འཇིགས་བྲལ་བསྟན་འཛིན།
ཁ་སྔོན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་རེ་སྐུལ་གྱི་སྐོར་ལ་བསམ་ཚུལ་ཞིག་སྤེལ་བའི་ནང་ཅུང་མངོན་གསལ་དོད་པོས་མི་རིགས་ས་ཁོངས་རང་སྐྱོང་གི་དགོས་འདུན་སྒྲུབ་ཕྱོགས་ཀྱི་ཕྱི་ནང་ལག་ལེན་ཁག་ཅིག་ལ་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་པ་ཡིན། བསམ་ཚུལ་སྤེལ་མཁན་གྱི་ངོས་ནས་བཤད་ན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་དེའི་འགྲེལ་བརྗོད་ཀྱི་དགོས་འདུན་རེ་སྐུལ་ལ་རྒྱ་ནག་དམར་གཞུང་ནས་བརྡ་ལན་ཅི་ཡོང་གི་ཚོད་དཔག་གསལ་ཙམ་ཡང་བྱེད་ཐུབ་ཀྱི་མེད་བཞིན། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་པའི་བློས་གཏོང་བྱེད་ཕྱོགས་དེ་ཚོ་འགྲིག་མི་འདུག་ཅེས་བརྗོད་ཀྱི་ཡོད་པ་མ་ཟད། གལ་སྲིད་བོད་ལ་མཐའ་མའི་ཐབས་ལམ་དེ་ལས་རྩ་བ་ནས་མེད་པ་ཡིན་ན་རྒྱ་ནག་གཞུང་ལ་ཕུལ་བའི་ཡིག་ཆའི་ནང་དོན་དེ་གཞིས་བྱེས་མི་མང་ལ་དམར་དམར་རྗེན་རྗེན་བྱས་ཏེ་ངོ་སྤྲོད་ཀྱིས་ལག་ལེན་བྱེད་དུ་འཇུག་དགོས་ཀྱི་འདུག་ཟེར་གྱི་ཡོད། གཤམ་ལ་བསམ་ཚུལ་སྤེལ་མཁན་གྱི་ངོས་ནས་རྣམ་འགྱུར་འདི་འདྲ་ཞིག་སྟོན་དགོས་པའི་རྒྱུ་མཚན་འགའ་ཀློག་པ་པོར་བསམ་བློ་བརྗེ་རེས་དང་བསམ་ཚུལ་བསྡུ་ལེན་གྱི་ཆེད་དུ་སྤེལ་ཡོད། བོད་ཀྱི་བདག་དབང་གི་གནད་དོན་དང་འབྲེལ་བའི་བོད་ཀྱི་དྲི་བ་དེ་རྒྱལ་སྤྱིའི་སྤྱི་ཚོགས་སྤྱི་དང༌། ལྷག་པར་ཨེ་ཤ་ཡའི་ཆབ་སྲིད་ཀྱི་དཀྱིལ་འཁོར་ནང་གལ་གནད་ཆེ་བའི་དྲི་བ་ཞིག་ཡིན། དྲི་བ་འདི་བོད་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་ཁྲོད་ནས་ཐོན་པའི་དྲི་བ་ཞིག་དང༌། མ་འོངས་པའི་དུས་ཡུན་ནང་བོད་དེ་ལོ་རྒྱུས་ཙམ་དུ་གྱུར་ན་ཡང་ལྷག་ངེས་པའི་དྲི་བ་ཞིག་རེད། དེ་ཡང་ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་ཁབ་སུམ་ཅུ་སོ་གཉིས་ལས་གྲུབ་པའི་ཨེ་ཤ་ཡའི་རྒྱལ་འདུས་ཚོགས་ཆེན་ཐོག་རྒྱ་གར་གྱིས་བོད་དེ་རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་ཏུ་ངོས་འཛིན་གྱིས་གདན་ཞུས་མགྲོན་འབོད་ལྟར་སྐུ་ཚབ་ཚོགས་ཞུགས་བྱས་པ་དང་། ཕྱི་ལོ་ ༡༩༥༠ ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་དབྱིན་ཇི་དང་རྒྱ་གར་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་སྟེང་བོད་ཀྱི་ཁྲིམས་མཐུན་གྱི་གནས་བབ་དེ་ནི་གསལ་ཁ་མེད་པར་བཤད། འོན་ཀྱང་བོད་ཀྱི་དྲི་བ་འདིས་དུས་ཚོད་རིམ་གྱིས་འགྱུར་བའི་གནས་སྟངས་བཟང་ངན་འོག་བོད་ཀྱི་ཁྱིམ་མཚེས་ཚོར་ཁེ་གྱོང་གཉིས་ཀའི་གནས་བབ་ལ་ཡང་ཡང་བསམ་བློ་གཏོང་དགོས་པ་བཟོ་བཞིན་ཡོད་ཅིང༌། བོད་ཀྱི་དྲི་བ་འདི་ནི་བོད་ཀྱི་ཁྱིམ་མཚེས་ཚོར་དགོས་མཁོ་ཡོད་ལ་གླེང་ཡང་མི་འདོད་པའི་གལ་ཆེའི་གནད་དོན་ཞིག་ཆགས་པས། བོད་ཀྱི་བདག་དབང་གི་དྲི་བ་དང་འབྲེལ་བའི་ལོ་རྒྱུས་ཀྱི་གནད་དོན་ཧ་ཅང་གལ་ཆེན་མང་པོ་ཞིག་འཛམ་གླིང་ཐོག་མུ་མཐུད་གསང་བའི་གནས་ཚུལ་དུ་ལུས་ཡོད། དཔེར་ན། རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་སུ་བོད་ཀྱི་སྐོར་ལ་བགྲོ་གླེང་བྱུང་བ་དབྱིན་ཧིན་འདྲེས་མའི་སྐད་ཡིག་ཐོག་དཔར་བསྐྲུན་བྱེད་བཅུག་ན་ཡང༌། དཔེ་དེབ་དེའི་ནང་གནད་དོན་མང་ཙམ་ཞིག་འདོན་ཐུབ་མེད་པ་ལྟ་བུ་དང༌། གཞིས་བཞུགས་བོད་ཀྱི་མཁས་དབང་ཚོའི་བོད་ཀྱི་དོན་དངོས་བརྗོད་པའི་དཔེ་དེབ་མང་པོ་རྒྱ་ནག་གཞུང་གིས་བཀག་འགོག་དང༌། བཅད་གཏུབ། གཏན་བརླག་སོགས་ཀྱི་བྱུང་བ་ཞིབ་བརྩད་བྱས་ན་དོན་དངོས་ཀྱི་གནས་སྟངས་མང་པོ་ཞིག་རྙེད་དུ་ཡོད། ཡིན་ནའང་བོད་ཀྱི་བདག་དབང་གི་དྲི་བ་འདི་ལ་དྲང་བདེན་གྱི་ལན་ཞིག་མ་ཐོབ་བར་གནད་དོན་འདི་གཡོལ་ཐབས་ཀྱིས་ཐག་གཅོད་ནམ་ཡང་ཐུབ་ཀྱི་མ་རེད། དེ་ནི་ས་ཕྱོགས་གང་སར་ཡོད་པའི་བོད་པ་ཚོས་སོ་སོ་རང་ཉིད་ལ་ཡིད་ཆེས་ཆེན་པོའི་སྒོ་ནས་འཛམ་གླིང་ལ་བཤད་དང་ཤོད་བཞིན་བྱ་སྤྱོད་ངོ་མའི་ཐོག་ནས་བདེན་དཔང་བྱས་དང་བྱེད་བཞིན་པར་མ་ཟད། མུ་མཐུད་བྱ་སྤྱོད་ཀྱི་ཐོག་ནས་གསལ་སྟོན་བྱ་རྒྱུ་ཡིན་པ་ནི་བོད་པ་ཚོས་རང་ཉིད་ལ་བོད་ཀྱི་བདག་དབང་ཡོད་པའི་བོད་ཀྱི་ལོ་རྒྱུས་ལ་ངོས་འཛིན་དང༌། བཙན་བྱོལ་དུ་ཡོད་པའི་བོད་ཀྱི་སྲིད་གཞུང་ནི་བོད་ཀྱི་ཁྲིམས་མཐུན་སྲིད་གཞུང་ཡིན་པར་བོད་པ་ཚོས་གཅིག་གྱུར་གྱིས་ངོས་ལེན་བྱེད་བཞིན་པའི་འགྲོ་བ་མིའི་རང་དབང་འཐབ་རྩོད་ཀྱི་སྙིང་སྟོབས་འདིས་གསལ་པོ་བཟོས་ཡོད་པས། གནད་དོན་འདི་ནི་བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་ལ་ཡང་བསྐྱར་ཕྱིར་བལྟ་མི་བྱེད་ཀ་མེད་ཀྱི་གནད་དོན་གལ་ཆེན་ཡིན་པར་མ་ཟད། འཛམ་གླིང་སྤྱི་དང༌། ལྷག་པར་ཨེ་ཤ་ཡའི་འབྱུང་འགྱུར་གྱི་ཞི་བདེ་བརྟན་ལྷིང་དང་འབྲེལ་བ་དམ་ཟབ་ཡོད་པའི་བོད་ཀྱི་བདག་དབང་གི་དྲི་བ་འདི་མུ་མཐུད་སྦས་སྐུང་གིས་འཇོག་ཐབས་མེད་པ་ཞིག་ཀྱང་རེད། སྔར་བོད་ཀྱི་བཙན་པོ་དང་རྒྱ་ནག་གི་གོང་མ་དག་གི་སྐབས་སུ་རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་རྒྱ་བོད་དབར་དམག་མི་རྒྱག་རྒྱུའི་མནའ་སྐྱེལ་ཆིངས་འདུམ་གྱི་ཡི་གེ་རྡོ་རིང་ལ་བྲིས་ཏེ་ཁག་སོ་སོར་བཙུགས་པ་བཞིན་རྒྱ་ནག་ཀྱང་ཡིན་ལ་བོད་ཀྱང་ཡིན་པ་ཡོང་ཐབས་མེད་པའི་དོན་དངོས་ཀྱི་གནས་སྟངས་དེ་ཉེ་བའི་བོད་ཀྱི་ལོ་རྒྱུས་བྱུང་རབས་ཀྱི་ནང་འབུར་དུ་དོད་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། དེ་ཡང་ཕྱི་ལོ་ ༡༦༩༦ ལོའི་མན་ཇུ་རི་ཡའི་མན་ཇུ་སྲིད་གཞུང་དང་བོད་གཞུང་འདྲ་མཉམ་གྱི་ས་མཚམས་ཐིག་ལེན་གཏན་འབེབབ་བྱས་པ་ལ་བརྩིས་མེད་ཀྱིས། ཕྱི་ལོ་ ༡༦༩༩ དང་། ༡༧༢༣། ༡༩༠༣-༤ ལོ་སོ་སོར་མན་ཇུ་རི་ཡའི་མན་ཇུ་སྲིད་གཞུང་དང་། དེ་རྗེས་ཕྱི་ལོ་ ༡༩༡༢ ལོའི་རྒྱ་ནག་གོ་མིན་ཏང་སྲིད་གཞུང་བཅས་ནས་རིམ་བཞིན་བོད་མདོ་ཁམས་སྟོད་སྨད་ཀྱི་ས་ཁུལ་དུ་བཙན་འཛུལ་གཉའ་གནོན་རིམ་བྱས་ཀྱིས་མཚོན་བོད་ཀྱི་ལོ་རྒྱུས་ཐོག་ཁྱིམ་མཚེས་རྒྱལ་ཁབ་སོག་པོ་དང༌། བལ་ཡུལ་གོར་གཞུང༌། རྒྱ་གར་དབྱིན་ཇི་གཞུང༌། མན་ཇུ་རི་ཡའི་མན་ཇུ་སྲིད་གཞུང༌། རྒྱ་ནག་གོ་མིན་ཏང་སྲིད་གཞུང་བཅས་པའི་ཕྱི་རྒྱལ་བའི་བཙན་འཛུལ་ལ་བོད་ཀྱི་ཡབ་མེས་དཔའ་བོ་ཁྲི་ཕྲག་མང་པོའི་དབུ་ཁྲིད་ཀྱིས་བོད་པ་མི་མང་གི་ངོས་ནས་དྲག་པོའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་དོན་རྒྱུན་ཆད་མེད་པར་སྤེལ་ཏེ། ཕྱི་རྒྱལ་བཙན་འཛུལ་བའི་དབང་བསྒྱུར་ལ་བོད་པ་མི་མང་གིས་ངོས་ལེན་ནམ་ཡང་བྱས་མེད་པ་བོད་ཀྱི་བྱུང་རབས་ཀྱི་ཁྲག་དྲི་དྲོ་བའི་དོན་དངོས་ལོ་རྒྱུས་ཤིག་ཡིན་པ་མ་ཟད། ཕྱི་ལོ་ ༡༩༣༢ ལོར་རྒྱ་ནག་གོ་མིན་ཏང་སྲིད་གཞུང་དང་བོད་གཞུང་གཉིས་དམག་མཚམས་འཇོག་པའི་གྲོས་ཆོད་ལ་འབྲི་ཆུས་བཅད་པའི་སྔར་མེད་ས་མཚམས་གསར་བཟོ་བྱེད་དགོས་ཐུག་ནས་དུས་ཡུན་གང་འཚམས་རིང་རྒྱ་བོད་ཀྱི་ས་མཚམས་ཡིན་པར་བརྩིས་ཡོད་ན་ཡང༌། བཙན་འོག་གི་གྲོས་ཆོད་ནི་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་འགྲོ་ལུགས་ལྟར་འདྲ་མཉམ་མིན་ལ་དྲང་བདེན་ཡང་མིན་པའི་གྲོས་ཆོད་ཅིག་ཡིན་པས་ཁྲིམས་མཐུན་གྱི་ནུས་པ་མེད་པ་མ་ཟད། ཞི་བདེར་དགའ་བའི་ཉམ་ཆུང་བོད་རྒྱལ་ཁབ་ལ་ཕྱི་རྒྱལ་བས་ཁྲིམས་འགལ་བཙན་འཛུལ་བྱས་པའི་དཔང་རྟགས་བླ་ན་མེད་པ་ཞིག་ཡིན་ཅིང༌། རྒྱ་ནག་གི་སྲིད་དབང་འཕོ་འགྱུར་བྱུང་འཕྲལ་བོད་བཅིངས་བཀྲོལ་གཏོང་རྒྱུ་ཡིན་སྐོར་བསྒྲགས་པ་དེའི་ལན་དུ་བོད་གཞུང་གིས་ཀྱང་ཕྱི་ལོ་ ༡༩༤༩ ཕྱི་ཟླ་ ༡༡ ཚེས་ ༢ ཉིན་མའོ་ཙེ་ཏུང་མིང་ཐོག་འཕྲིན་ཡིག་ཅིག་བཏང་བའི་ནང་། རྒྱ་ནག་གི་གཞུང་སྔོན་མ་ཚོའི་སྐབས་བོད་ཀྱི་ས་ཁུལ་མང་པོ་ཞིག་རྒྱ་ནག་གི་མངའ་ཁུལ་དུ་བཙན་བཟུང་ཟླ་བསྒྲིལ་བཏང་ཡོད་པ་དེ་དག་བོད་ལ་ཕྱིར་སློག་ཐག་གཅོད་བྱེད་སླད་ཐད་ཀར་གྲོས་བསྡུར་འགོ་འཛུགས་འདོད་ཡོད་སྐོར་འཁོད་ཡོད་པ་དང་། འཕྲིན་ཡིག་དེའི་ངོ་བཤུས་དབྱིན་ཇི་དང་། ཨ་རི། རྒྱ་གར་བཅས་ལ་ཕུལ་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གུང་ཁྲན་དམར་གཞུང་གིས་བོད་བྱང་ཤར་དང༌། ཤར་ཕྱོགས་ནས་སླར་ཡང་བཙན་འཛུལ་བྱས་ཤིང༌། རྒྱ་ནག་རང་གི་བརྗོད་བབ་ལྟར་རྒྱ་ནག་དམར་དམག་བོད་བསྐྱོད་དཔུང་སྡེས་བོད་མདོ་ཁམས་ཁུལ་བཙན་བཟུང་བྱེད་མུར། ཆབ་མདོའི་ཉེ་ཁུལ་ཁོ་ནར་དམག་འཐབ་ཆེ་ཆུང་གྲངས་ཉི་ཤུ་རྩ་གཅིག་བརྒྱབ་པ་བརྒྱུད་བོད་དམག་ལྔ་སྟོང་བདུན་བརྒྱ་ལྷག་ཙམ་རྩ་མེད་དུ་བཏང་ནས་ཆབ་མདོ་བཙན་བཟུང་གིས། བོད་ཀྱི་མངའ་ཁོངས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་རིང་ལུགས་ལག་བསྟར་འོག་ཆབ་མདོ་ནས་བོད་དྲག་པོའི་བཅིངས་བཀྲོལ་གཏོང་རྒྱུའི་སྡིག་སྐུལ་བྱས་ཤིང༌། ཕྱི་ལོ་ ༡༦༤༢ ལོར་དབུ་བརྙེས་པའི་བོད་ཀྱི་སྲིད་གཞུང་གི་སྐུ་ཚབ་ཚོས་པེ་ཅིན་དུ་རྒྱ་ནག་དམར་གཞུང་གི་སྡིག་སྐུལ་འོག་བོད་མིའི་བདེ་ཐབས་སུ་ཕྱི་ལོ་ ༡༩༥༡ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཁས་ལེན་གྱི་མིང་རྟགས་བཀོད་པ་ནས་བཟུང་རྒྱ་ནག་དམར་གཞུང་དང་འགྲིག་མཐུན་གྱི་ཐབས་ཤེས་ཡོད་རྒུ་གནང་ཡང༌། ཕྱི་ལོ་ ༡༩༥༤དང༌། ༡༩༥༥། ༡༩༥༦། ༡༩༥༧། ༡༩༥༨ བཅས་ཀྱི་ལོ་དུས་ནང་བོད་མདོ་ཁམས་སྟོད་སྨད་ཀྱི་ས་ཁུལ་དུ་དཔོན་པོ་གསར་པའི་བཙན་ཤེད་ཀྱི་བྱེད་སྤྱོད་ལ་བོད་པས་རང་སྲུང་གདོང་ལེན་མི་བྱེད་ཐབས་མེད་དུ་གྱུར་ནས་ཞི་དྲག་གི་རྣམ་འགྱུར་རིམ་བསྟན་ལ་རྒྱ་ནག་གིས་ཡ་ང་མེད་པའི་དྲག་གནོན་བྱས་པ་དང༌། ཕྱི་ལོ་ ༡༩༥༩ ལོའི་གསུམ་བཅུའི་བོད་མི་མང་གི་ཞི་བའི་རང་དབང་སྒེར་ལངས་ཀྱི་དོན་རྐྱེན་ལ་ཡང་རྒྱ་ནག་དམར་གཞུང་གིས་དྲག་གནོན་བྱེད་འགོ་བཙུགས་སྟབས་རྒྱ་བོད་འགྲིག་མཐུན་ལ་རེ་ཐབས་གཏན་ནས་མེད་པ་ལྟ་བུར་ཡོད་ཀྱང༌། བོད་གཞུང་གི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང༌། བོད་གཞུང་བཀའ་ཤག གཞུང་ཞབས་ཧྲག་བསྡུས་བཅས་རྒྱལ་ས་ལྷ་ས་ནས་བྲོས་བྱོལ་གྱིས་ལྷོ་ཁའི་ལྷུན་རྩེ་རྫོང་དུ་བོད་ཀྱི་གནས་སྐབས་སྲིད་གཞུང་བཙུགས་ཏེ་ལན་དགུ་ཆད་འཐུད་ཀྱི་རེ་བས་རྒྱ་བོད་འགྲིག་མཐུན་ཡོང་རེའི་ཁྱབ་བསྒྲགས་བྱས་པར་དོན་འབྲས་མ་བྱུང་སྟབས། མཐར་བོད་གཞུང་བོད་མི་འབུམ་ཕྲག་ལ་ཉེ་བ་དང་ལྷན་རྒྱ་གར་ལ་བོད་རང་དབང་སླར་གསོའི་ཆེད་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་ནས་བཟུང་བོད་ཀྱི་སྲིད་གཞུང་ལ་བཙན་བྱོལ་བོད་གཞུང་ཟེར་སྲོལ་ཆགས། དེ་ཡང་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མ་ཐག་བོད་གཞུང་གི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༤ ཚེས་ ༡༨ ཉིན་རྒྱལ་སྤྱིའི་གསར་འགོད་པར། ཕྱི་ལོ་ ༡༩༥༡ ལོར་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་རྒྱ་མི་རང་ཉིད་ནས་བརྩིས་མེད་བཏང་སོང་ཞེས་དང༌། བོད་པར་མཚོན་ན་རང་ཉིད་ངོ་ཤེས་པར་བོད་ཅེས་པའི་ཐ་སྙད་ལ་ངོས་འཛིན་འཁྲུལ་མེད་ཅིག་བྱ་རྒྱུར་དོན་སྙིང་ཆེན་པོ་ལྡན་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་བདག་གཅེས་འོག་མ་སུ་རི་ལ་ཕེབས་མ་ཐག ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༤ ཚེས་ ༢༤ ཉིན་བཙན་བྱོལ་དུ་བོད་གཞུང་གི་ལས་དོན་རྒྱུན་སྐྱོང་གི་བྱེད་སྒོ་དབུ་འཛུགས་བསྐྱངས་པ་དང༌། ྋགོང་ས་མཆོག་དང་བཀའ་ཤག་གང་དུ་ཡོད་ས་དེར་བོད་རྒྱ་ཆེའི་མི་མང་གིས་བོད་གཞུང་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་པ་དང༌། ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༦ ཚེས་ ༢༠ ཉིན་བོད་གཞུང་གི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་མི་མང་གི་བོད་ཀྱི་གནས་ཚུལ་ངོ་མ་གང་ཡིན་མཁྱེན་རྟོགས་ཆེད་གསར་འགོད་འདུ་ཚོགས་ཐོག་གསུང་བཤད་དང་དྲི་ལན་དོན་ཚན་དགུ་བཅུ་སྐོར་ལ་ལན་འདེབས་གནང་བའི་སྐབས་སུ། རྒྱ་བོད་གྲོས་མཐུན་དོན་ཚན་བཅུ་བདུན་ལ་བརྩི་འཇོག་སྤངས་པ་ཡིན། རྒྱ་དམར་སྲིད་གཞུང་རང་གིས་གྲོས་མཐུན་དེའི་བརྗོད་དོན་ལ་བརྩི་མེད་རྒྱབ་སྐྱུར་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་དེར་སླར་ཡང་ངོས་ལེན་བྱེད་པའི་ཁྲིམས་ཀྱི་གཞི་རྩ་གང་ཡང་ཡོད་པ་མ་རེད་ཅེས་གསུངས་པ་དང༌། གྲོས་མཐུན་དེར་རྩ་འཛིན་མ་བྱས་སྟབས་གྲོས་མཐུན་མ་བཞག་སྔོན་ང་ཚོའི་གནས་སྟངས་རང་དབང་ཆ་ཚང་ཡོད་པ་དེར་གནས་ཡོད་ཅེས་ཀྱང་མཛད་རྣམ་དུ་གསུངས།
ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༡༢ པའི་ནང་གནམ་དང་ས་ལས་ངོ་ཤེས་མེད་པའི་བཙན་བྱོལ་བའི་གནས་སྟངས་འོག་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་སྐུ་ཚབ་མཚོན་ངེས་ཀྱི་བོད་པ་ཚོས་བོད་རང་བཙན་སླར་གསོའི་རྩ་དོན་རྩོད་ལེན་བྱེད་རྒྱུར་གནས་མཆོག་རྡོ་རྗེ་གདན་དུ་མནའ་གན་མཐུ་མོ་ཆེ་བཞག་རྗེས་བོད་གཞུང་དེ་ཆོས་སྲིད་གཉིས་ལྡན་བོད་མང་གཙོའི་སྲིད་གཞུང་དུ་བསྒྱུར་བའི་བྱུང་རབས་འདི་ནི་བོད་ཀྱི་ཡབ་མེས་བཙན་པོ་དག་གི་སྙིང་སྟོབས་དང་མཐུན་པའི་བཙན་བྱོལ་བོད་གཞུང་གི་འཕེལ་རིམ་ཡིན། འདས་པའི་དུས་ཡུན་ནང་བོད་ཀྱི་ཐུན་མོང་གི་ལོ་རྒྱུས་དང། སྐད་ཡིག ས་ཁམས་ཁོར་ཡུག འཚོ་བ་སྐྱེལ་སྟངས། མིའི་བསམ་པའི་འཁྱེར་སོ། རིག་གཞུང་བཅས་ཀྱིས་བོད་པ་ཚོ་རྒྱུན་ཆད་མེད་པར་གཅིག་ཏུ་བསྒྲིལ་བས། བོད་གཞུང་གི་ལམ་ལུགས་ཚད་ལྡན་སྟོབས་ཤུགས་ཀྱིས་བོད་ཁམས་ཡོངས་ལ་དབང་བསྒྱུར་གྱི་བྱེད་སྒོ་འཐུས་ཚང་བྱུང་མིན་ཇི་ལྟར་ཡང༌། བོད་མི་མང་གིས་བོད་གཞུང་དེ་སོ་སོའི་གཞུང་ཡིན་པར་ངོས་ལེན་བྱས་ཡོད་པའི་དོན་དངོས་ལོ་རྒྱུས་ནི་བོད་གཞུང་ལ་བོད་ཀྱི་ཁྲིམས་མཐུན་བདག་དབང་ཡོད་པའི་ཆབ་སྲིད་ཀྱི་བདེན་དཔང་ཡིན་ཅིང༌། བོད་འདི་གཞིས་བྱེས་གཉིས་སུ་གྱར་བའི་ངོས་ནས་གླེང་ན། ཕྱི་ལོ ༢༠༠༨ ལོའི་བོད་ཀྱི་ས་བྱི་ཞི་བའི་གསར་བརྗེའི་གྱེན་ལངས་བྱས་པའི་གཙོས་ད་བར་མི་ལོ་ལྔ་བཅུའི་རིང་བོད་ཆོལ་ཁ་གསུམ་གྱི་གཞིས་ལུས་རྒྱ་ཆེའི་མི་མང་གིས་རྒྱ་ནག་གི་བཙན་འཛུལ་དང་བཙན་གནོན་ལ་ངོ་རྒོལ་མུ་མཐུད་བྱེད་བཞིན་པ་འདིས། བཙན་བྱོལ་བོད་གཞུང་ནི་བོད་ཀྱི་ཁྲིམས་མཐུན་བདག་དབང་ཡོད་པའི་སྲིད་གཞུང་ཡིན་པར་བརྗོད་པ་དེར་ཚད་མཐོའི་བདེན་དཔང་བྱས་ཡོད་ལ། རྒྱ་ནག་གཞུང་གིས་བོད་ལ་ཁྲིམས་མཐུན་གྱི་བདག་དབང་ཡོད་རབས་དང༌། བོད་མི་བདེ་སྐྱིད་ལྡན་རབས་བརྗོད་པ་ནི་གཞི་རྩ་མེད་པའི་ཧམ་བཤད་འབའ་ཞིག་ཡིན་པ་འཛམ་གླིང་གཞུང་མང་གི་མདུན་དུ་ཚད་ཤིན་ཏུ་མཐོན་པོའི་ལམ་ནས་ར་སྤྲོད་བྱས་པ་ཞིག་ཡིན། འདས་དང་ད་ལྟའི་གནས་སྟངས་དེར་བརྟེན་རྒྱ་བོད་གཉིས་ཀྱི་རྩོད་པ་གང་ཡོད་ཐམས་ཅད་ཀྱི་རྨང་གཞི་ནི་བོད་ཀྱི་ཁྲིམས་མཐུན་བདག་དབང་སུ་ལ་ཡོད་མེད་འདིར་ཐུག་ཡོད་པའི་དོན་དངོས་དེ་བོད་རིགས་ཙམ་གླེང་བའི་བརྒྱུད་རིམ་གྱི་ནང་དུ་ཡང་གཡོལ་ཐབས་མེད། ལྷག་པར་བོད་ཀྱི་བདག་དབང་གི་གནད་དོན་འདི་འགལ་འབྲེལ་གྱི་སྦྱོར་བ་ལག་ལེན་གྱི་བྱ་སྤྱོད་གང་གི་ནང་དུ་ཡང་རྩ་བའི་གནད་འགག་ཡིན་པ་ད་ལྟ་དང༌། མ་འོངས་པའི་གནས་བབ་གང་གི་ནང་དུ་གསལ་པོ་ཆགས་རྒྱུ་ནི་འདས་པའི་ལོ་རྒྱུས་ཀྱིས་གཏན་འཁེལ་བྱས་པ་ཞིག་ཡིན། མདོར་ན་ལོ་སྟོང་ཕྲག་མང་པོའི་རིང་མཐོ་སྒང་བོད་ཀྱི་ཡུལ་ཁམས་བདག་བཟུང་གིས་འཚོ་གནས་བྱས་པའི་གདོང་དམར་བོད་པ་ཚོས། བོད་ཀྱི་ཁྲིམས་མཐུན་བདག་དབང་སུ་ལ་ཡོད་མེད་ལོ་བརྒྱ་ཕྲག་དང་སྟོང་ཕྲག་གི་རིང་ཚེ་སྲོག་གི་འགྲོ་གྲོན་བཏང་བ་བརྒྱུད་ཐག་བཅད་པ་ནི་བོད་ཀྱི་ལོ་རྒྱུས་ཀྱི་སྔ་ཕྱིའི་བྱུང་རབས་ནང་འབུར་དུ་དོད་པའི་གལ་ཆེ་ཤོས་ཀྱི་གནད་དོན་ཞིག་རེད། དེ་བས་བོད་པ་མི་མང་གི་རླབས་ཆེན་ལོ་རྒྱུས་ཀྱི་ཐག་གཅོད་འདི་དབུ་མའི་ལམ་གྱི་འཐབ་བྱུས་ཀྱི་ངོས་ནས་བཤད་ན་རྨང་གཞི་དང་བརྗིད་ཁོག་ཡིན་ལ། རྒྱ་བོད་ཐ་དད་དུ་ངོས་འཛིན་གྱི་གནས་བབ་འོག་འདྲ་མཉམ་གྱི་ཞི་མོལ་བྱས་ཏེ་བོད་དོན་འགྲིག་ཆགས་ཀྱི་ཐག་གཅོད་མ་བྱུང་བར། བཙན་བྱོལ་བོད་གཞུང་གིས་མ་འོངས་བོད་ལ་དབང་བའི་ཁྲིམས་མཐུན་བདག་དབང་གི་གནས་བབ་འདི་ནམ་ཡང་མི་འདོར་བར་བདག་པོ་རྒྱག་དགོས་པ་བོད་པའི་ཚེ་སྲོག་གིས་བསྐྲུན་པའི་བོད་ཀྱི་ལོ་རྒྱུས་ཀྱིས་བཞག་པ་སྲུང་སྐྱོབ་བྱེད་དགོས་པའི་མ་མཐའི་ལས་འགན་ཞིག་དང༌། བཙན་བྱོལ་བོད་གཞུང་གི་རྩ་བའི་སྟོབས་ཤུགས་བརྗིད་ཁོག་མིན་ནམ་སྙམ། ཡིན་ནའང་ཉེ་བའི་ལོ་ངོ་འགའི་ནང་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཁག་ཅིག་གིས། བཙན་བྱོལ་བོད་གཞུང་ཞེས་བརྗོད་རྒྱུའི་ཚབ་ཏུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་ནས་བེད་སྤྱོད་ཤུགས་ཆེ་བཏང་ཡོད་ལ། བཙན་བྱོལ་བོད་གཞུང་ཟེར་དུས་གོང་དུ་བཤད་པ་ལྟར་བོད་པ་མི་མང་གིས་དབང་བསྐུར་བའི་མི་མང་སྲིད་གཞུང་ཞིག་ལ་ཟེར་གྱི་ཡོད་ཀྱང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་དུས་བཙན་བྱོལ་དུ་ཡོད་པའི་བོད་མི་ཉུང་ཤས་ཀྱི་སྒྲིག་འཛུགས་སམ་ཚོགས་པ་ལ་གོ་བ་ཡིན། ཧ་ཅང་ཉེན་ཚབས་ཆེ་ལ་གནད་ཆེའི་འགྱུར་བ་འདི་དག་ཆབ་སྲིད་པའི་མིང་འཛིན་བག་འཁུམ་པ་ཚོས་ཚིག་རེ་གཉིས་ཀྱི་ལམ་ནས་བཅོས་བསྒྱུར་གཏོང་གི་ཡོད། གནད་དོན་འདིའི་ཐད་བསམ་ཞིབ་བྱེད་རིན་ཡོད་པའི་གལ་ཆེའི་གནས་ཚུལ་འདི་འདྲ་ཞིག་ཡོད་པ་སྟེ། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་མི་སྒེར་གྱི་འཐུས་མི་དང་འབྲེལ་ཐུག་གྲོས་མོལ་བྱེད་འདོད་ཡོད་ཅེས་བརྗོད་ཀྱི་ཡོད་ལ། ད་བར་རྒྱ་བོད་འབྲེལ་ཐུག་གྲོས་མོལ་བྱས་པའི་རིང་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་དང་། བཀའ་ཤག་ངོས་ལེན་བྱེད་ཀྱི་མེད་སྐོར་གྲོས་ཚོགས་ཀྱི་ཉན་ཞིབ་སྐབས་སྐུ་ཚབ་ཀྱིས་གསལ་པོ་གསུངས་པ་བཞིན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༢༨ ཉིན་བོད་གཞུང་མེད་པ་བཟོས་ཟིན་ཚུལ་བརྗོད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་དུས་རྟག་ཏུ་ཡུལ་གྱར་སྲིད་གཞུང་དེ་ནི་ཁྲིམས་འགལ་གྱི་སྲིད་གཞུང་རྫུས་མ་ཡིན་པ་དང༌། དེ་ནི་ལོག་སྤྱོད་པ་རེ་ཟུང་གིས་རྒྱ་ནག་ཁ་བྲལ་གཏོང་བར་དམིགས་ཏེ་བཙུགས་པའི་ནག་ཚོགས་ཤིག་ཡིན་ཚུལ་བརྗོད་ཀྱི་ཡོད། དེ་ཡང་རྒྱ་ནག་གཞུང་གིས། ཏཱ་ལའི་རུ་ཚོགས་ཀྱིས་བཀྲམ་པའི་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་པའི་གྲོས་འགོའི་ནང་བོད་ཡུལ་གྱར་སྲིད་གཞུང་གིས་བོད་མི་དམངས་ཀྱི་ཁེ་ཕན་དང་བོད་མི་དམངས་ཀྱི་ཚབ་མཚོན་ཡིན་ཞེས་བཤད་ཡོད། གྲོས་འགོ་དེ་ཀྲུང་གོའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་སྒོ་ཀུན་ནས་སུན་འབྱིན་བྱས་རྗེས། ཏཱ་ལའི་རུ་ཚོགས་ཀྱིས་ཉེ་ཆར་སླར་ཡང་འཆད་འགྲེལ་ཞིག་བསྐྱར་དུ་བཟོས་ནས། གོང་ས་ཏཱ་ལའི་བླ་མ་ནི་བོད་མི་དམངས་ཀྱི་ཁྲིམས་མཐུན་ཚབ་བྱེད་ཡིན་པའི་གོ་བབ་ནི་དུས་དང་རྣམ་པ་ཀུན་ཏུ་ཐེ་ཚོམ་སྤུ་ཙམ་ཡང་བྱེད་མི་དགོས་པ་ཞིག་ཡིན་ཞེས་བཤད་ཡོད། དོན་དངོས་ཐོག་ཏཱ་ལ་དང་ཡུལ་གྱར་སྲིད་གཞུང་ཟེར་བ་ནི་དོན་གཅིག་ཡིན་པ་དང་། སྲིད་གཞུང་དེའི་དབྱིན་ཡིག་གི་མིང་ཆ་ཚང་ནི་ Central Tibetan Administration of His Holiness the Dalai Lama ཡིན། ཡིག་སྒྱུར་བྱས་ན། གོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་བོད་དབུས་སྲིད་གཞུང་། ཟེར་གྱི་ཡོད། འོན་ཏེ་དོན་དངོས་ཐོག་ཡུལ་གྱར་སྲིད་གཞུང་དེ་དང་། དེའི་ཆོས་སྲིད་ཀྱི་གཙོ་འཛིན་ཏཱ་ལ་གཉིས་ནི་མེས་རྒྱལ་ཁ་ཕྲལ་གྱི་བྱེད་སྤྱོད་སྤེལ་བ་དང་། ཕྱི་རྒྱལ་གྱི་ཕྱོགས་གཏོགས་ལ་བརྟེན་ནས་འཚོ་ཐབས་བྱེད་པའི་ཆབ་སྲིད་ཀྱི་རུ་ཚོགས་ཆུང་ཆུང་ཞིག་ཡིན་པ་ལས་ཁྲིམས་མཐུན་རང་བཞིན་སྤུ་ཙམ་ཡང་མེད་པ་རེད། ཅེས་སོགས་བརྗོད་ཀྱི་ཡོད། དེར་བརྟེན་བོད་པ་ཚོས་གསལ་རྟོགས་ངེས་པར་བྱེད་དགོས་པའི་ཕུགས་རྒྱང་གི་རྩ་དོན་ཐད་ཀྱི་རྩ་བའི་གནད་འགག་གཉིས་ནི། རྒྱ་ནག་གི་ལངས་ཕྱོགས་འདིས་བོད་ཀྱི་བདག་དབང་བོད་གཞུང་ལ་ཡོད་པའི་འདས་དང་ད་ལྟའི་བོད་ཀྱི་ལོ་རྒྱུས་ལ་བཙན་གནོན་ཧམ་ཤེད་བྱེད་ཀྱི་ཡོད་པ་དང་གཅིག བཙན་བྱོལ་བོད་གཞུང་ནི་བོད་པ་ཚོ་ལ་གལ་ཆེན་པོ་ཇི་ཙམ་ཡིན་པ་དེ་རིན་ཐང་ཅན་གྱི་དངོས་པོ་གཞན་པ་གང་འདྲ་ཞིག་གིས་ཀྱང་ཚབ་མཚོན་གཏན་ནས་མི་ཐུབ་པ་དང་གཉིས་ཡིན་པས། བོད་པ་ཚོས་བོད་ཀྱི་ཁྲིམས་མཐུན་བདག་དབང་གི་གནས་བབ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁ་གསལ་བཟོ་བའི་ལས་དོན་ནས་འགོ་རྩོམ་རྒྱུ་དེ་བོད་ཀྱི་བྱེད་ཕྱོགས་ཐམས་ཅད་ཀྱི་རྩ་བའི་བྱེད་ཕྱོགས་ཤིག་ཏུ་འཛིན་དགོས་པ་དབུ་མ་དང་རང་བཙན་གྱི་འདོད་ཚུལ་གང་གི་ལམ་དུ་བསྐྱོད་ཀྱང་གལ་གནད་ཆེ་ཤོས་ཀྱི་ལས་དོན་ཉག་ཅིག་ཆགས་ཡོད། སྤྱིར་ན་ཆབ་སྲིད་ཀྱི་འཐབ་རྩོད་ནང་། ཆབ་སྲིད་ཀྱི་ཐ་སྙད་བེད་སྤྱོད་ཀྱི་ས་མཚམས་ཧ་ཅང་གལ་གནད་ཆེན་པོ་ཡིན་པའི་དོན་དངོས་གནས་ཚུལ་འདི་དག་ལ་བརྟེན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་སོགས་ཚིག་དོན་ནུས་མེད་དང་བྱབ་མེད་ཀྱི་ཐ་སྙད་དེ་ཚོ་བེད་སྤྱོད་གཏོང་མཚམས་འཇོག་དགོས་པ་མ་ཟད། ཕྱིན་ཆད་དེ་འདྲ་ཤོད་མཁན་དེ་ཚོ་ཡན་པོར་གཏོང་མི་རུང་བའི་གཞེན་སྐུལ་ནན་པོ་བྱེད་ཀྱི་ཡོད།
ཕྱི་ལོ་ ༢༠༠༢ ལོར་བར་སྐབས་འབྲེལ་ལམ་ཆད་པའི་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱུང་བའི་འབྲེལ་མོལ་གྱི་བརྒྱུད་རིམ་འདིའི་ཁྲོད་དུ་མི་ལོ་ཉི་ཤུ་ལ་ཉེ་བའི་རིང་གི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་རྩ་འཛིན་ཡིག་ཆ་ཁག་གསུམ་ཙམ་ལ་འཆར་སྣང་གི་མིང་བཏགས་ནས་བྱུང་རབས་ལོ་རྒྱུས་ཙམ་དུ་བཏང་བ་དང་ལྷན་དུ་འཐབ་བྱུས་གསར་པ་ཞིག་སླེབས་པ་རེད། འཐབ་བྱུས་དེའི་མིང་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་ཟེར་བ་དང་། འཐབ་བྱུས་འདིའི་དམིགས་ཡུལ་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དབང་བསྒྱུར་བྱ་བདེའི་སླད། བོད་ཆོལ་ཁ་གསུམ་གྱི་བོད་པ་མི་རིགས་མང་པོར་བསྙད་འདོགས་ཀྱིས་ཁག་བགོས་ཁ་འཕྲལ་དང༌། བོད་རིགས་ཀྱང་མི་རིགས་མི་འདྲ་བའི་སྡེ་ཚན་འགར་དུམ་བུར་བཏང་བའི་ཤུལ་ལྷག་ལ་བོད་རིགས་ཟེར་ནས་ལོག་བཀར་གྱིས་འབོད་བཞིན་པ་ཁག་ཀྱང་སྡེ་ཚན་དུ་མར་བགོས་ནས་ཡོད་པའི་བོད་རིགས་ས་ཁུལ་རྣམས་གཅིག་གྱུར་གྱིས་མི་རིགས་ས་ཁོངས་རང་སྐྱོང་མིང་དོན་མཚུངས་པ་ཞིག་རྒྱ་ནག་གི་ཁྲིམས་ལུགས་ཀྱི་སྒྲོམ་གཞིའི་འོག་ལག་བསྟར་ཡོང་ཐབས་ཀྱི་རེ་སྐུལ་གྱི་འཐབ་བྱུས་ཤིག་ཡིན་པར་མཐོང༌། དེ་ལ་རྒྱ་ནག་དམར་པོའི་གཞུང་གི་མི་རིགས་སྲིད་བྱུས་མི་རིགས་ས་ཁོངས་རང་སྐྱོང་ཟེར་བ་འདིའི་བྱུང་རིམ་དམིགས་ཡུལ་དང་། དེ་ལ་ལྟ་ཚུལ་གང་ཡོད་སྙམ་ན། རྒྱ་ནག་དམར་པོའི་གཞུང་གི་ཕྱི་ནང་མི་མཚུངས་པའི་གླང་ཆེན་གྱི་སོ་ལྟ་བུའི་མི་རིགས་རང་སྐྱོང་བྱེད་དགོས་པར་བརྗོད་པའི་ཁ་གཡང་གི་སྲིད་བྱུས་འདི་ཆབ་སྲིད་ཀྱི་དབང་ཆ་མ་ཡིན་པར་སྤྱིར་བཏང་བའི་འཚོ་བའི་ཐོབ་ཐང་ཙམ་ཡིན་པར་ཉམས་ཞིབ་པས་བརྗོད་ཡོད་ལ། སྲིད་བྱུས་འདི་ནི་ཀྲུང་གོའི་མངའ་ཁོངས་ནང་གི་གྲངས་ཉུང་མི་རིགས་རྣམས་ལ་འདྲ་མཉམ་དང་རང་སྐྱོང་གི་དབང་ཆ་ཡོད་པ་ཁས་བླང་རྒྱུ་ཟེར་བའི་འདོད་ཚུལ་རིམ་འཕེལ་བྱུང་སྟེ། ཕྱི་ལོ་ ༡༩༤༩ ཕྱི་ཟླ་ ༩ ཚེས་ ༢༩ ཉིན་རྒྱ་ནག་གི་རྩ་ཁྲིམས་མ་བྱུང་སྔོན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་མཐའ་འཁྱོངས་ཡོང་བའི་དོན་དུ་མི་རིགས་རང་སྐྱོང་བྱེད་པའི་དམིགས་ཚད་དུ་བརྗོད་པ་སྟེ་བཙན་འཛུལ་བའི་མི་སེར་སྤེལ་ཡུལ་བྱེད་ཆེད་གཏན་འབེབ་བྱས་རྗེས། བོད་དང༌། ཤིན་ཅང་བཅིངས་བཀྲོལ་བཏང་ནས་མི་རིགས་རང་སྐྱོང་བྱེད་དགོས་པའི་ཁ་གཡང་སྒྲོག་བཞིན་རྒྱལ་ཁབ་འདི་གཉིས་ལ་ཕྱི་རྒྱལ་བཙན་འཛུལ་བ་ཀྲུང་གོས་དབང་བསྒྱུར་བྱས་པ་དང༌། ཕྱི་ལོ་ ༡༩༨༤ ལོར་གཏན་འབེབ་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་དེར་ཐོག་མའི་དམིགས་ཡུལ་ལྟར་མི་སེར་སྤེལ་ཡུལ་དབང་བསྒྱུར་བྱེད་ཐབས་ཀྱི་ཐོག་རིག་གཞུང་བཙན་འཛུལ་བའི་ཁྱད་ཆོས་ཡང་ལྡན་པའི་སྲིད་བྱུས་ཤིག་སྟེ། རྒྱ་རིགས་ཀྱི་ཁྱད་ཆོས་ལྡན་པ་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་མཐའ་འཁྱོངས་ཡོང་ཆེད་བཟོས་པ་ཞིག་ཡིན་པ་བརྗོད་ཐུབ་ལ། ཉམས་ཞིབ་པས་རྒྱ་ནག་དམར་གཞུང་གི་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་འདི་ནི་མི་རིགས་འཚོ་གནས་ལ་ཁག་ཐེག་མེད་པའམ། མི་རིགས་འཚོ་གནས་ལ་འགན་ཁུར་མེད་པའི་སྲིད་བྱུས་ཤིག་ཡིན་པར་རྒྱས་བཤད་བྱས་པར་རྒྱུ་མཚན་མི་ལྡན་པར་བརྗོད་ཁག་པོར་གྱུར་ཡོད། སྙིང་དོན་བསྡུས་ན་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་འདི་དོན་དངོས་ལག་ལེན་གྱི་ཐོག་ནས་སུའི་ཆེད་དུ་བཟོས་འདུག་མིན་བརྗོད་མི་དགོས་པ་ཞིག་རེད། དེ་བས་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་ནས་བོད་མིས་བོད་རིགས་གཅིག་གྱུར་གྱི་རེ་བ་བཏོན་རབས་བཤད་དེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དགོས་འདུན་འདོན་པ་འདིའི་ཐད་རྣོ་ངར་ཅན་གྱི་བསམ་ཚུལ་སྐོར་ཅིག་ཡོད་པ་ནི། བཙན་བྱོལ་བོད་གཞུང་གིས་བོད་ཐོག་རྒྱ་ནག་གི་བདག་དབང་ཡོད་པར་ངོས་ལེན་བྱས་པ་ཡིན་ན་འཛམ་གླིང་གི་མདུན་དུ་རྒྱ་ནག་གི་མི་འབོར་བོད་དུ་གནས་སྤོར་བྱེད་པ་ནི་དུས་གཏན་དུ་དང༌། ཕྱོགས་ཡོངས་ནས་ཁྲིམས་མཐུན་ཆགས་པ་ཡིན་ཚུལ་དང༌། བོད་ཀྱི་རྩ་དོན་རྨང་གཞི་དང་ཁ་བྲལ་བའི་ལས་དོན་ཞིག་ཡིན་ཚུལ། ཆོལ་གསུམ་བོད་མི་དུམ་བུ་ཁ་བྲལ་དུ་བཏང་བའི་གནས་བབ་དགོས་གསུངས་པ་དང་ཁྱད་པར་མེད་ཚུལ། རྒྱ་ནག་གི་ཞགས་པའི་ནང་ཕེབས་དགོས་དོན་མེད་པའི་དགོངས་ཚུལ་འདི་དག་གིས་རྩ་བ་མེད་སར་རྩེ་མོ་རྒྱས་མི་སྲིད་ཅེས་བརྗོད་ཀྱི་འདུག་སྙམ། བསམ་ཚུལ་གང་ཡོད་ལ་མ་ལྟོས་པར་ཆོལ་གསུམ་བོད་པ་མི་མང་གིས་བོད་ཀྱི་རྒྱལ་དར་འཕྱར་ནས་བོད་དོན་བདེན་པའི་འབོད་སྒྲ་བསྒྲགས་པའི་ལོ་མཇུག་སྟེ། ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཅེས་པའི་ཡིག་ཆ་རྒྱ་ནག་གཞུང་ལ་སྤྲད་པ་དང༌། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༢ པར་སླར་ཡང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆ་ཞིག་ཀྱང་རྒྱ་ནག་ལ་སྤྲད་པ་རེད། དེར་བརྟེན་འདིར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་སུ་སྤྲད་པའི་སྔ་ཕྱིའི་ཡིག་ཆ་གཉིས་ཀྱི་ནང་གི་དཀའ་རྙོག་ཏུ་ངོས་འཛིན་དགོས་པའི་རྩ་བ་ར་སྤྲོད་བྱེད་རྒྱུར། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆར། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་གསལ་བ་དང༌། དེའི་རྗེས་ཀྱི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁྱོན་གཅིག་གྱུར་ལ་ཆ་འཛིན་ཟེར་བའི་དོན་ཚན་ནང་འཁོད་དོན། བོད་ཀྱི་བྱུང་རབས་ལོ་རྒྱུས་ཐད་རྒྱ་ནག་གཞུང་གི་ལྟ་ཚུལ་བོད་མིའི་ལྟ་ཚུལ་ལས་ཐ་དད་པ་ཡོད་པ་དང༌། རྒྱ་གཞུང་གི་ལྟ་ཚུལ་ལ་བོད་མིས་མོས་མཐུན་བྱེད་མི་ཐུབ་ཅེས་གསལ་ཡོད། ཚིག་སྔ་ཕྱི་འདི་གཉིས་ལས་སྔ་མ་བསམ་ཚུལ་དངོས་དང་ཕྱི་མ་བསམ་ཚུལ་གྱི་འགྲེལ་བརྗོད་ཡིན་ཡང༌། ཚིག་སྔ་ཕྱི་འདི་གཉིས་ཀ་རྩ་འཛིན་གྱི་སྒོ་ནས་འདས་དང་ད་ལྟའི་བོད་ཀྱི་བདག་དབང་གི་གནས་བབ་གླེང་སློང་མི་བྱེད་ཐབས་མེད་ཡིན། དེ་ཡང་བོད་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་པ་ཁས་ལེན་བྱེད་ཀྱི་མེད་པ་དང་། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་པའི་ཁས་ལེན་འདི་གཉིས་ཀྱི་ས་མཚམས་གང་ལ་ངོས་འཛིན་དགོས་ཅེས་པ་ནི་ད་ལྟ་ང་ཚོའི་མིག་མདུན་དུ་ལྷག་པའི་བོད་ཀྱི་དྲི་བ་ཞིག་ཡིན། དེ་ལ་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་པའི་བསྟན་དོན་ནི། གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་ནས་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་བསྒྱུར་བའི་བོད་ཀྱི་ས་ཁྱོན་ལ་ཁྲིམས་མཐུན་བདག་དབང་ཡོད་པར་བོད་མིས་ཁས་ལེན་གྱིས་བརྩི་བཀུར་བྱེད་ཀྱི་ཡོད་ཟེར་བ་ཡིན་པ་ལས། འབྱུང་འགྱུར་རྒྱ་བོད་འགྲིག་མཐུན་བྱུང་མཚམས་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་ཟེར་བའི་དོན་མིན་པ་ནི་བྱེད་ཀྱི་ཡོད་ཅེས་པའི་ད་ལྟ་བའི་ཚིག་བརྗོད་འདི་ཡིས་ཧ་ཅང་གསལ་པོ་བཟོས་ཡོད། དེ་མིན་ན་ཕྱི་ལོ་ ༡༩༤༩ ལོར་བོད་དུ་རྒྱ་ནག་གིས་བཙན་འཛུལ་བྱས་པ་ཁྲིམས་མཐུན་དུ་ཁས་ལེན་བྱེད་དགོས་ཀྱང༌། བོད་ཀྱི་བྱུང་རབས་ལོ་རྒྱུས་ཐད་རྒྱ་ནག་གཞུང་གི་ལྟ་ཚུལ་བོད་མིའི་ལྟ་ཚུལ་ལས་ཐ་དད་པ་ཡོད་པ་དང༌། རྒྱ་གཞུང་གི་ལྟ་ཚུལ་ལ་བོད་མིས་མོས་མཐུན་བྱེད་མི་ཐུབ་ཅེས་པའི་འགྲེལ་བརྗོད་ཀྱིས་དེ་ཡང་མིན་པ་གསལ་པོ་ཆགས་ཡོད། འོ་ན་ཕྱི་ལོ་ ༡༩༥༡ ལོར་བཙན་དབང་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ནས་བཤད་ཀྱི་ཡོད་པའི་མཐོང་ཚུལ་འདི་བདེན་ན། ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༤ ཚེས་ ༡༨ ཉིན་གསར་འགོད་གསལ་བསྒྲགས་བྱས་ཏེ། ཕྱི་ལོ་ ༡༩༥༡ ལོར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ནི་རྒྱ་མི་རང་ཉིད་ནས་བརྩིས་མེད་བཏང་སོང་ཞེས་དང༌། ྋགོང་ས་མཆོག་དང་བཀའ་ཤག་གང་དུ་ཡོད་ས་དེར་བོད་རྒྱ་ཆེའི་མི་མང་གིས་བོད་གཞུང་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་པ་ལྟར། ད་ལྟ་བར་བོད་པ་ཚོས་བོད་ཀྱི་ཁྲིམས་མཐུན་སྲིད་གཞུང་ནི་བཙན་བྱོལ་བོད་གཞུང་ཡིན་པར་ངོས་འཛིན་བྱེད་པ་དེ་ལ་འཇུ་ལུང་འཆང་གསུམ་བྱེད་ཡུལ་གང་ཡང་མེད་པར་རྒྱ་ནག་གཞུང་གིས་བཤད་པ་བཞིན་ཁྲིམས་འགལ་གྱི་སྲིད་གཞུང་རྫུས་མ་ཆགས་པ་རེད་དམ། བོད་ཆོལ་ཁ་གསུམ་གྱི་བོད་པ་མི་མང་གིས་ཁྲག་དང་མིག་ཆུས་འགྲོ་གྲོན་བཏང་ནས་བོད་ཀྱི་ལུགས་མཐུན་བདག་དབང་རྩོད་ལེན་བྱེད་པའི་མངོན་འདོད་གསལ་སྟོན་བྱེད་བཞིན་པ་དེ་རྒྱ་ནག་གཞུང་གིས་བཤད་པ་བཞིན་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ལོག་སྤྱོད་པ་ཆགས་པ་རེད་དམ། གལ་ཏེ་དེ་ལྟར་ཡིན་ན་གཞིས་བྱེས་གཉིས་ཀྱི་བོད་པ་ཚོས་ད་བར་དྲང་བདེན་མིན་པའི་ཁྲིམས་འགལ་གྱི་ལས་དོན་ཤ་སྟག་བྱས་ཡོད་པ་ངོས་ལེན་དགོས་ལ། དེ་བཞིན་བོད་གཞུང་བཙན་བྱོལ་དུ་ཡོང་བའི་དགོས་དོན་ནས་འདས་པའི་མི་ལོ་ལྔ་བཅུ་ལྷག་གི་འབྱུང་འགྱུར་བོད་ཀྱི་སྒྲོམ་གཞིའི་བང་རིམ་ཡོངས་རྫོགས་རྨང་གཞི་དང་བཅས་པ་གང་དུ་ཕྱིན་པ་རེད། ཡང་ན་ཕྱི་ལོ་ ༡༩༥༩ ནས་ད་བར་གྱི་གཞིས་བྱེས་བོད་གཞུང་མང་གི་བྱ་སྤྱོད་ཡོངས་སུ་ཁྲིམས་འགལ་ཡིན་དུ་ཆུག ད་དུང་ཕྱི་ལོ་ ༡༩༥༡ ལོར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཁས་ལེན་བྱེད་ཀྱི་ཡོད་ན། བོད་ཀྱི་བྱུང་རབས་ལོ་རྒྱུས་ཐད་རྒྱ་ནག་གཞུང་གི་ལྟ་ཚུལ་བོད་མིའི་ལྟ་ཚུལ་ལས་ཐ་དད་པ་ཡོད་པ་དང༌། རྒྱ་གཞུང་གི་ལྟ་ཚུལ་ལ་བོད་མིས་མོས་མཐུན་བྱེད་མི་ཐུབ་ཅེས་པའི་འགྲེལ་བརྗོད་ལ་ལྡོག་ཐབས་མེད་པའི་དཀའ་ངལ་འདི་འདྲ་ཞིག་འཕྲད་ཀྱིན་ཡོད་པ་སྟེ། ཕྱི་ལོ་ ༡༩༡༤ ལོའི་ཤིང་སྟག་སིམ་ལའི་ཆིངས་ཡིག་ཁྲིམས་འགལ་ནུས་མེད་ཡིན་པ་ཁས་ལེན་བྱེད་དགོས་ཀྱི་ཡོད། གང་ཡིན་ཟེར་ན། ཆིངས་ཡིག་དེ་དག་ཁྲིམས་འགལ་ཡིན་པ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་རྩ་བའི་འདོད་ཚུལ་ལངས་ཕྱོགས་ཆགས་ཡོད་པ་རེད། དེ་ཡང་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་དང་པོར། བོད་མི་དམངས་རྣམས་མཐུན་བསྒྲིལ་བྱས་ཏེ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་བོད་ནས་མཐར་སྐྲོད་གཏོང་དགོས། བོད་ཀྱི་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས། ཅེས་འཁོད་པ་འདིའི་དོན་ནི། བོད་ཀྱི་མི་དམངས་ཚོ་མཐུན་བསྒྲིལ་བྱས་ཏེ་བར་ལམ་བོད་དུ་ཡོད་པའི་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་གནོན་སྟོབས་ཤུགས་དང་དེའི་ཉེས་སྐྱོན་བཅས་བོད་ནས་མཐར་སྐྲོད་གཏོང་དགོས་པ་མ་ཟད། བོད་ཀྱི་མི་དམངས་ཚོ་རང་གི་མེས་པོའི་རྒྱལ་ཁབ་ཀྲུང་གོའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་པོའི་ནང་དུ་ལོག་དགོས་པར་བོད་ས་གནས་སྲིད་གཞུང་དང༌། ཀྲུང་དབྱང་མི་དམངས་སྲིད་གཞུང་གྲོས་མཐུན་བྱུང་ཟེར་བའི་དོན་ཡིན་པ་ནི། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔོན་གླེང་དང་བཅས་པར་གསལ་བཀོད་ཡོད་པའི་གྲོས་མཐུན་འདིའི་རྩ་བའི་ལངས་ཕྱོགས་ཤིག་ཡིན་པས། བོད་ཀྱི་ངོས་ནས་མི་འདོད་བཞིན་དུ་བོད་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་དགོས་པ་ནི་གཡོལ་ཐབས་མེད་པའི་གནས་སྟངས་ཤིག་ཡིན་པ་དང༌། བོད་གཞུང་གིས་མེག་མོ་ཧན་ས་ཐིག་ལྟར་ན་ཨ་རུ་ན་ཅལ་མངའ་སྡེ་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་རེད་ཅེས་བརྗོད་ཐུབ་ཀྱི་ཡོད་པ་འདི་གྲོས་མཐུན་དོན་ཚན་བཅུ་བདུན་ཁས་ལེན་བྱེད་ཀྱི་ཡོད་ཕྱིན་རང་བཞིན་ནུས་མེད་དུ་འགྱུར་གྱི་ཡོད། དེ་བས་ཕྱི་ལོ་ ༡༩༥༤ ཕྱི་ཟླ་ ༤ ཚེས་ ༢༩ ཉིན་རྒྱ་གར་གྱིས་རྒྱ་ནག་དམར་གཞུང་དང་ལྷན་བསླབ་པ་ལྔའི་ཆིངས་ཡིག་བཞག་སྟེ་ཐོག་མར་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་བརྗོད་པ་གྲོས་མཐུན་དོན་ཚན་བཅུ་བདུན་གཞིར་བཞག་ནས་བརྗོད་ཡོད། བོད་ཀྱི་འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་བརྗོད་ཡོད། ཡང་ན། བོད་རྒྱ་ནག་གིས་བཙན་བཟུང་འོག་ཚུད་ཟིན་པའི་གནས་བབ་ཙམ་གཞིར་བཞག་གི་ཐོག་ནས་བརྗོད་ཡོད་པ་བཙལ་འཚོལ་བྱེད་དགོས་པ་ཞིག་ཡིན། གྲོས་མཐུན་དོན་ཚན་བཅུ་བདུན་ངོས་ལེན་ན་གནས་སྟངས་དེ་འདྲ་ཞིག་ཁས་ལེན་དགོས་པའི་དབང་གིས་ཉེ་དུས་ཐོན་པའི་ཏཱ་ལའི་ཡིས་ཕྱིར་བརྟེན་ནས་ཡིན་རློམ་བྱེད་པར་ཕམ་ཉེས་ཡོང་རྒྱུ་ལས་མ་འདས། ཅེས་པ་ཞིག་རྒྱ་ནག་གཞུང་གིས་བཏོན་པ་དེའི་བསྟན་དོན་གཙོ་བོ་ནི། བོད་འདི་ལོ་རྒྱུས་ཤུགས་རྐྱེན་གྱི་ངོས་ནས་བཤད་ན། རྒྱ་ནག་ལས་རྒྱ་གར་ལ་བདག་དབང་ཆེ་བ་ཡོད་པའི་བོད་མི་མང་གི་འདོད་ཚུལ་དང༌། ལྷག་པར་བོད་ཀྱི་སྲིད་གཞུང་དང་རྒྱ་གར་དབྱིན་ཇི་སྲིད་གཞུང་གཉིས་དབར་འདྲ་མཉམ་ཐོག་བཞག་པའི་ཆིངས་ཡིག་གི་འབྲུ་དོན་འོག་བྱུང་བའི་རྒྱ་གར་དང་བོད་ཀྱི་ས་མཚམས་མེག་མོ་ཧན་ས་ཐིག་ཟེར་བ་ཁས་ལེན་བྱེད་ཐབས་མེད་པའི་རྣམ་འགྱུར་སྟོན་པ་ཞིག་ཡིན། དེ་ཡང་ཏཱ་ལའི་ཡིས་ཕྱིར་བརྟེན་ནས་ཡིན་རློམ་བྱེད་པར་ཕམ་ཉེས་ཡོང་རྒྱུ་ལས་མ་འདས་ཅེས་པར་རྒྱ་ནག་གཞུང་གིས། རྒྱལ་རབས་རིམ་བྱུང་གི་ཀྲུང་གོའི་སྲིད་གཞུང་གིས་ཁྲིམས་འགལ་གྱི“མའེ་ཁེ་མ་ཧུང་ས་མཚམས”ཞེས་པ་ཁས་གཏན་ནས་ལེན་མྱོང་མེད། ཅེས་ཤོད་བཞིན་བོད་ཀྱི་ལོ་རྒྱུས་ཀྱི་མངའ་ཁོངས་ཆ་ཚང་ལ་སེམས་ཁུར་ཡོད་མདོག་བྱེད་ཀྱིན་འདུག་ཀྱང༌། རྒྱ་ནག་དམར་གཞུང་གིས་བོད་ཀྱི་ས་ཆ་ཤར་ཁུམ་བུ་དང༌། གྱ་གློ་མ་ནང༌། ཝ་ལུང་སོགས་བལ་ཡུལ་ལ་གསོལ་རས་སུ་སྤྲད་དེ་བོད་ཀྱི་སྤྱི་གཙུག་ལྟ་བུའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མངའ་ཁོངས་ཁ་བྲལ་དུ་བཏང་བའི་དབང་ཡོད་ཀྱི་བྱ་སྤྱོད་དེ་དག་བོད་པ་ཚོས་རྩ་བ་ནས་བརྗེད་མེད་པ་དྲན་སྐུལ་དང༌། ཡང་ན། རྒྱ་དཀར་ནག་གཉིས་ཀའི་ངོས་ནས་ཕྱི་ལོ་ ༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་དུས་ཚོད་འདས་པ་དང་ནུས་མེད་དུ་ཆ་འཇོག་བྱེད་ཀྱི་ཡོད་ཟེར་ན། མེག་མོ་ཧན་ས་ཐིག་ཀྱང་ཆ་འཇོག་བྱེད་ཐབས་མེད་པ་དང༌། ཡང་ན་ས་མཚམས་ལ་ཆ་འཇོག་བྱེད་ཀྱི་ཡོད་ན་ཆིངས་ཡིག་ལ་ཆ་འཇོག་ངེས་པར་བྱེད་དགོས་ཀྱི་ཡོད་ཅིང༌། དེ་མིན་རྒྱ་གར་ལ་ཧི་མ་ལ་ཡའི་རི་བརྒྱུད་ཁག་ཅིག་གི་བདག་དབང་ཇི་ལྟར་ཡོད་པའི་གནད་དོན་འདི་སླེབས་ཀྱི་ཡོད། གང་ལྟར་ཡང་རྒྱ་དཀར་ནག་གཉིས་ཀས་ཕྱི་ལོ་ ༡༩༡༤ ལོའི་ཆིངས་ཡིག་ལ་ཆ་འཇོག་མེད་ཟེར་ན། འདས་པའི་དུས་ཡུན་ནང་མཐོ་སྒང་བོད་ཀྱི་ཧི་མ་ལ་ཡའི་རི་བརྒྱུད་དུ་ངེས་གཏན་འཁེལ་བའི་ས་མཚམས་ཤིག་མེད་པས་རྒྱ་དཀར་ནག་གཉིས་ཀ་བོད་ས་རྩོད་པའི་ས་མཚམས་རྩོད་རྙོག་སེལ་བར་བོད་ཀྱི་བདག་དབང་གི་དྲི་བ་ནི་གདོང་ཐུག་གི་དཀའ་ངལ་ཆགས་མིན་ལྟད་མོ་བལྟ་རྒྱུ་ལས། བོད་ཀྱི་ངོས་ནས་རྒྱ་དཀར་ནག་སུ་ལ་ཡང་ལོ་རྒྱུས་ཀྱི་བོད་དུམ་བུར་གཏོང་བའི་ཁས་ལེན་གང་ཡང་བྱེད་དགོས་དོན་མ་མཐོང༌། ཡང་ན། དེང་གི་བོད་རྒྱ་འབྲེལ་མོལ་ཁྲོད་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོས་ལེན་བྱེད་ཀྱི་མེད་ན། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆར། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་གསལ་བ་དང༌། དེའི་རྗེས་ཀྱི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁྱོན་གཅིག་གྱུར་ལ་ཆ་འཛིན། ཞེས་དམིགས་བཀར་ལེ་ཚན་བཟོས་ཏེ་བཀོད་ཡོད་པ་འདི་དག་གཞི་གང་ལ་བཞག་ནས་གསུང་གི་ཡོད། དེ་བས་བོད་དོན་ནམ། བོད་རིགས་ཀྱི་གནད་དོན་ཐག་གཅོད་གང་ཡང་མ་བྱུང་གོང་ནས་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་པ་དང༌། དེ་མཚུངས་ཀྱི་ཁས་ལེན་གཞན་ཡང་བྱས་ཡོད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན། རྒྱ་ནག་གཞུང་གིས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཐོག། རྒྱ་རི་བློ་རྒྱན་ཁོང་ཚོའི་ནོར་བུ་ལྟ་བུའི་དྲན་ཐོ་དེ་ཀྲུང་དབྱང་ལ་སྤྲད་པས་དེ་ནི་གོང་འཕེལ་བྱུང་བ་ཞིག་མ་ཡིན་ནམ། དེས་ན་སླད་ཕྱིན་གྱི་གནས་ཚུལ་འབྲེལ་ཐུག་གྲོས་མོལ་བྱ་རྒྱུར་སྐྱོ་སྣང་ཆེན་པོ་བྱེད་དགོས་དོན་མེད། ཅེས་བརྗོད་པར་སྙམ། དེ་མིན་རྒྱ་རི་བློ་རྒྱན་ཁོང་ཚོའི་ནོར་བུ་ཞེས་པ་དེ་གང་ཡིན་ནམ་སྙམ། དོན་བསྡུས་ན་རྒྱ་དམར་སྲིད་གཞུང་རང་གིས་གྲོས་མཐུན་གྱི་འབྲུ་དོན་ལ་བརྩི་མེད་རྒྱབ་སྐྱུར་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་དེར་སླར་ཡང་ངོས་ལེན་བྱེད་པའི་ཁྲིམས་ཀྱི་གཞི་རྩ་གང་ཡང་མེད་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཡང་བསྐྱར་རྩ་བ་ནས་ཁས་ལེན་བྱེད་མི་རུང་བ་འཕགས་བོད་གཉིས་ཀའི་འབྱུང་འགྱུར་གྱི་རྩ་དོན་ཆགས་ཀྱི་ཡོད་ལ། དམག་དོན་གྱི་ས་བབ་དང༌། ཁོར་ཡུག་གི་ཆག་འཇིག་ནས་བསམས་ན་འཛམ་གླིང་གི་བདེ་སྡུག་དང་འབྲེལ་བ་དམ་ཟབ་ཡོད་པའི་རྒྱལ་སྤྱིའི་གནད་དོན་ཞིག་ཀྱང་ཡིན། ལྷག་པར་དོན་ཚན་བཅུ་བདུན་ངོས་ལེན་ན་དེའི་ཁྱབ་ཁོངས་སུ་མ་ཚུད་པར་བརྗོད་པའི་བོད་ཀྱི་ས་ཁུལ་དག་རང་བཞིན་གྱིས་རྒྱ་ཁོངས་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད་པ་ཞིག་ཆགས་ཀྱི་ཡོད། གང་ལྟར་ཡང་ཉེ་དུས་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༣ ཚེས་ ༢༥ ཉིན་བྷེལ་ཇམ་གྱི་རྒྱལ་སར་ཡུ་རོབ་གྲོས་ཚོགས་ཀྱི་ངོས་ནས་ཡུ་རོབ་མནའ་འབྲེལ་གྱི་འགན་འཛིན་གྱིས་བརྗོད་དོན། ཡུ་རོབ་གྲོས་ཚོགས་ཀྱིས་བོད་ཚུད་པའི་རྒྱ་ནག་གི་བདག་དབང་དང་ས་ཁྱོན་ལ་བརྩི་བཀུར་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཅིག་གི་སྲིད་བྱུས་ལའང་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་པའི་བརྗོད་བབ་ལ་བལྟས་ན་བོད་དོན་གྱི་གླེང་སློང་དེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ཁས་ལེན་གྱིས་རྒྱལ་སྤྱིའི་དཀྱིལ་འཁོར་གྱི་བོད་དོན་གྱི་གནས་བབ་དར་རྒུད་གང་ཡིན་ཡང་ཤུགས་རྐྱེན་ག་ཚོད་ཐེབས་འདུག འདི་ནི་ཉེ་དུས་བྱུང་བའི་དཔེ་མཚོན་གཅིག་ཙམ་ཡིན། དེ་ནས་ད་ལྟའི་དབུ་མའི་ལམ་གྱི་འགྲེལ་བརྗོད་གང་ཡིན་སྙམ་ན། ཕྱི་ལོ་ ༡༩༧༢ ཡས་མས་ནས་བྱུང་བའི་དབུ་མའི་ལམ་ལ་རྒྱ་ནག་དམར་གཞུང་གིས་མོས་མཐུན་མ་བྱས་པའི་གནས་བབ་འོག་ད་བར་འགྲེལ་བརྗོད་མང་དག་བྱུང་ཡོད་ལ། ཕྱི་ལོ་ ༢༠༠༤ ཙམ་ནས་ད་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱ་རྒྱུ་དབུ་མའི་ལམ་གྱི་གོ་དོན་ཡིན་པར་བརྗོད་པ་བཞིན། རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཕུལ་བ་རེད། ཡིན་ནའང་ཕྱི་ལོ་ ༢༠༡༠ ལོར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་འགྲེལ་བརྗོད་ཡིག་ཆ་ཞིག་རྒྱ་ནག་གཞུང་ལ་ཕུལ་བ་དེའི་ནང་སླར་ཡང་དབུ་མའི་ལམ་ལ་འགྲེལ་བརྗོད་གནང་དོན། དབུ་མའི་ལམ་གྱི་གོ་དོན་ནི་ཕན་ཚུན་གུ་བཤངས་དང་བསམ་ཤེས་ཀྱིས་གྲོས་མོལ་གྱི་ལམ་ནས་གཉིས་མོས་གཉིས་ཕན་ལྡན་པའི་ཐག་གཅོད་ཡོང་ཐབས་བྱེད་རྒྱུ་དེ་རེད་ཅེས་གསལ་འདུག གོང་དུ་ལན་མང་ཞུས་ཟིན་ལྟར་བོད་ཀྱི་ངོས་ནས་བློས་གཏོང་དེ་ཙམ་ཞིག་བྱས་ཡོད་པ་རེད། ད་དུང་གུ་བཤངས་ག་རེ་བྱེད་རྒྱུ་ལྷག་ཡོད་མེད་དང༌། གུ་བཤངས་བྱས་ཀྱང་རྒྱ་ནག་གཞུང་གིས་བསམ་ཤེས་ཀྱིས་གཉིས་མོས་ཀྱི་ལམ་ཞིག་འཚོལ་འདོད་མེད་པ་མངོན་གསལ་ཆགས་ཡོད་པ་རེད། དེས་ན་བོད་དོན་ཐག་གཅོད་ཡོང་བར་དབུ་མའི་ལམ་གྱི་ངོས་ནས་ག་རེ་བྱེད་རྒྱུ་ལྷག་ཡོད་དམ་སྙམ། འདིར་བོད་པ་ཚོས་ངེས་ཤེས་ཐོབ་དགོས་པ་ཞིག་ནི། མི་བྱེ་བྲག་པ་དང༌། མི་སྡེའི་སྤྱི་ཚོགས་རང་རང་གི་འཚོ་བའི་ལམ་ལུགས་རང་ཐག་རང་གིས་གཅོད་པ་ནི་མི་ཚང་མའི་གཞི་རྩ་དང་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན་པ་དང༌། བོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་མ་ཞུགས་པ་དང༌། སྟོབས་ཆེན་རྒྱལ་ཁབ་ཚོས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་གྱི་ཆེད་དུ་བོད་རྒྱལ་ཁབ་ཅིག་གི་ངོ་བོར་ངོས་ལེན་མི་བྱེད་པ་ཙམ་གྱིས་བོད་ཀྱི་ཁྲིམས་མཐུན་བདག་དབང་གི་ངོ་བོ་གསུབ་ཐུབ་ཐབས་མེད། དེར་བརྟེན་བོད་ཀྱི་བདག་དབང་ཕྱི་རྒྱལ་བཙན་འཛུལ་བས་འཕྲོག་ཡོད་པ་ལས་བོད་ཀྱི་བདག་དབང་གི་ཁྲིམས་མཐུན་གྱི་ནུས་པ་ཤོར་མེད་པ་རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་ལུགས་ཡིན་ལ། གོང་དུ་བཙན་བྱོལ་བོད་གཞུང་གི་ཁྲིམས་མཐུན་བདག་དབང་གི་གནས་བབ་ཞུས་པ་དེ་ད་ལྟ་བཙན་བོད་གཞུང་གི་དབང་བསྒྱུར་འོག་ཏུ་བོད་ས་ཡོད་མེད་མིན་པར། གནད་དོན་གཙོ་བོ་བོད་ཀྱི་བདག་པོ་བོད་པ་མི་མང་གིས་བཙན་བྱོལ་བོད་གཞུང་ལ་བོད་ཀྱི་བདག་དབང་ཡོད་པའི་ངོས་ལེན་བྱེད་ཀྱི་ཡོད་པ་བོད་ཀྱི་ཆབ་སྲིད་ཀྱི་རྩ་བའི་རྨང་གཞི་རེད་ལ། བོད་ཀྱི་བདག་དབང་དེ་བོད་གཞིས་བྱེས་གཉིས་སུ་གྱར་བའི་ངོས་ནས་དང༌། བོད་དུ་བཙན་འཛུལ་རིམ་བྱས་ཀྱི་ངོས་ནས་གླེང་ན་མི་ལོ་བརྒྱ་ཕྲག་དང་སྟོང་ཕྲག་གི་རིང་བོད་རྒྱ་ཆེའི་མང་ཚོགས་ཀྱིས་རང་གི་ཚེ་སྲོག་ལས་རྩ་ཆེར་བརྩིས་ནས་ཕྱི་རྒྱལ་བཙན་འཛུལ་བའི་གཉའ་གནོན་གྱི་འོག་ཏུ་རྒྱ་ནག་གིས་མཚོན་པའི་ཁྱིམ་མཚེས་རྒྱལ་ཁབ་སུ་ལ་ཁས་ལེན་སྤྲད་མེད། ཡིན་ནའང་ད་ཆ་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་ཁས་ལེན་བྱས་པར་གྲུབ་འབྲས་མངོན་གསལ་བ་ཐོན་ཡོད་ན་གནས་སྟངས་གཅིག་རེད་དེ། གྲུབ་འབྲས་གང་ཡང་ཐོན་མེད་པ་ཡོངས་གྲགས་ཀྱི་གནས་ཚུལ་རེད། དེ་ལས་ལྡོག་ནས་དེང་སང་རྒྱ་ནག་གིས་ཧམ་པ་ཤིན་ཏུ་ཆེན་པོའི་སྒོ་ནས་བརྗོད་དོན། ཏཱ་ལའི་བླ་མ་ཕྱོགས་ནི་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་མིན་ལ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱང་མིན་པ་དང༌། ཐ་ན་ཁྲིམས་མཐུན་གྱི་ཐོབ་ཐང་ཡང་མེད། སྙན་པོ་བཤད་ན་ཏཱ་ལའི་བླ་མ་ཕྱོགས་ཀྱིས་བཏོན་པའི་གནད་དོན་དེ་དག་ནི་འཚམ་པོ་ཞིག་མ་རེད། ཐད་ཀར་བཤད་ན་ཏཱ་ལའི་བླ་མ་ཕྱོགས་ལ་གནད་དོན་དེ་འདོན་པའི་ཐོབ་ཐང་མེད། ཅེས་ཟེར་བཞིན་པ་འདི་རྒྱ་ནག་ཧམ་ཤེད་ཇེ་ཆེར་འགྲོ་གཞིའི་ཁས་ལེན་འདི་དང་འདི་འདྲ་བ་ཁག་ཅིག་བྱས་པ་ལ་བརྟེན་ནས་བྱུང་བར་ངོས་འཛིན་མི་བྱེད་ཐབས་མེད་ཆགས་ཡོད། དེ་ཡང་གསལ་པོ་བྱས་ནས་བཤད་ན། འཕངས་ཚར་བའི་མདའ་དང་བཤད་ཚར་བའི་ཚིག་ཟེར་བ་བཞིན་ཐག་གཅོད་ནི་མི་བྱེ་བྲག་པ་ཞིག་གིས་ཡིག་ཐོག་ནས་བྱས་ནའང་ལས་སླ་པོ་ཞིག་མིན་ཏེ་སྔོན་མི་ཞིག་གིས། སོ་སོའི་དགྲ་བོ་ལ་ངའི་ས་ཆའི་བདག་དབང་ཁྱོད་རང་ལ་ཡོད་སྟབས་ང་ལ་ཉལ་ས་སྤྲོད་རོགས་ཅེས་ཡིག་ཐོག་ནས་ཁས་ལེན་གྱིས་རེ་སྐུལ་བྱས་པའི་དཔེ་དང་འདྲ་བའི་བསམ་འཆར་དགོས་འདུན་ལ་གྲུབ་འབྲས་མ་ཐོན་ན། རྒྱལ་སྤྱིའི་འགྱུར་བའི་དུས་བབ་འོག་རང་བཙན་དང༌། རང་ཐག་རང་གཅོད་སོགས་འཐབ་བྱུས་གཞན་དག་གི་ཐོག་མུ་མཐུད་བསམ་བློ་གཏོང་ས་ཞིག་འཇོག་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་པའི་ཚིག་འདིས་དེ་ཚོ་ལ་བསམ་བློ་གཏོང་ས་ཞིག་བཞག་ཡོད་མེད་ནི་འཛེམས་དོགས་རྩ་བ་ནས་བྱེད་མི་རུང་བའི་བོད་ཀྱི་དྲི་བ་ཞིག་ཡིན། དེར་བརྟེན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་འགྲེལ་བརྗོད་དང་བཅས་པ་རྒྱལ་སྤྱིའི་མཁས་པ་གང་འདྲ་ཞིག་གི་ལམ་སྟོན་འོག་བཟོས་པ་ཡིན་ནམ་སྙམ།
མཐའ་དོན་བོད་གཞུང་གི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་དྲངས་ཏེ་མཇུག་སྡོམ་ཞུ་རྒྱུ་ཡིན། དེ་ཡང་བོད་གཞུང་གི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་གཞུང་ཤེས་རིག་གི་ཤེས་ཡོན་ཚོགས་ཆེན་ཐོག་བོད་གཞུང་མང་གཙོའི་ཀ་བ་རྣམ་པ་གསུམ་གྱི་མཛད་གཙོ་རྣམ་པ་དང༌། བོད་སློབ་ཁག་གི་འགན་འཛིན་རྣམ་པ་གཙོ་བོར་གྱུར་པའི་ཚོགས་དབུས་སུ་གསུང་དོན། ང་ཚོ་སྤྱི་པའི་དོན་དག་བསྒྲུབ་རྒྱུར་གང་དགའ་ཅི་ལེགས། ལེགས་སྤེལ་ཉེས་འགོག་ག་རེ་བྱེད་དགོས་ཀྱི་འདུག ཚང་མ་ཁུར་མཉམ་ལེན་གྱི་ཐོག་ནས་བསམ་བློ་གཏོང་རྒྱུ་དེ་རེད། མི་དང་མ་སོང་ནའང༌། མི་ནད་པ་ཛ་དྲག་ལ་ཐུག་ཡོད་པ་རེད། ངོས་ཀྱིས་ནམ་རྒྱུན་རྩེད་མོ་རྩེ་ནས་ཤོད་ཀྱི་ཡོད། ཚེས་གྲངས་བཟང་ངན་བརྩི་རྒྱུ་དང་གཅིག མཛད་སྒོ་ཚོགས་ཞེས་པ་དེ་ཚོའི་གྲས་དེ། མིའི་མི་ཚེ་གཅིག་ལ་གལ་ཆེ་ཤོས་དེ་སྐྱེས་པའི་ཉིན་མོ་དང་ཤི་བའི་ཉིན་མོ་རེད། དེར་མཛད་སྒོ་ཚོགས་རྒྱུ་ཡོད་པ་མ་རེད། རྩིས་སྐོར་རྒྱུ་མེད་པ་རེད། སྐྱིད་པོ་ཡོད་པའི་སྐབས་ལ་ཚེས་གྲངས་བཟང་ངན་བལྟས། མཛད་སྒོ་ཚོགས་ནས་འདྲ་ཆགས་པོ་ཞིག་བྱ་རྒྱུ་ཡོད་པ་རེད། འགག་ལ་ཐུག་པའི་སྐབས་ང་ཚོ་ནོར་གླིང་ནས་བྲོས་ཡོང་དུས་ཚེས་གྲངས་ལྟ་རྒྱུ་དང་མཛད་སྒོ་ཚོགས་རྒྱུ་མི་འདུག བྲོས་ཡོང་རྒྱུ་རེད། དེར་བརྟེན་ང་ཚོ་བོད་མི་རིགས་ད་ལྟ་དེ་འདྲ་ཞིག་གི་མཚམས་ལ་སླེབས་ཡོད་པ་རེད་མ་གཏོགས། འདྲ་ཆགས་པོ་བྱས་ཏེ་སྡོད་རྒྱུའི་དུས་ཚོད་མ་རེད། ང་ཚོ་འཆི་གསོན་སྒང་ལ་སླེབས་ཡོད། དེ་འདྲ་ཡིན་དུས་དོན་དག་ངོ་མའི་སྟེང་གང་དགའ་ཅི་ལེགས་ཀྱི་བསམ་བློ་གཏོང་རྒྱུ་རེད་མ་གཏོགས་འདྲ་ཆགས་པོ་དང་སྤམ་པོ་བྱ་རྒྱུའི་སྐད་ཆ་ཞིག་མ་རེད། འདི་ཁྱོད་རང་ཚོའི་སེམས་ལ་ཞོག ཅེས་གསུངས་པ་ལྟར་འཕྲལ་ཕུག་གི་གནས་སྟངས་གང་ནས་བལྟས་ཀྱང་བོད་སྤྱི་པ་ཚགས་ཚུད་པོ་མ་བྱུང་ན་ཉིན་གཅིག་ཐོབ་ཐང་རྩོད་ས་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད། དེ་བས་བོད་མི་མང་ལ་གུ་ཡངས་མང་གཙོའི་ལྟ་གྲུབ་དང༌། བོད་དོན་ཆབ་སྲིད་གོ་རྟོགས་གནད་སྨིན་སྤེལ་རྒྱུར་གོམ་པ་མདུན་བསྐྱོད་ངེས་པར་བྱེད་དགོས་པ་མ་འོངས་བོད་ཀྱི་ཆེད་དུ་སྡུག་ས་ནས་གྲ་སྒྲིག་བྱེད་པའི་བགྲོད་ལམ་ཉག་ཅིག་ཡིན་པ་དེ་རེད། དེ་ཡང་བོད་པ་མི་མང་ལ་རྩ་དོན་ཐོག་མང་ཚོགས་ཀྱི་རང་ཚུགས་དང༌། མང་ཚོགས་ཀྱི་འགན་ཁུར། མང་ཚོགས་ཀྱི་དམིགས་འདུན་ལངས་ཕྱོགས་བསྲེག་གཏུབ་འཕེར་ངེས་ཡོད་དགོས་པ་ནི་མ་འོངས་བོད་ཀྱི་རྩ་དོན་རྩོད་ལེན་མཐའ་མའི་ཐག་གཅོད་ཁ་ཡོད་ལག་ཡོད་ཅིག་མི་མང་གིས་བྱེད་པར་མེད་དུ་མི་རུང༌། མདོར་ན་མ་འོངས་པར་བོད་པ་མང་ཚོགས་ཀྱི་དགོས་འདུན་ལྡན་པའི་བོད་དོན་འཐབ་རྩོད་ཅིག་བྱེད་ཐུབ་མིན་གྱི་འགག་རྩ་ནི་བོད་པ་མི་རེ་ངོ་རེ་འགན་ཁུར་ལྡན་པའི་མང་གཙོའི་སྤྱི་འབངས་ཁ་ཡོད་ལག་ཡོད་ཅིག་ཆགས་ཐུབ་མིན་ལ་ཐུག་ཡོད་པས། ཕྲན་ནས་ཀྱང་། རང་རང་མཐུ་དང་ནུས་པའི་དཔུང་བསྐྱེད་དེ། །རང་ཡུལ་གངས་ཅན་ཞིང་དུ་བདེ་སྐྱིད་སྤེལ། །ཅེས་གསུངས་པ་བཞིན་སོ་སོའི་རང་དོན་ཡིན་པའི་བོད་དོན་ལ་ཡུན་རིང་བསམ་ཞིབ་བརྟག་དཔྱད་བགྱིས་ཏེ། རང་ལ་མཐོང་ཚུལ་གང་བྱུང་བ་སྤྱི་དོན་དཔྱད་གཞིར་འཛེམས་ཟོན་སྤངས་ཏེ་ཁ་ཁོག་མེད་པའི་སྒོ་ནས་སྐྱིད་སྡུག་གཅིག་པའི་བོད་མི་མང་ལ་བསམ་བློ་བརྗེ་རེས་ཀྱི་དཔྱད་གཞིར་མདོར་བསྡུས་སུ་སྤེལ། ༢༠༡༠/༥/༢༣ ལ།
བསམ་ཚུལ་དང་འབྲེལ་བའི་ཟུར་ལྟའི་དཔྱད་གཞི་ཁག་གི་མིང་བྱང༌།
༡ ྋགོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང༌། ྋགོང་ས་མཆོག བོད་གཞུང་ཤེས་རིག ༡༩༩༡
༢ ྋགོང་ས་མཆོག་གི་མཛད་རྣམ་ཕྱི་ཡུལ་དུ་རང་དབང༌། ྋགོང་ས་མཆོག ལྡི་ལི་བོད་ཁང༌། ༢༠༠༨
༣ ྋགོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་༡༩༥༩/༩/༡ ནས་ ༡༤ བར་ཆིབས་བསྒྱུར་བསྐྱངས་སྐབས་ཀྱི་མཛད་དེབ། དཔར་རྙིང་ལག་བྲིས།
༤ ཆོས་སྲིད་གཉིས་ལྡན་བོད་དམངས་གཙོའི་སྲིད་གཞུང་དབུ་བརྙེས་ནས་ལོ་ཉེར་ལྔ་འཁོར་བ། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས། ༡༩༨༥
༥ བཙན་བྱོལ་བོད་གཞུང་གི་གྲུབ་འབྲས་སྤྱི་དང་བྱེ་བྲག མཁས་དབང་ཟམ་གདོང་རིན་པོ་ཆེ། བོད་ཀྱི་དུས་བབ། ༡༩༩༧
༦ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་འབྲེལ་བའི་ཡིག་ཆ་གལ་ཆེ་ཁག་ཕྱོགས་བསྒྲིགས། བཙན་བོད་གཞུང་ཕྱི་དྲིལ། ༢༠༠༩
༧ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད། བཙན་བྱོལ་བོད་གཞུང་གི་བོད་ཡིག་དྲ་བ། ༢༠༡༠
༨ ཀྲུང་གོའི་བོད་ལྗོངས་ཟེར་བའི་དུས་དེབ་ཀྱི་ཆེད་རྩོམ་ཏཱ་ལའི་བླ་མའི་དབུ་མའི་ལམ་ཞེས་པར་རང་ཉིད་ཀྱི་ལྟ་ཚུལ་བརྗོད་པ། ཡེ་རྡོར།
༩ བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་བར་དྲན་གསོ་ཞུ་བའི་རྩོམ་ཡིག་ཕྱོཊ་བསྒྲིཊ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། ༢༠༠༡
༡༠ ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས། བཀའ་ཟུར་ཨ་ལགས་ཙ་ཡུས་བསྟན་འཛིན་དཔལ་འབར། བོད་གཞུང་ཕྱི་དྲིལ། ༡༩༩༤
༡༡ བོད་ཀྱི་འདས་དང་ད་ལྟ་མ་འོངས་བཅས་པའི་གནས་སྟངས་སྐོར་བཀའ་སློབ་ཕྱོགས་བསྒྲིགས། ྋགོང་ས་མཆོག བོད་གཞུང་ཕྱི་དྲལ། ༡༩༩༣
