ཉི་མ་ཚེ་རིང་།
ཁ་སྔོན་གྱི་སྐྱོ་ལྷང་ལྷང་གི་འཚོ་བ་དེ་ད་དུང་ཡང་ངའི་དྲན་ཤེས་ཀྱི་ཡོལ་བའི་ངོས་སུ་ལྷམ་མེར་མཆིས། ལོ་ངོ་བཅུ་ཕྲག་གཅིག་གི་སྔ་རོལ་ན་འཇིག་རྟེན་གྱི་སྟོན་པ་ཆེན་པོ་བཞུགས་སུ་གསོལ་བའི་གནས་མཆོག་གི་ཉེ་འཁྲིས་སུ་བོད་ཀྱི་གསོ་བ་རིག་པའི་དེད་དཔོན་ཆེན་པོ་ཁྱེད་ཉིད་མཇལ་བའི་སྐལ་བ་ཐོབ་ཅིང་། ལས་དོན་ཞིག་གི་སླད་དུ་ཚོུད་གང་ཙམ་རིང་ལྷོད་ལྷོད་ངང་གསོ་བ་རིག་པའི་དར་རྒུད་དང་འབྲེལ་བའི་བཀའ་མོལ་ཞུ་རྒྱུ་བྱུང་།
ལ་ལས། ཁོང་ནི་གསོ་རིག་ནོར་གྱི་མཛོད་འཛིན་ཆེན་པོ་ཞིག་རེད་ཟེར། ལ་ལས། ཁོང་ནི་གསོ་རིག་གཞུང་བཤད་ལག་ལེན་གྱི་མཁས་པའི་སྟེགས་བུར་གསོན་པའི་མཁས་དབང་རེད་ཟེར། འོན་ཀྱང་། ང་ལ་མཚོན་ན་ཁོང་ནི་ཕྱི་ཚུལ་རྒྱ་སྟག་ཏུ་འདུག་ཀྱང་དོན་སྙིང་སྨན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སེམས་དཔའ་ཆེན་པོ་ཞིག་རེད།
ངས་ཁོང་ལ། མི་རབས་གསར་པའི་བོད་ཀྱི་གསོ་བ་རིག་པའི་དཔུང་ཁག་ལ་ལམ་སྟོན་ཅི་ཞིག་ཡོད་དམ། དྲིས་པར་ཁོང་གིས་སྔམ་རིང་ཞིག་དང་ལྷན་དུ། ང་ནི་ཉི་མ་སང་ཉིན་ནངས་ཉིན་འགྲོ་མཁན་གྱི་མི་རེད། ངས་སྨན་སྦྱོར་གསར་པ་དང་། ལག་ལེན་གསར་གཏོད་བྱས་པ་གཏན་ནས་མེད། ངས་ད་ཕན་ལག་ལེན་གང་བྱས་ཚང་མ་དཔལ་ལྡན་རྒྱུད་གཞུང་གཞིར་བཞག་ནས་མཁས་པའི་བསྟན་བཅོས་ཉམས་ཡིག་ཁག་ལ་ཁུངས་གཏུག་པ་ཤ་སྟག་རེད། དེ་འདྲ་སོང་ཙང་། ང་ལ་མན་ངག་ཟེར་བ་ཞིག་ཅི་ཡང་མེད། ཁྱེད་ཚོས་དེང་དུས་ཀྱི་ཚན་རིག་དང་སྐད་ཤེས་ཀྱི་ཡོད་པས་མ་འོངས་པར་སྨན་གཞུང་གཞན་དག་དང་ང་ཚོའི་སྨན་གཞུང་གཉིས་མཚུངས་བསྡུར་གྱིས་རིགས་ལམ་སྤྱད་དགོས། ལྷག་པར་རྒྱུད་བཞི་ནི་ང་ཤི་སོང་ཡང་ཁྱོད་ཚོའི་ལག་ཏུ་ལྷག་རྒྱུ་རེད་པ། ཞེས་པའི་ཞལ་གདམས་དེ་ད་དུང་ཡང་ངའི་དར་ལུང་རྣ་བར་ཐོས་ཞོར་བོད་ཀྱི་གསོ་བ་རིག་པའི་རྡོ་རིང་ཨེམ་ཆི་ཡེ་ཤེས་དོན་ལྡན་མཆོག་ལ་སྐྱེལ་མ་ཞུའོ།། །།
སྨན་པ་ཉི་མ་ཚེ་རིང་ལགས་ནས་བླ་སྨན་པ་མཆོག་མཇལ་བ་དོན་སྙིང་ལྡན། ཁོང་གིས་གདམས་ངག་གི་ཉིང་བཅུད་ཁ་གསལ་གོ་བདེར་སྤེལ་བ་མངོན་པར་བསྟོད་དོ།
བླ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་གི་དོན་དམ་གྱི་བོད་ཀྱི་གསོ་བ་རིག་པའི་མཁས་དབང་བྱས་པ་ཅན་ཞིག་རེད། སྨན་རྩིས་ཁང་དེ་ཡང་ཐོག་མར་ཕྱག་འདེབས་མཁན་ཡང་ཁོང་རེད།
བླ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་གི་གསུངས་པ་བཞིན་མན་ངག་ཅེས་ཡོད་མདོག་མདོག་བྱེད་མཁན་མང་དུ་འདུག་མོད། དོན་དམ་དུ་རིག་པའི་གཞུང་ལུགས་གང་དང་གང་དེའི་རྩ་བར་ཐིམ་པའི་ལག་ལེན་ཁག་ལག་ཏུ་ལེན་པ་ནི་ལག་ལེན་ངོ་མ་དེ་རེད་སྙམ།
