གངས་མ་ཆར། ལྷ་ས།
བོད་ཀྱི་གསོ་བ་རིག་པའི་མ་འོངས་པའི་མདུན་ལམ་གང་དུ་ཡོད། ཡང་ན་དུས་རབས་འདིར་བོད་ཀྱི་གསོ་བ་རིག་པ་ཇི་ལྟར་བྱས་ཏེ་འཕེལ་རྒྱས་ གཏོང་དགོས་སམ། གནད་དོན་འདི་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད་ལ་གཡོལ་ཐབས་མེད་པ་ཞིག་ཀྱང་རེད། རྒྱུ་མཚན་ནི་གནད་དོན་འདི་ལ་བརྟེན་ནས་ད་ལྟར་ང་ཚོས་བོད་ཀྱི་གསོ་རིག་ཐད་འཛིན་པའི་རྣམ་འགྱུར་དང་། བོད་ཀྱི་གསོ་རིག་ལས་ཀའི་གཙོ་གནད་ཁ་ཕྱོགས་འཚོལ་ཐུབ་པ་དགོས་ལ། དེ་ལ་དཔག་པའི་འཕེལ་རྒྱས་ཀྱི་རྣམ་པའམ་ཐབས་ལམ་ཞིག་རྙེད་ཐུབ་པ་དགོས་པས་ཡིན།
དེས་ན་ང་ཚོས་ཕྱོགས་གཅིག་ནས་ད་ལྟར་རང་ཉིད་ལ་ཡོད་པའི་ལེགས་ཆའམ་དགེ་མཚན་མཐོང་ཐུབ་པ་དགོས་ལ། དེ་བས་མིག་སྔར་ལྷག་བསྡད་པའི་གནད་དོན་ཤེས་ཐུབ་པ་མ་ཟད་ངོས་འཛིན་ཐུབ་པའང་དགོས་ཏེ་མདོར་ན་རང་གི་གནས་བབས་ལ་ངེས་ཤེས་ཡང་དག་ཐུབ་པ་དགོས། དེ་མིན་པར་གསོ་རིག་བསྟན་རྒྱས་སྨོན་ལམ་ཁོ་ན་བཏོན་པ་ཙམ་གྱིས་བསྟན་པ་རྒྱས་མི་ཐུབ་ལ། ལོ་རྒྱུས་རིང་པོ་དང་རིག་དངོས་ལྷ་ལས་མཚར་བ་དག་ལ་སྐྱབས་བཅོལ་ཡང་བསྟན་པར་དེ་ཙམ་རྔོ་མི་ཐོགས་སོ། །
དང་པོ། དུས་རབས་ཀྱི་རྒྱབ་ལྗོངས་ལ་རྒྱུས་མངའ་ཡོད་པ་དགོས།
༡ ད་ལྟའི་དུས་རབས་ནི་འཇིག་རྟེན་ཧྲིལ་པོ་ཁྱོན་ཡོངས་ནས་གྲངས་གཞི་ཆེན་མོའི་དུས་རབས་ལ་ཁ་ཕྱོགས་བཞིན་ཡོད་ཅིང་། དེ་ནི་འཚོ་བ་དང་། ལས་ཀ། བསམ་བློ་གསུམ་ཀ་གྲངས་གཞིའི་ཤེས་རབ་ཐོན་ཁུངས་དང་ཞབས་ཞུའི་ནུས་རྩལ་གྱིས་དབང་བསྒྱུར་བཞིན་པའི་དུས་རབས་ཤིག་རེད། དུས་རབས་འདིའི་ཁྱད་ཆོས་ཆེན་པོ་གསུམ་ནི་གོ་སྙོམས་དཔེ་གཞི་ནས་གྲངས་གཞི་ཧྲིལ་པོར་ཁ་ཕྱོགས་པ་དང་། གནད་འཁེལ་རང་བཞིན་ལས་སྣེ་མང་རང་བཞིན་ལ་ཁ་ཕྱོགས་པ། རྒྱུ་འབྲས་འབྲེལ་བ་ནས་དེ་འབྲེལ་འབྲེལ་བ་ལ་ཁ་ཕྱོགས་བཞིན་པ་བཅས་ཡིན་ལ། ལྷག་པར་གྲངས་གཞི་ཆེན་མོས་སྨན་བཅོས་ལས་རིགས་ ཁག་གི་རྣམ་པ་དང་འབྲས་བུ་གཉིས་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། དུས་རབས་འདི་འདྲའི་འོག་ཏུ་ང་ཚོས་རང་ཉིད་ཀྱི་སྲོལ་རྒྱུན་གསོ་རིག་འདི་ཉིད་ཇི་ལྟར་བྱས་ཏེ་འཕེས་རྒྱས་ཡོང་ཐབས་ཐད་ལ་བསམ་གཞིག་བྱ་དགོས་ལ། དེ་བས་གྲངས་གཞི་ཆེན་མོ་དག་ང་ཚོའི་གསོ་རིག་གི་འགུལ་ཤུགས་སུ་བསྒྱུར་ཐུབ་པ་བྱ་རྒྱུ་ལས་འདི་ཉིད་འཕེལ་རྒྱས་ཀྱི་བཀག་རྡོར་ནམ་ཡང་མི་འགྱུར་བ་བྱ་དགོས།
༢ ད་ལྟའི་འཛམ་གླིང་གསོ་རིག་འཕེལ་རྒྱས་ཀྱི་རྣམ་པ་གཙོ་བོ་ནི་བཞི་སྟེ། སྔོན་འགོག་རང་བཞིན་དང་། སྔོན་དཔོག་རང་བཞིན། བྱེ་བྲག་རང་བཞིན། མཉམ་ཞུགས་རང་བཞིན་བཅས་ཡིན་ཞིང་། འདི་ལ་4pརྣམ་པ་ཞེས་ཀྱང་བྱ། ང་ཚོའི་གསོ་རིག་ལ་འདི་ལྟ་བུའི་ཁྱད་ཆོས་ལྡན་ཡོད་པ་དག་ལ་བསམ་གཞིག་སྔོག་འདོན་བྱ་དགོས་ལ། དེ་བས་འཛམ་གླིང་གསོ་རིག་འཕེལ་རྒྱས་ཀྱི་རྣམ་པ་འདི་བེད་སྤྱད་ནས་རང་རེའི་གཞུང་གི་ཁྱད་ཆོས་མངོན་ཐུབ་པ་དང་རང་རེའི་རིག་གཞུང་འཕེལ་རྒྱས་ཡོང་བའི་རྒྱན་དུ་བསྒྱུར་ཐུབ་པ་བྱེད་དགོས།