༡༢ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༡ནས་ ༡༩༩༦ བར་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་སུ་བཅའ་ཁྲིམས་ཀྱི་ཟིན་བྲིས་གསོལ་རས་སྩལ་སྐབས་དང༌། གྲོས་ཚོགས་ཀྱི་ཚོགས་དུས། ཚོགས་གཙོ་སྦྲེལ་པོའི་དམ་འབུལ་མཛད་སྒོ་བཅས་ཀྱི་སྐབས་སུ་བསྩལ་བའི་གལ་ཆེའི་བཀའ་སློབ་ཕྱོགས་བསྡུས། བོད་མི་མང་སྤྱི་འཐུས་ལྷན་ཁང༌། ༡༩༩༨
༡༣ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་ནས་གསར་འབྱོར་བར་བསྩལ་བའི་བཀའ་སློབ་ཡོངས་སུ་རྫོགས་པའི་སྙིང་དོན་ཕྱོགས་བསྒྲིགས། གཞིས་ལུས་རྒྱ་ཆེའི་མི་དམངས། ༡༩༧༩-༡༩༩༨ པདྨ་ཚེ་རིང༌། ༢༠༠༡
༡༤ ཆབ་སྲིད་ལམ་སྟོན། གཉིས་པ། ྋགོང་ས་མཆོག བོད་གཞུང་ཕྱི་དྲིལ། ༡༩༨༨
༡༥ ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་བཙན་བྱོལ་བོད་གཞུང་གི་ལྔ་བཅུའི་དུས་དྲན་ཚོགས་ཆུང་ལ་ཕུལ་བའི་བསམ་འཆར་སྙན་ཞུ། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ།
༡༦ ༢༠༠༨/༣/༡༠ ཉིན་བཏོན་པའི་མཐོ་སྒང་གི་རྒྱབ་མདུན་གྱི་བསྒྱུར་རྩོམ། བོད་ཀྱི་བདག་དབང་ཞི་མོལ་བྱེད་རུང་བ་ཞིག་རེད་དམ། སློབ་དཔོན་ཆེན་མོ་མཁར་རྨེའུ་བསམ་གཏན།
༡༧ ལྷིང་འཇགས་མེད་པའི་ཧི་མ་ལ་ཡ། ཆབ་སྲིད་བཙོན་པ་སྒྲོལ་མ་སྐྱབས་ཀྱིས་རྒྱ་ཡིག་ཐོག་བརྩམས། བཀའ་ཐུབ་རྒྱལ་གྱིས་བོད་བསྒྱུར་བྱས། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས། ༢༠༠༧
༡༨ ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཤར་དུང་རི་དུས་དེབ། སྤྱིའི་དེབ་གྲངས་ཉེར་གཅིག་པ། ༢༠༠༨
༡༩ འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་སྲིད་དོན་གྱི་མི་ཚེ་དང་དུས་སྐབས། བོད་མི་གསར་བརྗེ་བ་ཞིག མེལ་ཝིན་ སི་ གྷོལྜ་སི་ཊཻན་དང༌། ཟླ་བའི་ཤེས་རབ། ཝི་ལིམ་ ཨར་ སའི་བྷན་ཤུ་བཅས་ཀྱིས་བརྩམས། ཆུང་ཚེ་རིང་གིས་བསྒྱུར། བོད་ཀྱི་དུས་བབ། ༢༠༠༦
༢༠ ༢༠༡༠/༠༢/༠༩ ཉིན་སྦེལ་ཀོབ་བོད་ཀྱི་གསར་འགོད་པ་དང་གསར་འགོད་ལས་ཟུར་གྱིས་གོ་སྒྲིག་འོག་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་བོད་རྒྱ་འབྲེལ་མོལ་དང༌། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་གྱི་བརྗོད་གཞིའི་ཐོག་སྦེལ་ཀོབ་གཞིས་ཆགས་སུ་གནང་བའི་གསུང་བཤད་ཀྱི་བརྙན་སྡེར། སེར་བྱེས་དཔར་ལས་སྡེ་ཚན་གྱིས་བརྙན་དཔར་དང་འགྲེམས་སྤེལ་བྱས་པ།
༢༡ ༢༠༠༩/༨/༢༧ ཉིན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཆེན་པོའི་སྐོར་གླེང་སྟེགས་སྒོར་མོའི་བགྲོ་གླེང་ཐོག་གནང་བའི་གསུང་བཤད། བཙན་བྱོལ་བོད་གཞུང་གི་གལ་ཆེའི་དྲིལ་བསྒྲགས་ཡིག་ཆ། བོད་གཞུང་ཕྱི་དྲིལ།
༢༢ རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་སྲོལ་དང༌། བོད་ཀྱི་དངོས་ཡོད་གནས་སྟངས་སྐོར་གྱི་བགྲོ་གླེང་ཚོགས་འདུའི་ལས་རིམ་ཕྱོགས་བསྡེབས། བོད་གཞུང་ཕྱི་དྲིལ། ༢༠༠༦
༢༣ མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས། དེབ་བཞི་པ། མི་རིགས་དཔེ་བསྐྲུན་ཁང་། ༡༩༩༢
༢༤ ༢༠༠༨/༡/༥ ཉིན་མོན་གྷོ་གཞིས་སྒར་གྱི་ལས་བསྡོམས་ཚོགས་ཆེན་ཐོག་གནང་བའི་རང་གཞུང་བཀའ་ཤག་གི་ཆབ་སྲིད་དང་འཛིན་སྐྱོང་གི་མཛད་ཕྱོགས་གསུང་བཤད། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ། བཙན་བྱོལ་བོད་གཞུང་གི་གལ་ཆེའི་དྲིལ་བསྒྲགས་ཡིག་ཆ། བོད་གཞུང་ཕྱི་དྲིལ།
༢༥ ༢༠༠༦/༡༡/༨ ཉིན་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་ལ་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི། ༢༠༠༨/༨/༡ ཉིན་བཏོན་པའི་མཐོ་སྒང་གི་རྒྱབ་མདུན་དུ་བདམས་བཀོད།
༢༦ བོད་ལྗོངས་ཀྱི་མི་རིགས་ས་ཁོངས་རང་སྐྱོང༌། ཤོག་བུ་དཀར་པོ་ཟེར་བ། བོད་ཡིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང༌། སྐར་གསར་དཔེ་སྐྲུན་ཁང་། ༢༠༠༤
༢༧ མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས། ༢༠༠༡/༡/༢༨ ཉིན་གྱི་བཟོ་བཅོས་རྗེས་ཀྱི་དཔར་མའི་དཔར་བཤུས།
༢༨ Indian Parliament on the issue of Tibet, Lok Sabha 1952-2005 བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང༌། ༢༠༠༦
༢༩ Indian Parliament on the issue of Tibet, Rajya Sabha 1952-2005 བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང༌། ༢༠༠༦
༣༠ ཕྱི་ལོ་ ༢༠༠༨ ལོའི་བོད་ཀྱི་དུས་བབ་ཕྱོགས་སྡོམ། བོད་ཀྱི་དུས་བབ། ༢༠༠༨
༣༡ རང་བཙན། བོད་ཀྱི་གནད་དོན། འཇམ་དབྱངས་ནོར་བུ། མི་ནག་ཚང་ལུང་རིགས་རྒྱལ་གྱིས་བསྒྱུར། རྡ་ས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱིས་དཔར་སྐྲུན་དང་འགྲེམས་སྤེལ་བྱས། ༢༠༡༠
༣༢ བོད་རང་བཙན། བདེན་དོན་ལ་དཔྱད་ཞིབ། འཇམ་དབྱངས་ནོར་བུས་ཕྱོགས་བསྒྲིགས་བྱས། དགེ་འདུན་རབ་གསལ་གྱིས་བསྒྱུར། བོད་ཀྱི་དུས་བབ་དྲ་རྒྱར་ ༢༠༡༠/༠༣/༠༦ འདོན་སྤེལ་བྱས་པ།
༣༣ རྒྱ་ནག་གཞུང་གི་སྐྱོན་འཛུགས་ཁག་ལ་བཙན་བྱོལ་བོད་གཞུང་གི་ལན་འདེབས། ༢༠༠༨/༥/༡༥ ནས་ ༢༠༠༨/༡༠/༡༣ བར་ཐོན་པའི་དུམ་ཚན་ལྔ་ཅན། བཙན་བྱོལ་བོད་གཞུང་གི་བོད་ཡིག་དྲ་རྒྱ།
༣༤ ཕྱི་ལོ་ ༢༠༡༠ ལོའི་གྲོས་ཚོགས་ཉན་ཞིབ་སྐབས་ཀྱི་བརྙན་འཁོར། བོད་གཞུང་ཕྱི་དྲིལ། ༣༥ བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་ཤེས་བྱ་དུས་དེབ། ཕྱི་ལོ་ ༢༠༡༠ ཕྱི་ཟླ་དང་པོ། བོད་གཞུང་ཕྱི་དྲིལ། ༣༦ བོད་དུ་ལག་བསྟར་བྱས་པའི་རྒྱ་དམར་གྱི་སྲིད་བྱུས་དང་བྱ་ཐབས། བོད་གཞུང་ཕྱི་དྲིལ། ༢༠༠༢
༣༧ ྋགོང་ས་མཆོག་གིས་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་གྲོས་ཚོགས་སུ་གནང་བའི་གསུང་འཕྲིན་ལ་སྤྱི་འཐུས་རྣམས་ཀྱིས་བགྲོ་གླེང་གནང་བའི་ཐད་ ༢༠༡༠/༠༣/༡༥ ཉིན་བོད་གཞུང་བཀའ་ཤག་གི་གསལ་བཤད་གསུང་བཤད། བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན།
༣༨ ཟུངས་ཁྲག་དྲོན་མོ་གངས་ཅན་ལྗོངས་སུ་མཆོད། སྟོད་ཆ། བ་རི་ཟླ་བ་ཚེ་རིང་གིས་བརྩམས། འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་བསྒྱུར། བོད་གཞུང་ཕྱི་དྲིལ། ༢༠༠༧
༣༩ ཏཱ་ལའི་ཡིས་ཕྱིར་བརྟེན་ནས་ཡིན་རློམ་བྱེད་པར་ཕམ་ཉེས་ཡོང་རྒྱུ་ལས་མ་འདས། སྤེལ་དུས། ༢༠༡༠/༠༢/༢༣ ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཡེ་རྡོར།
རྩོམ་ཡིག་འདི་ནི་ཐེངས་བཅུ་གྲངས་ཤིག་བཀླགས་པ་ཡིན། དངོས་གནས་བསམ་བློ་བཏངས་ན་གནད་ལ་རེག་པ་ཞིག་བྲིས་འདུག ང་ཚོས་ངེས་པར་དུ་འདི་ལྟར་ཞིབ་འཇུག་མཐིལ་ཕྱིན་པ་རེ་བྱས་ནས་རྩོམ་བྲིས་ན་ད་གཟོད་རིན་ཐང་ཡོད་ཀི། ཡིན་ནའང་། ངས་འདི་བཤད་ཡོད་ཀི། ག་བཤད་ཡོད་གི་ཞེས་དམིགས་འཛུགས་ཞུ་རྒྱུུ་མིན། དང་པོ་ཀློག་པ་པོ་དག་གི་བསམ་ཚུལ་ལ་ཉན་ནས་རྗེས་སུ་བསམ་ཚུལ་ཞིག་བཤད་འདོད་ཡོད།
ང་ཚོས་གླེང་རིན་དང་རིན་ཐང་ཡོད་པའི་རྩོམ་ཡིག་འདི་ཚོར། དཔྱད་བསྡུར་མ་བྱས་པར། བོད་ཡིག་དང་བོད་སྐད་ལ་སྣང་བ་འགག་ཟིན་པའི་མི་སྣ་རེ་ཟུང་གི་དཀའ་ངལ་ཏེ། བོད་ཡིག་ལ་བར་སྟོང་འཇོག་དགོས་ལུགས་ཀྱི་ཅ་ཅོར། འུར་ཟིང་ཟིང་བྱེད་དོན་ཅི།
མིག་ཤར་ཙམ་བྱས་པའི་བྲིས་ཚད་ཡག་པོ་འདུག་སྙམ་པའི་ནང་ནས་ཚི་དོན་བློ་ལ་ཐད་ཤོས་ནི། ་་་་་གནད་དོན་འདི་ནི་བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་ལ་ཡང་བསྐྱར་ཕྱིར་བལྟ་མི་བྱེད་ཀ་མེད་ཀྱི་གནད་དོན་གལ་ ཆེན་ཡིན་པར་མ་ཟད། འཛམ་གླིང་སྤྱི་དང༌། ལྷག་པར་ཨེ་ཤ་ཡའི་འབྱུང་འགྱུར་གྱི་ཞི་བདེ་བརྟན་ལྷིང་དང་འབྲེལ་བ་དམ་ཟབ་ཡོད་ པའི་བོད་ཀྱི་བདག་དབང་གི་དྲི་བ་འདི་མུ་མཐུད་སྦས་སྐུང་གིས་འཇོག་ཐབས་མེད་པ་ཞིག་ཀྱང་རེད། །་་་་་་ཅེས་པ་འདི་བྱུང་སོང་།
ཞིབ་ཚགས་པོར་བལྟ་ཁོམ་མ་བྱུང་བས་བམ་ཀློག་ཅིག་བྱས་པའི་མིག་འོག་ཏུ་ཟིན་པ་ནི། བརྒྱ་བཤད་ཚིག་གི་རྩ་བ་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བྱས་པའི་མཐའ་མའི་གསལ་བཤད་ཡི་གེ་ལ་ཐུག་འདུག་སྙམ་སོང་།
རྩོམ་འབྲི་བའི་ལ་ཞེན་ལ་རྨ་མེད་ན་ཡང་།
ངས་སྔོན་མ་ནས་འདི་འདྲ་ཞིག་ཤོད་ཀྱིན་ཡོད། ལོ་རྒྱུས་ཀྱི་བདེན་པ་དང་བོད་མིའི་རང་བཙན་ནི་མདང་ནུབ་སྐྱེས་པའི་ཕྲུ་གུ་དང་དོ་དགོང་འདས་པའི་རྒས་པོ་ཚུན་ཆད་དུ་ཡིད་ལ་འདོད་པའི་རེ་བ་ཉག་གཅིག་པོ་ཡིན་ན་ཡང་།