དེ་མིན་དེང་སང་བོད་ཀྱི་སྨན་པ་ཡིན་ཟེར་བའི་རྩ་མདོ་ཆུ་མདོ་ཀློག་ཙམ་དང་། སྨན་གྱི་ནུས་པ་བློ་འཛིན་ཡོད་ཙམ་གྱིས་སྨན་པ་ཡིན་ཟེར་མཁན་མང་ཙམ་འདུག
༧གོང་ས་མཆོག་གིས།
ངས་སྔ་མོ་ནས་འདི་བཤད་བསྡད་ཀྱི་ཡོད། བོད་སྨན་ལ་ནམ་རྒྱུན་འཆར་ཅན་གྱི་ཕྱག་ལེན་ལྟ་བུ་ཡོད་བསྡད་པ་དེ་རང་རྒྱུན་འཛིན་བྱེད་པ་ཙམ་མ་ཡིན་པར། དེ་སྔ་བོད་དུ་ཆོས་རྒྱལ་ཁྲི་སྲོང་གི་སྐབས་སུ་རྒྱ་ནག་གི་ཨེམ་ཆི། རྒྱ་གར་གི་ཨྰཡུརྦེད། ཡུནྰནི། བོད་རང་གི་ཨེམ་ཆི་ཇི་ཙམ་ཡོད་མིན་མི་ཤེས་ཏེ་གང་ལྟར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་ཚོགས་པ་རེད་ཅེས་དེ་འདྲ་བཤད་རྒྱུ་འདུག་ག དེ་དུས་ཡིན་ན་མཐུན་རྐྱེན་ཁག་པོ་ཞེ་དྲགས་རེད། དཔེར་ན་རྒྱ་གར་དང་རྒྱ་ནག་ནས་ལྷ་སར་འགྲོ་དགོས་བྱུང་བ་ཡིན་ན་རྟ་དྲེལ་དང་སྐབས་རེ་མཛོ་བཞོན་དགོས་དུས་དཀའ་ལས་ཁག་པོ་ཞེ་དྲགས་ཡིན། དེ་རིང་ཁ་སང་དུས་ཚོད་ལ་ང་ཚོ་ལས་སླ་པོ་ཞེ་དྲགས་འདུག་ག ཨཱཡུརྦེད་ཆ་བཞག་པ་ཡིན་ན་འདིར་རྒྱ་གར་རང་ནས་ཡིན་པ་རེད། ཀྲུང་ཡུ་སྨན་དེ་ཚོ་ང་ཚོས་འབྲེལ་བ་བྱེད་ཡག་ཤུགས་ཆེན་པོ་ཡོང་ཐུབ་པ་རེད། ཞི་ཡུ་ཡོད་ཡོད་པ་རེད། དེ་འདྲ་ཡིན་དུས་གོ་སྐབས་གསར་པ་ཡོད་པ་དེ་ཚོ་དང་། གོ་སྐབས་གསར་པ་འཚོལ་ཏེ་མུ་མཐུད་ནས་ཉམས་མྱོང་བརྗེ་ལེན་བྱེད་དགོས། དེ་ནས་རྩ་བའི་གསོ་བ་རིག་པའི་ལག་ལེན་ངོ་མའི་ཐོག་ནས་ཡར་རྒྱས་གང་འདྲ་གཏོང་རྒྱུ་འདུག་གམ་དེ་འདྲ་ཐོག་ལ་ཏོག་ཙམ་བསམ་བློ་གཏོང་ཐུབ་ན། འཆར་ཅན་སྒང་ནས་བསྡད་པ་མ་ཡིན་པ་ང་ཚོར་ཆ་རྐྱེན་འཛོམས་ནས་ཡོད་པ་ཡིན་དུས་ཡར་རྒྱས་འགྲོ་ཐུབ་པ་ཞིག་དགོས་པ་དེ་སྔ་ནས་ངས་དེ་འདྲ་བཤད་མྱོང་ཡོད།
ཟམ་གདོང་རིན་པོ་ཆེས།
བདག་པོ་བརྒྱབ་འདོད་ཡོད་ཀྱང་རྒྱག་སྟངས་མ་ཤེས་པས་ཉམས་ཆག་ཏུ་འགྲོ་བཞིན་པ་དཔེར་ན། ཁ་ཤས་ཀྱིས་སྨན་གཞུང་ཆ་ཚང་མ་ཤེས་གོང་ནས་སྨན་པ་བྱས་ཏེ་རྒྱུད་ཀྱི་སློབ་སྦྱོང་དང༌། ནད་བརྟག་ཚུལ། སྨན་སྦྱར་ཚུལ། སྨན་རྒྱུ་ངོ་སྤྲོད་སོགས་ཆ་ཚང་མ་ཤེས་པར་རྩ་ཆུ་ལྟ་ཤེས་ཙམ་བྱུང་སྐབས་ནད་གང་ལ་སྨན་གང་སྤྲོད་དགོས་ཀྱི་ངོ་སྤྲོད་ཟིན་ཏིག་ལྟ་བུའི་དེབ་ཆུང་རིགས་བཀླགས་ནས་སྨན་པ་བྱེད་མཁན་བྱུང་བ་ཡིན་ན་ཉེན་ཁ་ཆེན་པོ་རེད། བཀའ་གདམས་པ་གོང་མ་ཚོས་ “བེའུ་བུམ་ལག་མཐིལ་ཙམ་པ་ཞིག་སྟོན་པ་ཙུག སྦས་པ་ཙུག་བྱས་པས་གར་ཡང་མི་ཕྱིན། ” ཞེས་གསུངས་པ་ལྟར་ལག་དེབ་དང་ཟིན་ཏིག་ལྟ་བུའི་ཐོག་ནས་སྨན་དཔྱད་ཀྱི་ལག་ལེན་བྱས་པ་ཡིན་ན་ཡག་པོ་མ་རེད།