གཉིས་པ། མེས་པོས་ང་ཚོར་བཞག་པའི་ནོར་བུའི་ནོར་ཉམས་ཆོད་དགོས།
བོད་ཀྱི་གསོ་བ་རིག་པ་འདི་བཞིན་འཛམ་གླིང་སྲོལ་རྒྱུན་གསོ་རིག་གི་རྒྱན་དུ་འགྱུར་བའི་རྒྱུ་མཚན་གཙོ་བོ་ནི་མེས་པོས་ང་ཚོར་བཞག་པའི་ནོར་བུ་འདི་དག་གི་རྐྱེན་ཁོ་ན་ཡིན་པར་ཐག་བཅད་ཆོག དེ་མིན་པར་ང་ཚོར་བསྟན་རྒྱུ་གཞན་གང་ཡང་མེད་ཅེས་བརྗོད་ཆོག །དེས་ན་མེས་པོས་བཞག་པའི་ནོར་བུ་ དག་ལ་གཅེས་འཛིན་བྱ་དགོས་ཤིང་། དེ་དག་ནི་བརྟག་བཅོས་མ་ལག་ཆ་ཚང་བའི་གསོ་བ་རིག་པའི་གཞུང་བླ་ན་མེད་པ་ཞིག་དང་། འབྱུང་བཞི་དང་ཉེས་གསུམ་གྱིས་རྨང་གཞིར་བྱས་པའི་རིག་པ་འཁྲུལ་མེད་ཅིག ནད་ཐོག་བརྟག་བཅོས་ཀྱི་རིན་ཐང་མངོན་པར་མཐོ་བའི་ལག་ལེན་ཁྱད་ འཕགས་ཤིག བལྟ་ཀློག་དང་ཞིབ་འཇུག་བྱས་མི་ཚར་བའི་དཔྱད་དཔེའི་མཛོད་གཏེར་ཞིག ཞིབ་འཇུག་སྲུང་སྐྱོབས་ཀྱིས་ངོམས་རིན་ཡོད་པའི་རིག་དངོས་འཛད་མེད་ཅིག་བཅས་ཡིན་པར་སེམས།
གསུམ་པ། ད་ལྟར་བོད་ཀྱི་གསོ་རིག་ལས་དོན་ཐད་ལྷག་བསྡད་པའི་གནད་དོན་འགའ་དང་དེ་ཐད་ཀྱི་བསམ་གཞིགས།
༡ ད་ལྟའི་དུས་ཀྱི་བོད་ཀྱི་གསོ་བ་རིག་པའི་ལས་ཀའི་གཙོ་གནད་ཁ་ཕྱོགས་སྐོར།
བོད་ཀྱི་གསོ་བ་རིག་པ་ནི་ཚད་མའམ་མཚན་ཉིད་རིག་པའི་གཞུང་དང་མི་འདྲ་ལ། ཁ་བཤད་གཞུང་ལུགས་ལྟ་བུ་ཞིག་དེ་བས་མིན། དེས་ན་རང་གི་རིག་པའི་གཞུང་ལུགས་ཀྱི་ཁྱད་ཆོས་དང་ནད་ཐོག་ལག་ལེན་གྱི་ཐབས་ཤེས་ལ་བརྟེན་ནས་ནད་བཅོས་སྲོག་སྐྱོབས་བྱ་རྒྱུ་ནི་ནམ་ཡང་བོད་ཀྱི་གསོ་བ་རིག་པའི་ལས་འགན་ཨང་དང་པོ་དེ་རེད། འདི་ལ་གཞུང་དུ་མི་ན་གནས་དང་ན་བ་གསོ་བ་ཞེས་གསལ་པོར་གསུངས་ཡོད། མིག་སྔར་ང་ཚོའི་མཁས་དབང་དང་རྒྱུན་འཛིན་པ་མང་དག་ཅིག་གིས་གླེང་བྱ་དང་ལས་བྱ་གཙོ་བོ་ལོ་རྒྱུས་དང་། གཡུ་ཐོག་ཡོད་མེད། བན་བོན་གང་ཡིན། ལུགས་སྡེ་གང་གཏོགས་སོགས་ལ་འགྱུར་ཡོད་པ་མ་ཟད། གཞོན་སྐྱེས་མང་དག་གཅིག་ཀྱང་དེ་དག་གི་རྗེས་སུ་འདྲོགས་ཏེ་ཡང་སྙིང་བོད་ཀྱི་གསོ་བ་རིག་པས་ཇི་ལྟར་བྱས་ཏེ་ནད་ཐོག་ དངོས་སུ་ཐོན་དང་ཐོན་བཞིན་པའི་ནད་རིགས་དག་ལ་སྨན་བཅོས་དང་ཐག་གཅོད་བྱ་མིན་ཐད་ལ་བསམ་གཞིགས་བྱ་རྒྱུ་ཉུང་བ་ནི་གསོ་རིག་བསྟན་པའི་ངོས་ ནས་བཤད་ན་ཡིད་སྐྱོ་དགོས་པ་ཞིག་རེད། སྤྱིར་ལོ་རྒྱུས་དང་ལུགས་སྡེ་སོགས་ལ་དོ་སྣང་བྱ་དགོས་ཀྱང་དེ་དག་རྒྱུན་འཛིན་པ་རྣམས་ཀྱི་ལས་ཀ་གཙོ་བོ་དང་ཞིབ་འཇུག་བྱ་ཡུལ་གཙོ་བོ་ཞིག་ནི་མ་ཡིན་ཏེ། ང་ཚོའི་ཆེད་ལས་གསོ་བ་རིག་པ་ཡིན་པའི་ཕྱིར་དང་། འགྲོ་བ་རྣམས་ནི་སུས་ནད་གཞི་བཅོས་ཐུབ་པ་དེའི་ རྗེ ས་སུ་འབྲངས་པ་ཆོས་ཉིད་དང་། ནད་བཅོས་མི་ཐུབ་ན་ལོ་རྒྱུས་རིང་པོ་བཤད་ཀྱང་རྔོ་མི་ཐོགས་པས་སོ། ། ལར་མཁྱེན་སྤྱན་ཡངས་པ་དག་གིས་གནའ་བོའི་གྷཱི་རི་སིའི་གསོ་རིག་ཉམས་དམད་བྱུང་བའི་ལོ་རྒྱུས་དག་ལ་དཔྱད་པས་ཀྱང་ཤེས་ཐུབ། དེས་ན་ང་ཚོས་སྨན་བཅོས་ལག་རྩལ་འཕེལ་རྒྱས་བྱ་རྒྱུ་ནི་མ་འོངས་བོད་ཀྱི་གསོ་རིག་གནས་ཐུབ་མིན་གྱི་སྲོག་ཤིང་དང་། སྨན་སློབ་ཚན་གསུམ་སོགས་ཀྱི་མཐར་ཐུག་ དམིགས་ཡུལ་ནི་འགྲོ་བའི་བདེ་ཐང་ལ་ཞབས་ཞུ་སྒྲུབ་རྒྱུ་དེ་ཡིན་པའང་ནམ་ཡང་བརྗེད་མི་རུང་།
