གནས་ཚུལ་མཁོ་གཏོང་བ། རིག་རླབས་རྩོམ་སྒྲིག་ཚོགས་ཆུང་།
བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་འདི་ནི་ཝཱཎ་དབུས་བོད་ཀྱི་སློབ་གླིང་འདིའི་ཤེས་བྱ་རིག་པའི་གནས་ལ་དུང་བ་ཟབ་ཅིང་རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་ཤ་ཞེན་མཐུག་པའི་སློབ་གཉེར་བ་རྣམས་ཀྱི་བསམ་བློའི་ཆུ་ཚད་མཐོར་འདེགས་དང་། ལྷག་པར་དུ་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཡོང་བའི་ཕུགས་རྒྱང་རིང་མོའི་མདུན་ལམ་ཞིག་ལ་ཁ་ཕྱོགས་ཏེ། ལྷག་བསམ་དང་གཞན་དོན་ཟབ་པའི་སློབ་གཉེར་བ་རྒན་པ་ཁ་ཤས་རྩ་འཛུགས་གནང་ཞིང་ད་ལྟའི་བར་དུ་ལོ་རེར་ཐེངས་རེ་ཚོགས་བཞིན་ཡོད། འདི་ལྟ་བུའི་ཤེས་རབ་དང་རྣམ་དཔྱོད་གཙོ་བོར་བཟུང་བའི་དམིགས་ཡུལ་རླབས་ཆེན་ཞིག་གི་སྟེང་ནས་ང་ཚོས་ཐེངས་འདིའི་གཙུག་ལག་རིག་པའི་ཟབ་སྦྱོང་གི་བརྗོད་གཞི་འདེམས་སྟངས་ཀྱི་ཆ་ནས་ཀྱང་ རྩོམ་རིག་དང་བརྡ་སྤྲོད། རྒྱལ་རབས་ལོ་རྒྱུས་དང་ལྟ་བ་གྲུབ་མཐའ་བཅས་ཀྱི་བརྗོད་སྙིང་གཙོ་བཟུང་བྱས་ཏེ་གསུང་བཤད་པ་མཁས་དབང་བདུན་ལ་འཆད་ཁྲིད་གནང་བའི་ཚོགས་ཐེངས་བཅུ་གཉིས་གོ་སྒྲིག་གནང་ཡོད་པ་དང་། སློབ་ཕྲུག་དྲུག་ཅུ་རེ་དྲུག་གཙུག་ལག་རིག་པའི་ཟབ་སྦྱོང་ནང་དུ་འཛུལ་ཞུགས་བྱས་ཡོད། དེ་དང་ཆབ་ཅིག་དུང་སྒྲ་ཞེས་པའི་མཁས་དབང་རྣམ་པའི་གསུང་རྩོམ་ཕྱོགས་བསྒྲིགས་ཤིག་ཀྱང་སྙན་ལྷང་ལྷིང་གི་དབྱངས་རྟ་དང་བཅས་མི་འགྱང་བར་སྤྱི་ཚོགས་སྟེང་དུ་འགྲེམས་སྤེལ་ཞུ་རྒྱུ་ལེགས་ན། ཟབ་སྦྱོང་འདིའི་དགོས་དམིགས་ནི་འཛུལ་ཞུགས་པའི་སློབ་གཉེར་བ་གཅིག་པོའི་ཆེད་དུ་མ་ཡིན་པར་ཤེས་ཡོན་པའི་ར་བ་གཅིག་གམ་ཡང་ན་རིག་གཞུང་གཅིག་གི་མཁའ་དབུགས་ཁྲོད་ན་མཉམ་པོར་འཚོ་བཞུགས་བྱེད་བཞིན་པའི་ང་ཚོ་ཐུན་མོང་གི་ཁེ་ཕན་རླབས་ཆེན་ཞིག་ཡིན་པའི་ཡིད་ཆེས་དང་གདེངས་སྤོབས་ཀྱི་རེ་བས་ཡོངས་སུ་ཁེངས་ཡོད། གཤམ་ནས་མཁས་དབང་རྣམ་པའི་མཚན་དང་བརྗོད་གཞི་བཅས་རིམ་པར་དགོད་ན།
༡ རྩོམ་པ་པོ་ཁྲི་གཡུང་དྲུང་ལགས་ཀྱིས། གཡུང་དྲུང་བོན་གྱི་བོད་བཙན་པོའི་རྒྱལ་རབས་འགྲེལ་སྟངས་དང་གཡུང་དྲུང་བོན་གྱི་བརྡ་སྤྲོད་ཀྱི་བྱུང་བ་དང་དེའི་ཐུན་མིན་གྱི་ཁྱད་བོན་གཉིས་ཀྱི་སྐོར་ལ་གསུང་བཤད་གནང་།
༢ ལོ་རྒྱུས་སྨྲ་བའི་མཁས་དབང་དགེ་བྱམས་པ་བསམ་གཏན་མཆོག་གིས་ཕྱི་ལོ་བརྒྱ་ཕྲག་༡༤་བའི་ནང་གི་རྡོ་རྗེ་གདན་གྱི་གནས་ཡིག་གཉིས་དང་འབྲེལ་བའི་ངོ་སྤྲོད་གནང་བ།