དོན་དག་དེ་ནི་ཡར་ཀླུང་གཙང་བོར་བརྒལ་བ་དང་འདྲ་བོ་རེད། གལ་སྲིད་ཁྱོད་ཡར་ཀླུང་གཙང་བོར་བརྒལ་འདོད་ན་ཁྱོད་ལ་གྲུ་གཟིངས་དང་སྐྱ་བའི་གྲ་སྒྲིག་མེད་ན་གཙང་བོར་བརྒལ་རྒྱུའི་རེ་བ་དེ་ག་ཚད་མགྱོགས་པོ་དང་ག་ཚད་ཡག་པོ་ཡོད་ན་ཡང་གནས་སྐབས་སུ་སྟོང་སེམས་རང་ལ་ལྷག་བསྡད་གི་རེད།
དོན་དག་གི་དངོས་པོ་དེ་འདྲ་ཡིན་སྟབས་ཟམ་པ་འཛུགས་རྒྱུ་ནི་དུས་ཡུན་རིང་པོ་ག་ཚད་འགོར་ན་ཡང་ཕ་རོལ་ཚུར་རོལ་གྱི་གཙང་བོའི་ཕྱོགས་གཉིས་ལ་ཕན་པའི་བྱ་བ་རླབས་ཆེན་ཞིག་ཡིན་ཙང་དང་། རང་གཅིག་པུ་ཐར་བསམ་པའི་རེ་འདོད་དེ་ལས་རྦད་དེ་ལྷག་གི་རེད། དོན་དེར་གནས་སྐབས་སུ་གྲུབ་འབྲས་མགྱོགས་མྱུར་དུ་མ་ཐོན་པའི་སྣང་ཚུལ་ཡོད་ན་ཡང་ཕུགས་ཀྱི་འབྲས་བུ་ནི་དགེ་སྐྱོན་གཉིས་ལས་དགེ་མཚན་ལྡབ་བརྒྱའི་མང་གི་རེད།
མ་གཞི་ནས་ལོ་རྒྱུས་ནི་ལོ་རྒྱུས་རང་ལ་བསྡད་གི་རེད་ལ། ཆབ་སྲིད་ནི་གནམ་གཤིས་གནས་ཚུལ་དང་འདྲ་བོ་རེད། ག་དུས་ཡིན་ན་ཡང་འགྱུར་ལྡོག་འགྲོ་བསྡད་གི་རེད། རྒྱ་མའི་སྟོབས་ཤུགས་དང་བོད་མིའི་ནུས་པ་ཡང་ད་ལྟ་ནང་བཞིན་ཚད་གཞི་གཅིག་གི་ཐོག་སྡོད་ཐུབ་གི་མ་རེད།
འཇིགས་བྲལ་བསྟན་འཛིན་མཆོག་གིས་བོད་ཀྱི་ཁྲིམས་མཐུན་དང་བདག་དབང་གླེང་བ། ཞེས་པའི་དཔྱད་རྩོམ་རིང་པོ་ཞིག་སྤེལ་འདུག་པ་མཐོང་བས་ཡིད་སྤྲོ་བརྟས། རྒྱུ་མཚན་ནི། རྩོམ་པ་པོས་ཡིག་ཆ་མང་པོར་དཔྱད་བསྡུར་ནན་པོ་གནང་སྟེ་གཟུར་གནས་ཉམས་ཞིབ་པ་ཞིག་གིས་རྣམ་དཔྱོད་ཀྱི་རྩལ་བཏོན་རྒྱུའི་འབད་རྩོལ་གནང་འདུག་པས་སོ། འོན་ཀྱང་ཚིག་ལོ་ཅུང་ཟད་མང་བས་དོན་འབྲས་རྙེད་དཀའ་ཙམ་འདུག་མོད། བསྟན་དོན་གཙོ་བོའི་སྡོམ་ཚིག་ནི་བོད་ཐོག་རྒྱ་ནག་གི་བདག་དབང་ཡོད་པར་ངོས་ལེན་བྱས་ན། ༡། མི་འབོར་བོད་དུ་གནས་སྤོར་བྱེད་པ་དུས་གཏན་དུ་དང་ཕྱོགས་ཡོངས་ནས་ཁྲིམས་མཐུན་ཆགས་ཚུལ་དང་། ༢། བོད་ཀྱི་རྩ་དོན་རྨང་གཞི་དང་ཁ་བྲལ་བའི་ལས་དོན་ཡིན་ཚུལ། ༣། ཆོལ་གསུམ་བོད་མི་དུམ་བུ་ཁ་བྲལ་དུ་བཏང་བའི་གནས་བབ་དགོས་གསུངས་པ་དང་ཁྱད་མེད་ཚུལ། ༤། རྒྱ་ནག་གི་ཞགས་པའི་ནང་ཕེབས་དགོས་དོན་མེད། ཞེས་པ་རྣམས་ཡིན་འདུག
བརྗོད་དོན་གཙོ་བོ་བདག་དབང་ཡིན་སྟབས་དེའི་སྐོར་མ་བཤད་གོང་ཉེས་པ་དེ་དག་གཟུག་མིན་བསམ་འཆར་དང་བསྡུར་ནས་རེ་རེ་བཞིན་དཔྱད་ན། ༡། མི་འབོར་སྤོ་ཤུགས་བྱས་པ་ཁྲིམས་མཐུན་ཆགས་རྒྱུའི་ཚབ་ཏུ་ཁྲིམས་འགལ་ལུང་འགལ་ཡིན་པ་རིག་པའི་གཞུང་ལུགས་ཀྱི་རྒྱུ་མཚན་དན་རྟགས་བཅས་འགྲེལ་བཤད་རྒྱས་པར་བྱས་འདུག་པ་མ་ཟད། རང་སྐྱོང་གི་ལྟ་གྲུབ་དང་ལག་ལེན་དོན་འཁྱོལ་ཡོང་བར་རང་སྐྱོང་ལས་ཁུངས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་གཞན་ནས་བོད་ནང་ཡོང་མཁན་ཚོ་གནས་སྡོད་བྱེད་པ་དང་། གཞིས་ཆགས་པ། ལས་རིགས་དང་དཔལ་འབྱོར་གྱི་ལས་དོན་གཉེར་ཕྱོགས་བཅས་ཀྱི་སྲོལ་ཡིག་བཟོ་རྒྱུའི་དབང་ཚད་དགོས་རྒྱུ་གལ་ཆེན་པོ་ཡིན། ཞེས་འཁོད་འདུག ༢། ད་ལྟའི་ཆར་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་པའི་དངོས་ཡོད་གནས་ཚུལ་ལ་བརྩི་བཀུར་ཡོད་པ་གསལ་རུང་། ཞིབ་ཏུ་བལྟས་ན་བདག་དབང་ཁྲིམས་མཐུན་ཡིན་མིན་གྱི་རྩོད་གཞི་མུ་མཐུད་ཡོད་མུས་རེད་འདུག་པས། རྩ་དོན་གྱི་རྨང་གཞི་དང་ཁ་བྲལ་བའི་ཉེས་པ་མ་མཐོང་། ༣། ཆོལ་གསུམ་དུམ་བུ་ཁ་བྲལ་བཏང་བའི་གནས་བབ་དགོས་གསུངས་པ་དང་མི་གཅིག་པ་ནི་ཟུར་བལྟས་ལེབ་མཐོང་རེད། བསམ་འཆར་ནང་བདག་དབང་ལ་བརྩི་བཀུར་ཡོད་བཤད་པའི་ཚིག་དུམ་དེ་རང་གི་མཇུག་ཏུ་བོད་མིའི་རང་སྐྱོང་དང་བོད་རིགས་ཀྱི་ཆིག་བསྒྲིལ་ལ་བརྩི་བཀུར་དགོས་པ་ཡང་བཤད་འདུག ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་སྟབས། ང་ཚོའི་རེ་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་བོད་མིའི་གཅིག་གྱུར་དང་མིང་དོན་མཚུངས་པའི་རང་སྐྱོང་བྱེད་རྒྱུའི་ཐོབ་ཐང་ལ་དབུས་གཞུང་གིས་ངོས་འཛིན་དང་བརྩི་བཀུར་ཆ་ཚང་གནང་བའི་རེ་བ་ཡོད། ཅེས་གསལ། བསམ་འཆར་གྱི་འགོ་མཇུག་བར་གསུམ་དུ་བོད་རིགས་དུམ་བུར་བཏང་བ་དེ་ནོར་འཁྲུལ་ཡིན་པ་མཐའ་བསྐོར་རི་བསྐོར་གྱིས་སྒྲུབ་ཐབས་བྱས་འདུག་པར་སུས་ཀྱང་བསྙོན་དུ་མེད། ༤། དེར་བརྟེན་སུ་སུའི་ཞགས་པའི་འོག་ཚུད་མིན་ནི་ཕྱོགས་སོ་སོའི་ལྟ་ཚུལ་རེད་འདུག་པས་རྒྱས་པར་མི་སྤྲོས།
བདག་དབང་སྐོར། སྤྱིར་མིིའི་སྤྱི་ཚོགས་ནང་ལྟ་གྲུབ་ཀྱི་འཛིན་ཕྱོགས་དང་། དེའི་ཐ་སྙད། དངོས་ཡོད་གནས་ཚུལ་གསུམ་མཐུན་པ་དང་མི་མཐུན་པ་ཅི་རིགས་ཡོང་སྲིད། དེ་དག་མཐུན་ན་སྐྱེ་རྒུའི་འདོད་དོན་སྒྲུབ་ཐུབ་ཅིང་། མ་མཐུན་ན་སྐྱེ་རྒུའི་སྡུག་བསྔལ་གྱི་རྐྱེན་དུ་འགྲོ་བ་ཡིན། བོད་ཀྱི་བདག་དབང་སུ་ལ་ཡོད་པའི་ལྟ་གྲུབ་ཀྱི་འཛིན་སྟངས་མི་འདྲ་བ་ཇི་ཙམ་ཡོད་ཀྱང་དོན་དུ་ཕྱི་ལོ་ ༡༩༥༡ ནས་བཟུང་བོད་ས་ཡོངས་རྫོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་ཡོད་པ་དངོས་དོན་དང་། དེ་ལ་རྒྱལ་སྤྱིའི་སྲིད་གཞུང་ཡོངས་ཀྱིས་ངོས་ལེན་ཡང་བྱས་ཡོད། གནས་བབ་འདིའི་འོག་བདག་དབང་སུར་ཡོད་ཀྱི་རྟོག་པ་མཐར་བཟུང་གིས་དཔྱད་ཞིབ་བྱེད་པ་ལས། ད་ཡོད་བདག་དབང་འདི་ཁྲིམས་མཐུན་ཡིན་མིན་དཔྱད་ཞིབ་བྱ་རྒྱུ་ཁྲིམས་དོན་དང་སྲིད་དོན་གཉིས་ཕྱོགས་ནས་གལ་གནད་ཆེ། ༸གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཡིག་ངག་གང་ཐད་ནས་བོད་ཀྱི་བདག་དབང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཟུང་བ་དེ་ཁྲིམས་མཐུན་ཡིན་པའི་ངོས་ལེན་གནང་མྱོང་མེད། བོད་ཀྱི་གནད་དོན་ཐག་གཅོད་བྱུང་མཚམས་ཁོ་ཚོས་བཟུང་བའི་བདག་དབང་ཁྲིམས་མཐུན་ཡོང་ཐབས་༸གོང་ས་མཆོག་གིས་མཐུན་འགྱུར་གནང་རྒྱུའི་ཞལ་བཞེས་ཀྱང་གསུང་འཕྲིན་དང་གསུང་བཤད་མང་པོའི་ནང་གནང་ཡོད། འདས་པའི་བྱུང་བ་ནི་འདས་པ་ཡིན་པས་བསྐྱར་བཅོས་བྱེད་ཐབས་མེད་པ་དང་། སྲིད་དོན་གྱི་དགོས་མཁོར་བསྟུན་ཏེ་རྒྱ་གཞུང་གིས་བསྐྲུན་པའི་བྱུང་རབས་ལ་བོད་མིས་ངོས་ལེན་མི་བྱེད་པ་བོད་ཕྱོགས་ཀྱི་ཡིག་ཆ་ཁག་ནང་གསལ་བ་མ་ཟད། དེ་ལ་རྒྱ་ནག་ལས་གཞན་པའི་རྒྱལ་ཁབ་ཁག་གིས་ཀྱང་ཀླན་ཀ་མི་བྱས། འོན་ཀྱང་བྱུང་རབས་ཀྱིས་ད་ལྟའི་གནས་སྟངས་ལ་འགྱུར་བ་གཏོང་མི་ཐུབ་པ་སྤྱི་སྲོལ་དུ་གྱུར་ཡོད་ཀྱང་། འབྱུང་འགྱུར་གྱི་གླེང་གཞིའི་ས་བོན་དུ་གནས་རྒྱུ་ནི་གདོན་མི་ཟ།
དེ་བཞིན་བཙན་བྱོལ་གཞུང་དང་བཙན་བྱོལ་སྒྲིག་འཛུགས་ཞེས་པའི་ཐ་སྙད་གཉིས་ཀྱང་རྗོད་པ་པོ་དང་ཉན་པ་པོའི་ཀུན་རྟོག་ལ་ལྟོས་ཏེ་བསྟན་དོན་གྱི་ཁྱད་པར་འགྲོ་རྒྱུ་ཙམ་ལས་སྒྲ་དོན་གྱི་འབྲེལ་བ་རང་མཚན་པ་མེད། ལྟོ་ལྡིར་བ་ལ་བུམ་པའམ། ཛ་ཁོག ཁོག་ལྡིར་སོགས་ཐ་སྙད་གང་ཞིག་སྱར་རུང་དངོས་དོན་གཙོ་བོ་ནི་ཆུ་སྐྱོར་གྱི་དོན་བྱེད་ནུས་མིན་ལ་བལྟ་དགོས། ཁྲིམས་མཐུན་གྱི་གཞུང་ཡིན་མིན་རང་གི་ཡུལ་མིའི་ངོས་ལེན་ཡོད་མིན་ལ་ལྟོས་དགོས་པ་ལས་རྒྱལ་ཁབ་གཞན་གྱིས་ངོས་ལེན་ཡོད་མིན་ལ་མི་ལྟོས། བཙན་བྱོལ་བོད་གཞུང་ཞིག་ཡོད་པ་དང་། དེ་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པར་གཞིས་བྱེས་བོད་མི་ཕལ་མོ་ཆེས་ངོས་ལེན་བྱེད་ཅིང་། རྒྱལ་ཁབ་གཞན་དག་གིས་དེ་འདྲ་ཞིག་ཡོད་པ་ཙམ་ཡང་ངོས་ལེན་མི་བྱེད་པ་དང་། རྒྱ་གཞུང་གིས་དེ་འདྲ་ཞིག་ཡོད་ཀྱང་དེ་ཁྲིམས་མཐུན་མིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི། ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ལང་། ཞེས་པའི་དཔེ་ལྟར་ཕྱོགས་གསུམ་ཀའི་ལྟ་ཚུལ་དང་། འཛིན་ཚུལ་བདེན་པ་ཡིན་སྲིད། མདོ་དོན་ནི་སྒྲིག་འཛུགས་དེས་གཞིས་བྱེད་བོད་མིའི་མགྲིན་ཚབ་ཐུབ་མིན་ལ་དཔྱད་དགོས་པ་ལས་ཐ་སྙད་གང་སྱར་ལ་གལ་འགངས་བརྩི་མི་དགོས། རྩོམ་ཡིག་ནང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་སོགས་ཚིག་དོན་ནུས་མེད་དང་བྱབ་མེད་ཀྱི་ཐ་སྙད་དེ་ཚོ་བེད་སྤྱོད་གཏོང་མཚམས་འཇོག་དགོས། ཞེས་བཀའ་ནན་བསྩལ་འདུག་པ་དེ་སུ་ལ་གསུང་གི་ཡོད་དམ། གསུང་ཡུལ་གྱི་མཚན་གསལ་འདོན་མ་གནང་ན་ལྷ་ཁང་ནང་གི་འུར་རྡོ་ལྟ་བུར་འགྱུར་སྲིད།
གཞན་ཡང་གུ་བཤངས་སྐོར་མི་ཉུང་བ་ཞིག་འདུག་པ་དེ་དག་ནི་ཁ་གཤགས་འགྱེད་པ་ཙམ་ལས་དོན་དངོས་ཐོག་ཕྱི་ལོ་ ༡༩༥༩ རྗེས་བོད་ཕྱོགས་ནས་གུ་བཤངས་བྱ་རྒྱུ་སྣེ་གཅིག་ལྷག་མེད།
མདོ་དོན་དཔྱད་རྩོམ་འདི་རིགས་ཀྱིས་ད་ལྟ་འགྲོ་བཞིན་པའི་ལས་རིམ་ལ་དཔྱད་ཞིབ་ཙམ་མ་ཡིན་པར་འདི་དག་ལས་གཞན་པ་རྒྱུ་མཚན་དང་ལྡན་པའི་ལས་རིམ་གྱི་ཁ་ཕྱོགས་སྟོན་ཐུབ་ན་ཕན་ཐོགས་ཆེ་ངེས་སྙམ།