མདོར་ན་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་ཀྱི་ལས་ཀའི་གཙོ་གནད་དེ་ངེས་པར་དུ་མི་ན་གནས་དང་ན་བ་གསོ་བ་ཉིད་སྙིང་དོན་དུ་འཛིན་དགོས་ལ། དེ་ལ་གཞིགས་ཏེ་ང་ཚོས་རྒྱུད་བཞི་སོགས་དཔྱད་དཔེ་གཙོ་བོར་འགྱུར་པའི་ནད་ཐོག་བརྟག་བཅོས་ཀྱི་ལག་རྩལ་ཁག་ལ་ཞིབ་འཇུག་སྔོག་འདོན་དང་རྒྱུན་འཛིན་གསར་སྤེལ་བྱ་རྒྱུ་ནི་ང་ཚོའི་ལས་ཀའི་གཙོ་གནད་ཅིག་ཡིན།
༢ བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་མཁན་གྱི་རྒྱུའི་སྐོར།
བོད་ཀྱི་གསོ་རིག་རྒྱུན་འཛིན་བྱེད་མཁན་ནི་སྨན་པ་རེད། སྨན་པའི་རྒྱུ་གཙོ་བོ་ནི་བདག་གཞན་ནི་བྱ་བ་ལ་བརྩོན་པ་སྟེ་རྒྱུ་ལ་ཡང་དག་པར་སློབ་ དགོས། དེ་ནི་དཔལ་ལྡན་རྒྱུད་བཞི་ལས། རྒྱུ་ནི་འབྲི་ཀློག་མཐའ་རུ་ཕྱིན་པར་བསླབ། །ཆོད་དང་མི་ཆོད་དེ་ལ་བརྟེན་པར་སྣང་། ཞེས་གསུངས་ཡོད།
མདོར་ན་གསོ་རིག་རྒྱུན་འཛིན་པའི་རྒྱུ་གཙོ་བོ་ནི་བོད་ཡིག་གི་ཆུ་ཚད་ངེས་ཅན་ལྡན་དགོས་པ་དེ་རེད། ཡིན་ནའི་དེང་གི་ཆར་ང་ཚོའི་ལོ་ཆུང་བྱིས་པ་དང་ན་ གཞོན་མང་དག་ཅིག་གིས་བོད་ཡིག་ལ་སྣང་ཆུང་དང་བོད་ཡིག་སྦྱོང་བར་དེ་ཙམ་བརྩོན་པ་མི་བྱེད། ལྷག་པར་བོད་ཡིག་གི་རྨང་གཞི་ལེགས་པའི་ན་གཞོན་ཇེ་ཉུང་དུ་འགྲོ་བཞིན་པ་རེད། ཞིབ་པར་བསམ་ན་གནད་དོན་འདི་རྒྱལ་ཁབ་ཀྱི་སྲིད་ཇུས་སོགས་དང་འབྲེལ་བ་མེད། རྒྱུ་མཚན་ནི་ང་ཚོ་རང་ཉིད་ཀྱིས་བོད་ཡིག་སྦྱོང་བ་དང་སྤྱོད་པ་སོགས་ལ་དོ་སྣང་བྱ་རྒྱུ་མི་འདང་བས་ཡིན་ཏེ། རྒྱལ་ཁབ་ཀྱིས་ཁྱེད་བོད་ཡིག་སྦྱོང་མི་ཆོག་དང་སྤྱོད་མི་ཆོག་ཅེས་ནམ་ཡང་གསུངས་མྱོང་མེད་པའི་ཕྱིར་རོ། །
༣ གསོ་རིག་རྒྱུན་འཛིན་པའི་ཁོག་རྒྱ་དང་མཐུན་སྒྲིལ་སྐོར།
དཔལ་ལྡན་རྒྱུད་བཞིར་སྨན་པའི་རྒྱུ་དྲུག་བསྟན་པ་ལས་ཐོག་མར་བློ་དང་ལྡན་པ་གསུངས་ཡོད་ལ། བློ་དང་ལྡན་པ་ལ་རྣམ་པ་གསུམ་ལས་ཐོག་ མར་བློ་ཆེ་བའི་སྐོར་བསྟན་ཡོད། དེང་གི་ཆར་ཁོ་བོ་ཚུད་པའི་གསོ་རིག་བསྟན་འཛིན་གྱི་སྐྱེ་བོ་མང་པོ་ཞིག་གི་བློ་རྒྱ་ཆུང་དྲགས་པ་དང་མཐུན་སྒྲིལ་མེད་པའི་སྣང་ཚུལ་ཐོན་དང་ཐོན་མུས་རེད། དེ་ཡང་ཚན་པའམ་མི་སྒེར་གཞན་གང་རུང་གིས་གསོ་རིག་ཚད་གཞི་གསར་བཟོ་དང་། དཔེ་དེབ་གསར་འདོན། སྨན་ གསར་ཞིབ་འཇུག ལྟ་བ་གསར་འདོན་སོགས་ང་ཚོའི་མིག་ནང་དུ་འགྲོ་དཀའ་ཞིང་། དེ་དག་གི་སྐྱོན་ཆ་འཚོལ་གང་ཐུབ་བྱེད་པ་ནི་རྒྱུན་འབྱམས་སུ་སོང་ ཡོད་ལ། ཚན་རིག་དང་མཐུན་པའི་དཔྱད་དཔོག་གདེང་བརྗོད་གནང་མཁན་ཆེས་ཉུང་བ་རེད། དེ་བཞིན་ཚན་པ་དང་ཚན་པའི་བར་དུའང་དེ་ལྟར་ཡིན་ཏེ། སྨན་བཅོས་ཚན་པ་དང་སློབ་གསོའི་ཚན་པའི་བར་འབྲེལ་བ་དེ་ཙམ་མེད། ཐོན་ལས་ཚན་པ་མང་དག་གཅིག་ང་ཚོའི་མིག་སྣང་དུ་འཆར་དཀའ་བ་ལྟ་བུའོ། །ང་ཚོར་བློ་རྒྱ་མེད་ན་མཐུན་སྒྲིལ་གླེང་མི་ཐུབ་སྟེ། ང་ཚོའི་སྨན་བཅོས་དང་། ཚན་ཞིབ། སློབ་གསོ། ཐོན་ལས་སོགས་ཁག་སོར་སོར་གྱེས་པའི་རྒྱུ་མཚན་ཡང་འདི་དང་འབྲེལ་བ་མེད་པ་ག་ལ་ཡིན།
༤ གསོ་རིག་འཕེལ་རྒྱས་གཏོང་བའི་འཆར་འགོད་སྐོར།
མིག་སྔར་ང་ཚོར་གསོ་རིག་འཕེལ་རྒྱས་ཐད་ཀྱི་འཐུས་སྒོ་ཚང་ཞིང་ལག་བསྟར་རུང་བའི་རྩེ་རིམ་འཆར་འགོད་མེད་ཅེས་བརྗོད་ཆོག རྩེ་ངོས་འཆར་ འགོད་མེད་ན་ང་ཚོས་དོན་ཆེན་སྒྲུབ་མི་ཐུབ་སྟེ། འཕེལ་རྒྱས་ཀྱིགནད་མི་ཤེས། སྟོབས་ཤུགས་སིལ་བུར་ཐོར། ལས་ཀ་བསྐྱར་ཟློས་མང་། གྲུབ་འབྲས་མངོན་གསལ་མི་དོད་པས་སོ།། དེས་ན་སྨན་བཅོས་དང་། ཚན་ཞིབ། སློབ་གསོ་སོགས་གཞི་བདུན་གཅིག་སྒྲིལ་ལྟ་བུའི་བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ རྩེ་རིམ་འཆར་འགོད་དེ་ང་ཚོ་རང་ཉིད་ཀྱིས་མཉམ་བཟོ་བྱ་དགོས།
༥ སྨན་བཅོས་ཞབས་ཞུའི་སྐོར།
ད་ལྟའི་ཆར་ང་ཚོའི་སྨན་བཅོས་དང་ཞབས་ཞུའི་རྣམ་པར་རང་ལུགས་གསོ་རིག་གི་ཁྱད་ཆོས་
མངོན་གསལ་མི་དོད་པའི་རྣམ་པ་ཞིག་ཆགས་ཡོད། རྒྱུ་མཚན་ནི་ད་བར་ང་ཚོར་བོད་ཀྱི་གསོ་རིག་རང་གི་སྨན་བཅོས་ཞབས་ཞུའི་ཚན་པ་ཆེ་གྲས་ གཅིག་ཀྱང་མེད་ཅེས་བརྗོད་ཆོག་པ་དང་། ནད་གཞི་གང་ཞིག་ཡིན་ཀྱང་བོད་ཀྱི་གསོ་རིག་རང་གི་ནད་ངོས་མེད་ན་ཁྱེད་ཀྱི་སྨན་བཅོས་ནམ་ཡང་ཚད་ལྡན་གྱི་ བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་དང་བསྟུན་མི་ཐུབ་པའི་ཕྱིར་དང་། རླུང་མཁྲིས་བད་ཀན་གྱི་རིག་གཞུང་ལས་བརྒལ་བའི་ཞབས་ཞུ་མཐའ་དག་བོད་ཀྱི་ གསོ་བ་རིག་པའི་ཞབས་ཞུ་མིན་པར་ཐག་བཅད་ཆོག་པའི་ཕྱིར་རོ། །
དེས་ན་ལག་ལེན་བཅོ་བརྒྱད་གཞིར་བཟུང་སྟེ་ཞབས་ཞུའི་ཚན་པ་གསར་འཛུགས་དང་ཞབས་ཞུའི་རྣམ་གྲངས་ཁ་སྣོན་བྱ་རྒྱུ་ནི་བོད་གསོའི་ནད་ བཅོས་སྲོག་སྐྱོབས་ཀྱི་དགོས་མཁོ་དངོས་དེ་ཡིན་། སྤྱི་ཚོགས་དང་ནད་པའི་དགོས་མཁོར་གཞིགས་ནས་སྨན་བཅོས་ཞབས་ཞུའི་རྣམ་པ་འགྱུར་ལྡོག་བཏང་སྟེ་དུས་རབས་དང་མཐུན་པའི་བོད་ཀྱི་གསོ་བ་རིག་པའི་ཐོན་རྫས་དང་ཆ་བྱད་གསར་སྤེལ་བྱ་རྒྱུ་ནི་ཐད་ཀར་ནད་བཅོས་སྲོག་སྐྱོབས་དང་འབྲེལ་བ་ཞིག་ཡིན། ནད་ངོས་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་འཛིན་མ་ཐུབ་ན་སྨན་བཅོས་ཀྱི་གསོ་ཚུལ་རྩ་དོན་ཡང་དག་གཅིག་འབྱུང་མི་སྲིད་པས་འདི་ནི་ནད་ཐོག་གི་གནད་ དོན་གལ་ཆེན་ཞིག་ཡིན་ལ། སྨན་པ་ཚང་མས་དུས་རྒྱུན་ནས་དོ་སྣང་གང་ལེགས་བྱ་དགོས་པ་ཞིག་ཀྱང་ཡིན། ད་ཡོད་སྨན་ཐུམ་ཁག་གཅིག་པོ་དེ་ཁོ་ནས་ ནད་ཐོག་སྟེང་གསོ་ཐབས་དངོས་ཀྱི་དགོས་མཁོ་བསྐོང་མི་ཐུབ་ལ། དེས་བོད་ཀྱི་གསོ་བ་རིག་པའི་ཚབ་དེ་བས་བྱེད་མི་ཐུབ་པས། ངེས་པར་དུ་དཔྱད་དཔེ་ཁག་གི་གསོ་ཐབས་ལག་རྩལ་རྣམས་སྔོག་འདོན་གསར་སྤེལ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཀྱང་ཡིན།