༣་ ལོ་རྒྱུས་སྨྲ་བ་འཇུ་བསྟན་སྐྱོང་ལགས་ཀྱིས་བོད་དང་འབྲུག་གཉིས་པར་གྱི་ལོ་རྒྱུས་སྟེང་གི་འབྲེལ་བ་དང་ཧྭ་ཤཱང་བོད་དུ་ཕེབས་ནས་རྩོད་པ་བྱས་པའི་སྐོར་དང་། སཱིམ་ལིའི་ཆིངས་ཡིག་བཅས་ཀྱི་སྐོར་ལ་གཏམ་བཤད་སྤེལ།
༤་ རྩོམ་པ་པོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཀྱིས། ནུབ་ཕྱོགས་མཚན་ཉིད་རིག་པའི་བྱུང་རིམ་དང་མཛེས་དཔྱོད་རིག་པའི་སྐོར། རྩོམ་རིག་སྤྱི་བཤད་བཅས་ཀྱི་སྐོར་ལ་གསུང་བཤད་གནང་།
༥་ ལོ་ཙཱ་བ་ཆེན་མོ་དགེ་བློ་བཟང་ནོར་བུ་མཆོག་གིས་རིག་བྱེད་བཞིའི་སྐོར་ལ་གསུང་བཤད་གནང་།
༦ དགེ་བཤེས་བེ་རི་འཇིགས་མེད་ལགས་ཀྱིས་བོད་ཀྱི་སྐད་བརྡ་རིག་པ་ལས་བྱུང་བའི་ཚོགས་གསུམ་གྱི་བསྡུས་དོན་རགས་བཤད་ཅེས་པའི་བརྗོད་གཞིའི་སྟེང་ལ་གསུང་བཤད་གནང་།
༧ སྐད་གཉིས་སྨྲ་བ་དབྱིན་དགེ་བསོད་ནམས་དབང་མོ་ལགས་ཀྱིས་དབྱིན་ཇིའི་སྙན་ངག་འབྲི་ཐབས་སྐོར་ལ་གཏམ་བཤད་པ་གནང་བ་དང་བཅས་འདི་ལྟར་ཉིན་གསུམ་གྱི་རིང་མཁས་དབང་རྣམ་པ་དང་སློབ་གཉེར་བ་ཕན་ཚུན་བར་ལ་གུ་ཡངས་པའི་རྣམ་དཔྱོད་དང་རིགས་པ་རྩལ་དུ་བཏོན་ནས་ཚམ་ཚོམ་དང་དོགས་ཟོན་ཅི་ཡང་མེད་པའི་སྒོ་ནས་་དྲི་བ་དང་དྲི་ལན་མཛད་ཡོད་པ་མ་ཟད། མཐའ་དོན་སློབ་མ་རུ་ཁག་བར་གྱི་ཉམས་མྱོང་བརྗེ་རེས་དང་མཁས་དབང་རྣམ་པའི་བཀའ་སློབ་ལམ་སྟོན། རྩོམ་སྒྲིག་པའི་ངོས་ནས་ཐུགས་རྗེ་ལེགས་འབུལ་བཅས་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཐེངས་བདུན་པ་དགའ་དད་སྤྲོ་གསུམ་གྱི་རྒྱལ་ཁའི་ངང་ནས་ཡོངས་སུ་མཇུག་བསྒྲིལ་བའོ།།
ཚོགས་ཡུལ། ཝཱཎ་གཙུག་ལག་སློབ་གཉེར་ཁང་གི་མགོན་མེད་ཟས་སྦྱིན་མགྲོན་ཁང་།
ཚོགས་དུས། ཕྱི་ལོ་༢༠༡༣་ལོའི་ཟླ་༠༩་བའི་ཚེས་༢༥་ནས་༢༧་བར།
གོ་སྒྲིག་པ། ཝཱཎའི་རིག་རླབས་རྩོམ་སྒྲིག་ཚོགས་ཆུང་།
དགེ་བཤེས་བེ་རི་འཇིགས་མེད་མཆོག་དང་རྩོམ་པ་པོ་ཁྲི་གཡུང་དྲུང་ལགས་རྣམ་པ་གཉིས་ཀྱི་གཙོས་པའི་རྣམ་པ་ལྷན་རྒྱས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། །
ཝ་ར་ན་སི་ཞེས་པའི་ཡུལ་གྱི་མིང་ཆ་ཚང་་ཝར་ཎ་ལ་བསྡུས་པ་ནི་ཤིན་ཏུ་མི་ལེགས། ལས་འཛིན་བ་གཉིས་གྲངས་མེད་པ།།ཟླས་དབྱེ་ཞེས་བྱ་ཚིག་སྡུད་དྲུག་སོགས་བོད་སྐད་ལ་ཚིག་སྡུད་བྱེད་སྟངས་ཁ་ཤས་ཡོད་མོད་ཡུལ་གྱི་མིང་ནི་རང་སོར་འཇོག་པ་ལས་བསྡུ་སྲོལ་མེད། ཝ་ར་ཎ་སི་ལ་ཝར་ཎ་དང་། དྷ་རམ་ས་ལ་ལ་དྷ་ས། ཨ་མེ་རི་ཁ་ལ་ཨ་རི་སོགས་སུ་བསྡུས་པ་ནི་ཡུལ་གྱི་མིང་དངོས་མིན་སྟབས་ལོ་མང་པོའི་རྗེས་སུ་ཡུལ་དེ་དག་གང་ཞིག་ལ་ཡོད་མེད་རྩད་གཅོད་མི་ཐུབ་པ་སོགས་སྐྱོན་ཧ་ཅང་མང་། མདོར་ན་ཡུལ་གྱི་མིང་ཚིག་སྡུད་བྱེད་མི་རུང།