བ་ཅི་ཡང་མིན་ཏེ། གཡག་དྲུག་ཅེས་པ་ནི། མིང་བརྡའི་གྲུབ་ཆ་གཙོ་བོ་མིན་པར་ཚིག་རྒྱན་ལྟ་བུའི་ཁྱད་ཆོས་ཤིག་འདྲེས་ཡོད་པར་སྙམ། དེ་ཡང་གཏན་དུ་ནང་དོན་མེད་པའི་ཚིག་རྒྱན་འབའ་ཞིག་ཀྱང་མིན་ཏེ། སྐབས་དེའི་ཁོར་ཡུག་གི་རྒྱལ་ཕྲན་མང་བོའི་མིང་གི་ཆ་ཤས་སུ་གྲངས་ཀྱིས་བཏགས་ཡོད་དེ། དཔེར་ན། ཡུལ་ངས་པོའི་ཁྲ་སུམ་ན། ཞེས་དང་། ཡང་ན། ཡུལ་དབྱེ་མོ་ཡུལ་བཞི་ན། ཞེས་དང་། ཡུལ་རྔེགས་ཡུལ་གྲུ་བཞྀ་ན། ཞེས་དང་། ཡུལ་ཀླུམ་རོའི་ཡ་སུམ་ན། ཞེས་དང་། ཡུལ་དགས་ཀྱི་གྲུ་བཞི་ན། ཞེས་པའམ། ཡུལ་མཆྀམས་ཡུལ་གྱི་དགུ་ཤུལ་ནའ། ཞེས་དང་། ཡུལ་སུམ་ཡུལ་གྱི་ཡ་སུམ་ན། ཞེས་སོགས་སྐབས་དེའི་རྒྱལ་ཕྲན་དག་གི་མིང་གི་ཁྱད་ཆོས་དམིགས་བསལ་བ་ཞིག་ནི། ཁྲ་སུམ་དང་ཡུལ་བཞི། གྲུ་བཞི། དགུ་ཤུལ་ཞེས་པ་ལྟ་བུའི་གྲངས་སུ་བགྲང་སྲོལ་ཡོད་པས། བོད་ཀ་གཡག་དྲུག་ཅེས་པའི་གཡག་དྲུག་ལའང་གྲངས་ཀྱིས་བཏགས་པའི་མཛེས་རྒྱན་ཞིག་ཏུ་སྤྱད་པའང་ཤུགས་ལས་རྟོགས་ཐུབ་པོ།།
དེས་ན་གཡག་དྲུག་སྦྱར་བ་ནི་མཛེས་རྒྱན་ལས་རྒྱུ་མཚན་རྦད་དེ་མེད་པའང་མིན་ཏེ། སྐབས་དེར་ཉག་ཁྲི་བཙན་པོ་(གཉའ་ཁྲི) ལྷོ་ཁ་ཕྱོགས་སུ་སླེབས་པའི་ཡིག་རྙིང་དུ། ཆུ་རབས་ཀྱི་ནང་ན་ནི་ཡར་ཆུ་སྔོན་པོ་ཆེ། ཡར་ལྷ་ཤམ་པོ་ནི་གཙུག་གྀ་ལྷའོ།། ཞེས་ཡར་ལྷ་ཤམ་པོ་ནི་ཉག་ཁྲི་བཙན་པོའི་སྐུ་ལྷ་རུ་བཀུར་བར་མ་ཟད། ཡར་ལྷ་ཤམ་པོ་གཡག་དཀར་པོ་ཞིག་ཡིན་ཚུལ་ལོ་རྒྱུས་སོགས་ལས་ཤེས་པར་མ་ཟད། དྲི་གུམ་བཙན་པོ་དང་ལོ་ངམ་གཉིས་གཡུལ་གྱེས་སྐབས་ཀྱང་། གཡག་ཏུ་དྲུང་ཕོད་དམ། ཞེས་ཡར་ལྷ་ཤམ་པོའི་ཉེ་དྲུང་སྟོན་པའི་སྐབས་སུ་གཡག་ཅེས་དངོས་སུ་བརྡ་སྦྱར་བས་ད་གཟོད་གཡག་ནི་རིན་ཐང་ཆེ་ཞིང་སྐུ་ལྷ་དང་འབྲེལ་བས། རང་ཉིད་ཀྱི་གཞིས་ཀའི་མིང་གི་ཆ་ཤས་ལ་གཡག་དྲུག་ཅེས་པའང་རྒྱུ་མཚན་མེད་པའང་མིན། སྐབས་དེའི་རིག་གནས་ཀྱི་སྣང་ཚུལ་གཞན་ཞིག་ནས་བསམ་ནའང་ཕྱྭ་ཡིས་དམུ་རྗེ་བསྐོ་བར་ཕོ་ཉ་བཏང་སྐབས་ཀྱི་ཡིག་རྙིང་དུ། ལྷ་འབྲི་ཟལ་མོ་མཆིས་སམ་མ་མཆིས། ལྷ་གཡག་ཤམ་པོ་མཆིས་སམ་མ་མཆིས། ཞེས་པ་སོགས་ཀྱིས་སྐབས་དེའི་གཡག་ལ་འཛིན་པའི་རིག་གནས་ལྟ་ཚུལ་ནི་རང་ག་བ་ཞིག་མིན་པ་ཤེས་སླ་བས། ད་གཟོད་ཉག་ཁྲི(གཉའ་ཁྲི)བཙན་པོའི་གཞིས་ཀ་སྟེ་བོད་ཀ་ལའང་གཡག་དྲུག་ཅེས་རྒྱལ་ཕྲན་གཞན་ལྟར་མིང་གི་འབོད་སྟངས་རིང་མོ་འདི་ཉིད་བྱུང་བར་མངོན་ནོ།།
བཞི་བ།
ལོ་རྒྱུས་ནི་དུས་སྐབས་དེ་དང་དེའི་རྒྱང་ཁད་ཉེ་བའི་དཔང་རྟགས་དག་བསྡུར་ཏེ་དཔྱོད་པ་ལས། དེ་རིང་གི་འུ་ཚོའི་དུས་ཚོད་དང་འཚོ་བའི་ཁོར་ཡུག་གིས་བཀབ་ཅིང་དུང་ཞེན་གྱིས་གླེང་ཚེ་བོད་ཀ་གཡག་དྲུག་ཀྱང་གནའ་གཏམ་རིང་མོའི་ཁྲོད་ཀྱི་རྒྱལ་ཁམས་ཆེན་པོ་ཞིག་ལས་དོན་གྱི་སྙིང་བོ་དེ་ག་ཙམ་དུ་ཟད་དོ།།
༢༠༡༤ ༡༡ ༢༥ ལ་བྲིས།
སྔོན་གྱི་ཡིག་རྙིང་རྣམས་སུ(བོད་ཀ་གཡག་དྲུག་དང་།)(བོད་ཀ་གཡའ་དྲུག་)ཅེས་འབྲི་སྲོལ་མི་འདྲ་བ་གཉིས་བྱུང་འདུག་པས་གང་ཞིག་དག་མིན་དཔྱད་གཞི་ཡིན། ཡིག་རྙིང་དག་ཏུ་གཡག་དྲུག་ཅེས་པའང་གཡག་གི་མིང་དང་སྐད་གདངས་མཚུངས་པའི་ཆ་ནས་བྲིས་བྲིས་པ་མ་གཏོགས་དོན་དངོས་སུ་ཡི་གེའི་དག་ཆ་གཅིག་ཏུ་འདི་ཡིན་པའི་ཁ་ཚོན་གཅོད་དཀའ། རྒྱུ་མཚན། འདི་ལ་སྲོལ་མི་འདྲ་བ་འགའ་བྱུང་ཡོད་པས་ཡིན།
ཡང་གཅིག་བཤད་ན། རྗེ་ཉག་ཁྲི་བཙན་པོའི་སྐབས་དང་དེའི་ཡར་སྔོན་དུ་སྤྱོད་བཞིན་པའི་ཡུལ་དང་མིའི་མིང་བརྡ་ཕལ་མོ་ཆེ་ནི་བོད་ཀྱི་བརྡ་རྙིང་ངམ། ཞང་སྐད་ཡིན་ལ། (བོད་ཀ་གཡའ་དྲུག་)ཞེས་པའང་ཞང་སྐད་ཅིག་མིན་པའི་ཐག་ཆོད་སུས་ཀྱང་བྱེད་དཀའ། དེར་བརྟེན་མིང་བརྡ་འབྲི་གཡག་གི་གཡག་ལ་གོ་བ་ལེན་རྒྱུ་ལས་བརྡ་རྙིང་ཞིག་ཏུ་ངོས་འཛིན་བྱས་ན་ཅུང་བློ་ངོར་བདེ་སྙམ།
ཡུལ་ལྷ་དེ་གཡག་དཀར་པོར་སྤྲུལ་པའམ། གཡག་དཀར་པོར་མིའི་མིག་ལམ་དུ་སྣང་བ་ལས། ཡུལ་ལྷ་དེ་གཡག་རེད་ཅེས་ཟེར་ན་ནོར་བ་ཆེན་པོ་རེད།
རྒྱལ་ཕྲན་སིལ་མའི་སྔོན་དུ་དེ་དག་གཅིག་གྱུར་གྱི་མིང་ལ་བོད་ཁ་ཉ་དྲུག་གམ་བོད་ཁ་གཡག་དྲུག་སོགས་འབྱུང་གིན་འདུག་པས་མཐའ་གཅིག་ཏུ་ཡུལ་ཕྲན་ཆུང་ཆུང་ཞིག་ཏུ་ཁ་ཚོད་གཅོད་དཀའ་བ་འདྲ།