༦ ཚན་རིག་ཞིབ་འཇུག་སྐོར།
བོད་ཀྱི་གསོ་རིག་རྒྱུན་འཛིན་པ་སྤྱིའི་ཚན་ཞིབ་འདུ་ཤེས་ཞན་པ་ནི་མིག་སྔའི་ང་ཚོའི་གནས་ཚུལ་ཚབས་ཆེན་ཞིག་རེད། འདུ་ཤེས་ཞན་པས་ང་ཚོས་ཚན་རིག་ཞིབ་འཇུག་གི་ཐབས་ལམ་མི་ཤེས། ཐབས་ལམ་མི་ཤེས་པས་མཐར་ཐུག་གི་ཞིབ་འཇུག་འབྲས་བུ་ཆེས་སྐྱོ་བོ་ཆགས་པའི་མཇུག་འབྲས་ཐོན་པ་མ་ཟད། ང་ཚོར་བོད་ཀྱི་གསོ་རིག་རང་གི་ཁྱད་ཆོས་དང་འཚམས་པའི་ཚན་རིག་ཞིབ་འཇུག་གི་རྣམ་པའམ་ཐབས་ལམ་ཞིག་ད་བར་ཆགས་མེད། དེས་ན་ མིག་སྔར་ང་ཚོས་དཔྱད་དཔེ་ཞིབ་འཇུག་གིས་རིག་གཞུང་ཞིབ་འཇུག་གི་ཚབ་བྱེད་པ་དང་། དཔེ་རྙིང་ལྷུ་སྒྲིག་བྱ་རྒྱུ་དེས་དཔྱད་དཔེ་ཞིབ་འཇུག་གི་ཚབ་བྱེད་པ། ནད་ཐོག་ཞིབ་འཇུག་གི་ཐབས་ལམ་དེ་ཕྱི་ལུགས་གསོ་རིག་གི་ཐབས་ལམ་ལ་སྐྱབས་བཅོལ་དགོས་པའི་རྣམ་པ་ཞིག་ཆགས་ཡོད། དེ་ཐད་ལ་རང་གི་བསམ་ཚུལ་ཙམ་ཞུས་ན།
1.གསར་དར་ཚན་ཞིབ་རིག་པ་དང་། ཐབས་ལམ་རིག་པ། བསྡོམས་རྩིས་རིག་པ། ཚད་གཞི་རིག་པ། སྒྲུབ་སྲུང་རིག་པ་སོགས་གསོ་རིག་གི་རིག་གཞུང་ཁག་ལ་གོ་བ་ལོག་སྒྲུབ་བྱེད་མི་རུང་ལ། དེ་བས་སློབ་སྦྱོང་གིས་བོད་ཀྱི་གསོ་བ་རིག་པའི་རྒྱན་དུ་འགྱུར་པ་བྱེད་དགོས་ཏེ། གལ་ཏེ་མེས་པོ་ཚོ་
བཞུགས་ཡོད་ཀྱང་དེ་ལྟར་གནང་སྲིད། ཡིན་ནའང་རླུང་མཁྲིས་བད་ཀན་གྱི་རིག་གཞུང་དགོངས་པ་ནི་ནམ་ཡང་ང་ཚོའི་བླ་སྲོག་ཡིན་པ་ བརྗེད་མི་རུང་། 2.བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་དང་མཐུན་པའི་ཚན་རིག་ཞིབ་འཇུག་གི་རྣམ་པའམ་ཐབས་ལམ་ཞིག་ངེས་པར་དུ་རྙེད་ཐུབ་པ་བྱེད་དགོས།
3.ཚན་ཞིབ་ཀྱི་དམིགས་ཡུལ་ནི་ཤེས་བྱ་གསར་འཚོལ་བྱ་རྒྱུ་དེ་ཡིན། དེས་ན་བོད་ཀྱི་གསོ་བ་རིག་པའི་ཚན་ཞིབ་ལས་ཀའི་དམིགས་ཡུལ་ཡང་གཙོ་བོ་ གཉིས་ལས་མེད་དེ། བོད་ཀྱི་གསོ་བ་རིག་པའི་རིག་གཞུང་གནད་དོན་ལ་ཞིབ་འཇུག་ཐག་གཅོད་ཀྱིས་ནད་ཐོག་ལ་ཕྱོགས་སྟོན་ཐུབ་པ་བྱ་རྒྱུ་དང་། བོད་ཀྱི་གསོ་བ་རིག་པའི་ནད་ཐོག་གནད་དོན་ལ་ཞིབ་འཇུག་གིས་ལག་རྩལ་དང་སྨན་སྦྱོར་སྔོག་འདོན་གསར་སྤེལ་གྱིས་ནད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ ཡིན།
4.གསོ་རིག་ཚན་ཞིབ་ལས་ཀའི་མཐར་ཐུག་གི་དམིགས་ཡུལ་ནི། ནད་བཅོས་སྲོག་སྐྱོབ་ཀྱི་གནད་དོན་ཐག་གཅོད་དང་སྨན་བཅོས་ཕན་འབྲས་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང་། དེ་མིན་བརྒྱ་བཤད་སྟོང་བརྗོད་བྱས་ཀྱང་ཕན་ཐོགས་མེད། 5.ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་དང་བྲལ་བའི་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ལས་ཀ་ཡོད་ཚད་ལ་དོན་སྙིང་ཆེན་པོ་མེད་ཅེས་བརྗོད་ཆོག །
༧ རྒྱུན་འཛིན་མི་སྣ་གསོ་སྐྱོང་སྐོར།
འདི་ལ་གཉིས་ཏེ། གཅིག་ནི་རྨང་གཞིའི་རྒྱུན་འཛིན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ཞིང་། དེ་ཡང་གཙོ་བོ་རྨང་གཞིའི་སློབ་གསོ་དེ་དགེ་རྒན་ལ་ བསྟེན་དགོས་པ་དང་། ནད་ཐོག་སྦྱོང་བརྡར་དེ་སྨན་པ་ལ་བསྟེན་དགོས་པ་ཡིན། འདི་ཐད་ཐོན་བཞིན་པའི་གནད་དོན་གལ་ཆེན་ཞིག་ནི། དགེ་རྒན་མང་ དག་གཅིག་ནད་ཐོག་དང་ཁ་བྲལ་ཞིང་ནད་པ་ངོ་མི་ཤེས་པ་དང་། སྨན་པ་མང་དག་གཅིག་དཔེ་ཆ་དང་ཁ་བྲལ་ཏེ་རིག་གཞུང་དོན་ལ་མི་འཁྱོལ་བའི་གནས་ སུ་གྱར་ཡོད། འདི་གཉིས་ཀྱི་བར་དུ་གསོ་སྐྱོང་བྱུང་བའི་མི་སྣ་དེ་ང་ཚོའི་གསོ་རིག་གི་རྒྱུན་འཛིན་པ་ལེགས་པོ་ཞིག་ལ་འགྱུར་ཁག་པོ་རེད།
གཉིས་པ་ནི་བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རེད། མིག་སྔར་ང་ཚོར་མཐོ་རིམ་མི་སྣ་གསོ་སྐྱོང་བྱ་བའི་རྣམ་པའམ་ ཐབས་ལམ་ཡང་དག་པ་གཅིག་ཆགས་མེད་ཅེས་བརྗོད་ཆོག གསོ་སྐྱོང་གི་ཐབས་ལམ་ཡང་མི་དག་ན་ཕྱིའི་སློབ་གནས་མཐོ་ཡང་ནང་གི་སྤུས་ཚད་ལེགས་པའི་མིང་དོན་མཚུངས་པའི་མཐོ་རིམ་མི་སྣ་ཞིག་ཆགས་ཁག་པོ་རེད།༼འདིའི་ནང་ཁོ་བོ་ཡང་ཚུད་ཡོད།༽ དེས་ན་ང་ཚོའི་མཐོ་རིམ་མི་སྣ་གསོ་སྐྱོང་བྱ་རྒྱུ་ དེ་སློབ་གྲྭ་གཅིག་པུའི་ལས་འགན་ལ་མི་བརྩི་བར་སྨན་བཅོས་ཚན་པ་དང་། ཞིབ་འཇུག་ཚན་པ། ཐོན་ལས་ཚན་པ་སོགས་མཉམ་རུབ་ཀྱིས་མཐོང་ཆེན་ བྱས་ཏེ་ལེགས་པར་གསོ་སྐྱོང་བྱ་དགོས།
༨ བོད་ཀྱི་གསོ་བ་རིག་པའི་ཚད་གཞིའི་སྐོར།
གསོ་རིག་སྐོར་གྱི་ཚད་གཞི་ལ་ང་ཚོས་གོ་བ་ལོག་སྒྲུབ་བྱ་མི་རུང་། མིག་སྔར་ང་ཚོའི་རྒྱུན་འཛིན་པ་ཁག་གཅིག་གིས་ཚད་གཞི་ལ་དགྲ་མཐོང་ མཐོང་གིས་ང་ཚོར་ཚད་གཞི་མི་དགོས། དཔལ་ལྡན་རྒྱུད་བཞི་ཚད་གཞི་རེད་ཅེས་སྨྲས་ཏེ་དོར་བ་དང་། ཡང་ཁག་གཅིག་གིས་ཚད་གཞི་དེ་ལྷ་ལྟ་བུར་བརྩིས་ནས་ཡོད་ཚད་ཚད་གཞི་ཅན་དུ་བསྒྱུར་བར་བརྩོན་པར་བྱེད། འདི་གཉིས་ཀ་ཕྱོགས་སུ་ལྷུང་བའི་བྱེད་སྟངས་ལས་མ་འདས་སོ། །དེ་ལ་འདིར་ཚད་གཞིའི་སྐོར་ཅུང་ཞུས་ན།
1.ཚད་གཞིའི་ངེས་ཚིག་ཤེས་ཐུབ་པ་དགོས་ཏེ། བོད་ཀྱི་གསོ་བ་རིག་པའི་ཚད་གཞི་ནི། གནའ་བོའི་དཔྱད་དཔེ་དང་། ད་ལྟའི་ནད་ཐོག་མྱོང་བ། ཚན་ཞིབ་གྲུབ་འབྲས་བཅས་གསུམ་ལ་ཡང་དག་པ་དང་ཕྱོགས་ཡོངས་ནས་དབྱེ་ཞིབ་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་སྟེང་གཞི་ནས་གྲུབ་པའི་ལག་རྩལ་གཏན་འབེབས་ཤིག་ཡིན། དེའི་དམིགས་ཡུལ་ནི་ནད་པར་ཆེས་འཚམས་ཤོས་ཀྱི་བརྟག་བཅོས་ཕན་འབྲས་སྐྲུན་རྒྱུ་དེ་ཡིན། དེས་ན་ཚད་གཞི་བཟོ་བ་ནི་ལས་སླ་བོ་ཞིག་མིན།
2.ཡང་དག་པའི་ཚད་གཞི་ནི་ནམ་ཡང་གསོན་པོ་ཞིག་ཡིན་པ་ཤེས་དགོས་ལ། དེས་བོད་ཀྱི་གསོ་རིག་སྤྱི་དང་ཁྱད་པར་ནད་བཅོས་སྲོག་སྐྱོབས་ཀྱི་ལས་ཀར་ཕན་པ་སྐྲུན་ཐུབ་པ་བྱེད་དགོས། 3.ང་ཚོར་ཚད་གཞི་དགོས་མི་དགོས། དེ་ནི་གསོ་རིག་འཕེལ་རྒྱས་དང་ནད་ཐོག་བརྟག་བཅོས་ཀྱི་དགོས་མཁོ་ཁོ་ན་ལ་གཞིགས་ཏེ་བལྟ་དགོས། དེ་མིན་པར་ཚད་གཞིའི་དོན་དུ་ཚད་གཞི་བཟོ་བ་ནི་གསོ་རིག་ལ་གནོད་པ་ལས་ཕན་པ་ཅི་ཡང་མེད། 4.ང་ཚོས་ཚད་གཞི་ཇི་ལྟར་བཟོ་དགོས། ཚད་གཞི་ནི་མཁས་པ་ག་གེ་མོས་གཏན་ལ་ཕབ་པ་ཞིག་དང་། འབྲི་རྩལ་མཁས་པས་བྲིས་བཞག་པ་ཞིག་ གཏན་ནས་མ་ཡིན། ཚད་གཞི་བཟོ་བར་ཐོག་མར་མཁོ་མི་མཁོ་ལ་བསམ་གཞིགས་བྱ་དགོས། གལ་ཏེ་མཁོ་ན་དེ་ལ་གཞིགས་ཏེ་ཐོག་མར་གནའ་དེང་ དཔྱད་དཔེ་དང་། དེ་ནས་ད་ལྟའི་ནད་ཐོག་མྱོང་བ། མཐའ་མར་ཚན་ཞིབ་གྲུབ་འབྲས་བཅས་གསུམ་ལ་ཕྱོགས་བསྡོམས་ཀྱིས་ལེགས་པར་བཅོས་བསྒྲིགས་དང་རིམ་པས་འགྲེམས་སྤེལ་བྱ་དགོས་སོ།།
བཞི་པ། མཇུག་གཏམ།
གཞན་ད་དུང་བོད་ཀྱི་གསོ་བ་རིག་པའི་ཆ་འཕྲིན་དང་། སྨན་རྫས་དང་སྨན་སྦྱོར། ཐོན་ལས་སོགས་ཀྱི་ཐད་ལ་བསམ་འཆར་འདྲ་ཞུ་འདོད་ཀྱང་ཡིག་ཚོགས་ལ་འཇིགས་ཏེ་འདི་ཙམ་གྱིས་འཐུས་པར་བྱ་ལ། མདོར་ན་རིག་པ་ཀླད་ལ་བསྐོར་ནས་བསམ་བློ་་ཞིབ་མོར་བཏང་ན། དོན་དངོས་ལ་འཁྱགས་པ་ཤོར་དུས་དད་ཞེན་གྱི་མེ་འབར་ཡང་རྔོ་མི་ཐོགས་པས། དེས་ན་རེ་ཞིག་ལོ་རྒྱུས་རིང་བ་དང་། ངོ་མཚར་ཆེ་བ། འོད་སྟོང་འབར་བ། དད་པ་གཡོ་བ་སོགས་ཀྱི་གཉིད་ལས་སད་དེ་དོན་དངོས་གནད་དོན་གྱི་ལམ་ཁར་ཞུགས་རན་ཞིང་། ལར་ལོ་རྒྱུས་དང་། རིག་གཞུང་། ནད་ཐོག་སོགས་ཀྱི་གནད་དོན་གང་ཞིག་ལ་ཞིབ་འཇུག་གིས་དེ་ཉིད་ཡོད་མེད་དང་། ཡིན་མིན། བདེན་རྫུན། དཀར་ནག ཕན་གནོད་སོགས་ཀྱི་དོན་དམ་གླེང་བ་ལ། ཐོག་མར་ཞིབ་ཚགས་པའི་ཞིབ་འཇུག་གི་འཆར་འགོད་བྱ་དགོས་པ་དང་། བར་དུ་ཐབས་བཙན་ཞིང་དོ་ནན་པའི་ཞིབ་འཇུག་ལས་ཀ་སྤེལ་དགོས་ཤིང་། མཐའ་མར་ཞིབ་འཇུག་གི་འབྲས་བུ་ལ་བསྡོམས་རྩིས་དབྱེ་ཞིབ་ཀྱིས་ཁུངས་བཙན་པའི་ལུང་དང་རིག་པའམ་ཚན་རིག་དཔང་རྟགས་དྲངས་ཏེ་ཁ་ཚོན་གཅོད་ཅིང་རྒྱ་ཆེན་པོར་བསྒྲགས་པ་ལས། དོན་མེད་དུ་རྩོད་རྙོགས་ལ་བརྟེན་ནས་རིན་ཆེན་དུས་ཚོད་འཕྲོ་བརླག་མེད་པར་བྱ་རྒྱུ་གལ་ཆེའོ་སྙམ། །
མདོར་ན་བོད་ཀྱི་གསོ་བ་རིག་པའི་མ་འོངས་པ་གང་དུ་ཡོད་ཅེ་ན། ང་ཚོ་རང་གི་ལག་ཏུ་ཡོད། དེའང་སྲོལ་རྒྱུན་གྱི་རིན་ཐང་ལྡན་པའི་ཐབས་དང་ཤེས་རབ་དག་ལ་བརྩི་སྲུང་དང་རྒྱུན་འཛིན་སློབ་སྦྱོང་བྱ་འོས་ལ། དེ་བས་དུས་རབས་དང་མཐུན་པའི་བློ་དང་རིག་པ་ལ་བརྟེན་ནས་ལས་ཀའི་ཁ་ཕྱོགས་དང་དམིགས་ཡུལ། ཡང་དག་པའི་ཐབས་ལམ་སོགས་འདེམས་ཁ་དང་། དེ་ལ་གཞིགས་ཏེ་འབད་པ་ཆེར་བསྐྱེད་ཀྱིས་གསོ་རིག་བསྟན་དོན་བླ་རུ་འདེགས་པའི་ཁུར་ཆེན་འདེགས་ཐུབ་ན། ད་གཟོད་བོད་ཀྱི་གསོ་བ་རིག་པའི་མ་འོངས་པ་དེ་ང་ཚོའི་ལག་ནང་དུ་འོད་དང་ལྡན་པ་ཞིག་ཡོང་ངེས་སྙམ།
ཡང་རང་ཉིད་ཀྱིས་བསམ་ན་གོང་གི་གནད་དོན་དག་ནི་བོད་ཀྱི་གསོ་བ་རིག་པའི་མ་འོངས་མདུན་ལམ་དང་ཐད་ཀར་འབྲེལ་ཆེ་ཞིང་། ད་ལྟའི་ལས་ཀའི་གཙོ་གནད་ལྟ་བུར་མཐོང་ཞིང་། དེ་ལ་བསམ་སྟེ་རྩོམ་ཐུང་འདི་ཉིད་ལྷག་བསམ་དག་པོས་སྦྱར་བ་ལ་ཆད་ལྷག་ལོག་པ་དང་གཞན་ལ་ཕོག་པ་སོགས་ཀྱི་ སྐྱོན་ཅི་མཆིས་པ་མཐོལ་ལོར་གཤགས་ཤིང་། རྩོད་པ་དང་གཤེ་བ་སོགས་ཡོད་ཚེ་ཁོ་བོ་སྒེར་རང་ལ་འབྲེལ་རོགས་ཞུ་རྒྱུ་ལས་ཚན་པ་སོགས་དང་འབྲེལ་བ་གང་ཡང་མེད། འདི་ལ་ཕན་དང་ལེགས་པའི་ཆ་ཙམ་མཆིས་ན་གངས་ཅན་ཚེ་ཡི་རིག་པའི་བསྟན་པ་རིན་པོ་ཆེ་ནམ་ཡང་མི་ནུབ་བསྐལ་བརྒྱར་གནས་པའི་རྒྱུ་རུ་བསྔོའོ། །
ཞེས་པ་འདི་ཡང་ཡུལ་གངས་ཅན་པའི་གནས་མཆོག་ལྕགས་པོ་རིའི་གཤམ་ནས་ཚེ་རིག་འཛིན་པའི་གྲལ་མཐའ་བ་སྨྱུག་མིང་གངས་མ་ཆར་དུ་འབོད་པས་བྲིས་པ་དགེའོ། །
་་་་་་་ མདོར་ན་བོད་ཀྱི་གསོ་བ་རིག་པའི་མ་འོངས་པ་གང་དུ་ཡོད་ཅེ་ན། ང་ཚོ་རང་གི་ལག་ཏུ་ཡོད། ་་་་་་་་
བོད་ཀྱི་གསོ་བ་རིག་པ་རྒྱ་གར་གྱི་ལག་ཏུ་ཡོད། དེ་ནི་དགེ་ཕྲུག་བོད་པས་དགེ་རྒན་རྒྱ་གར་ལ་ཕུལ་བ་རེད། དེ་འགྲིག་བསྡད་ཡོད་པ་རེད། རང་གི་ཡིན་ཟེར་ན་དེའི་ཁུངས་འཚོལ་དགོས་པ་རེད་ཁུངས་བཙལ་དུས་ཐུག་ས་གཅིག་ལ་ཐུག་འགྲོ་གི་རེད་དེ་ནི་བོད་པས་ངོས་ལེན་མི་བྱེད། བོད་པའི་ཐམས་ཅད་འཕགས་ཡུལ་ནས་བྱུང་བ་ཡིན་དུས་བོད་པའི་བཅུ་ཕྲག་རིག་གནས་ཐམས་ཅད་རྒྱ་གར་ལ་བདག་ཡོད། ད་ཤོད་ས་གང་ཡང་ལྷག་མེད། དེ་ཡང་དཔལ་ཎ་ལཎྜ་ལས་བྱུང་བ་རེད། ཧ་ཅང་གི་གཙིགས་ཆེན་པོ་རེད། བོད་པ་རང་ཉིད་ལ་གང་ཡང་མེད་ན་འགྲིག རིག་གནས་ནི་རྒྱ་གར་ལ་དབང། ས་ཆ་ནི་རྒྱ་ནག་ལ་དབང། བོད་པ་རང་ཉིད་སྟོང་པ་རྟེན་འབྱུང་གི་ལྟ་བ་བསྒོམ་པས་སྟོང་པ་རང་རེད།
བསམ་ཚུལ་ཞིབ་ཚགས་དང་གལ་ཆེན་གནང་འདུག
ཐུགས་རྗེ་ཆེ།
བོད་ཀྱི་གསོ་རིག་རྒྱ་གར་ཚེ་རིག་གི་འོག་ཏུ་དེབ་བསྐྱེལ་བྱས་པ་དེར་ང་ད་དུང་ཞེད་ཀྱི་འདུག ནང་སྙིང་གསལ་པོ་མི་ཤེས་ཡང་། རྒྱ་གར་དེ་མི་ཟ་མཁས་པོ་གཏིང་ནག་པོ་དཔེ་འདྲ་འདུག་བསམ་པ་ཞིག་རྒྱུན་དུ་ཡོད། མི་ལ་ཁོང་ཁྲོ་ཟ་མི་བཅུགས་པར་ཟ་གི་རེད། དཔེར་ན། ཨ་རུ་ན་ཅར་བཞིན།་
བོད་གསོ་བ་རིག་པའི་མདུན་ལམ་གང་དུ་ཡོད་ཟེར་ན། ང་ཚོའི་ལག་ཏུ་ཡོད་པ་བདེན་པ་རེད། མ་འོངས་པའི་གནས་བབ་གང་འདྲ་ཆགས་མིན་ནི་གང་ཤེས། ཉེ་སྔོན་མདོ་ཁམས་གླེང་ཟེར་བའི་དྲ་ཚོགས་ཤིག་ལ་འཛུལ་བ་ཡིན་ཏེ། དེའི་ནང་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་མཁས་པ་ཞིག་གདན་འདྲེན་ཞུས་ནས་གསུང་བཤད་གནང་བར་ཉན་རྒྱུ་བྱུང་། སྨན་པ་མཁས་པ་བརྗོད་དོན་གནད་ལ་འཁེལ་པོ་དང་ཚིག་ཉོག་མེད་ཞིག་ནི་རེད། མཚན་དེ་དྲན་པ་བརྗེད་སོང་། ཁོང་གི་གསུང་ན་དེ་འདྲ་ཚབས་ཆེན་ཞིག་མིན་པ་འདྲ། ཁྲིམས་ཀྱི་འགྲོ་སྟངས་ཤིག་གི་སྒང་ནས་གསུང་སོང་བསམ་བྱུང་།