གཡང་འབུམ་རྒྱལ་ནས།
ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༧ དགོང་མོར་དབྱངས་དགའ་ལགས་ཚེ་ཡི་འདུ་བྱེད་མཐའ་མར་གྱུར་སོང་། ཁོང་གཤེགས་ཉིན་གྱི་ཕྱི་ཉིན་ནི་དགའ་ལྡན་ལྔ་མཆོད་ཡིན་ལ། འཛམ་གླིང་རྐང་རྩེད་སྤོ་ལོའི་གསེར་གྱི་བུམ་པའི་རྟིང་རྩོད་འགྲན་བསྡུར་གྱི་ཉིན་མོ་ཡང་ཡིན། རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་འཛམ་གླིང་མི་དམངས་ཡོངས་ཀྱི་སྐབས་དོན་བརྗོད་གཞི་གཙོ་བོར་གྱུར་ཡོད་ནའང་། ངའི་སེམས་ནི་གྲོགས་དབྱངས་དགའ་ལགས་ཚེ་འདས་སུ་གྱུར་བས་བོད་ཀྱི་གསོ་བ་རིག་པའི་བདུད་རྩི་བུམ་པ་ཞིག་འགྱེལ་སོང་སྙམ་བཞིན་སེམས་ལ་གནོན་ཤུགས་ཤིག་དང་སྐྱོ་སྣང་གིས་བཟུང་།
ང་དབྱངས་དགའ་ལགས་དང་ཐོག་མར་ཐུག་སྐབས་ནི་ཕྱི་ལོ་ ༢༠༠༤ འམ་ ༥ ཡི་དགུན་ཁ་ཞིག་ལ་ཡིན། ཕལ་ཆེར་དབྱངས་དགའ་ལགས་དང་། སྨན་པ་བསྟན་འཛིན་གྲགས་པ། སྨན་པ་ཕུན་ཚོགས་དབང་མོ། སྨན་པ་ཆོས་དབྱིངས་ཕུན་ཚོགས། སྨན་པ་བཀྲ་ཤིས་རབ་བརྟན་བཅས་ང་ཚོ་སྨན་པ་སྐོར་ཞིག་ནིག་ཡོག་གྲོང་ཁྱེར་དུ་འཛོམས་ཏེ། ཨ་རིར་དོན་ཕན་ལྡན་པའི་བོད་ཀྱི་གསོ་རིག་ཚོགས་པ་ཞིག་གསར་འཛུགས་བྱེད་པའི་ཐད་གྲོས་བསྡུར་བྱས་པར། ཁ་ཤས་ཀྱིས་དེ་སྔ་ཨ་རིའི་ནིག་ཡོག་ཏུ་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་མཐུན་ཚོགས་(International Tibetan Medical Association) ཞེས་པ་ཞིག་བཙུགས་ཟིན་ཡོད་པས་རྨང་གཞི་དེའི་སྟེང་ཚོགས་པའི་སྒྲིག་གཞིས་མཚོན་པའི་རྩ་འཛིན་ཡིག་ཆ་བསྐྱར་བཟོ་དང་། ཚོགས་གཙོ་ཚོགས་དྲུང་གསར་བསྐོ། ཚོགས་མི་གཞན་པ་མཉམ་ཞུགས། ལས་དོན་འཆར་གཞི་རིམ་གྱིས་སྤེལ་རྒྱུར་མང་མོས་བྱུང་སྟེ། ང་ལ་ཚོགས་པའི་སྒྲིག་གཞི་ཟིན་བྲིས་འདེབས་རྒྱུའི་ལས་འགན་སྤྲད། དབྱངས་དགའ་ལགས་ཀྱིས་དེ་ལྟའི་ཚོགས་པ་ཞིག་དགོས་པ་གལ་ཆེན་ཡིན་པ་དང་ཁོང་རང་ངོས་ནས་དེར་རྒྱབ་སྐྱོར་མཐུན་འགྱུར་གང་ཐུབ་བྱ་རྒྱུར་ཞལ་བཞེས་གནང་སོང་། ང་ཡང་ཨིན་ཌི་ཡ་ན་མངའ་སྡེར་ཕྱིར་ལོག་ནས་དེ་སྔ་འཕགས་ཡུལ་སྨན་རྩིས་ཁང་དུ་སྨན་པ་དང་མཐོ་སློབ་དགེ་རྒན། འཛིན་སྐྱོང་གི་བྱ་བར་ཅུང་ཟད་ཞུགས་པའི་ཉམས་མྱོང་ལ་བརྟེན་ནས་དེ་མུར་ཚོགས་པའི་སྒྲིག་གཞི་ཤོག་གྲངས་བཞི་ལྔ་ཅན་ཞིག་ཟིན་བྲིས་བཏབ་སྟེ་ཚོགས་དྲུང་ལ་བསྐུར། ཡིན་ནའང་བློ་ཕམ་ཞིག་ལ་ཨ་རིར་གནས་སྡོད་སྨན་པ་རྣམས་ཀྱིས་འཚོ་ཐབས་ཀྱི་ཆེད་དུ་ལས་རིགས་སྣ་ཚོགས་ཤིག་གཉེར་དགོས་སྟབས། ཚོགས་པ་འདི་གསར་འཛུགས་ལ་ཤུགས་བསྒྲིལ་མ་ཐུབ་སྟེ་ལམ་ལྷོང་རྒྱུན་འཁྱོངས་བྱུང་མེད། དབྱངས་དགའ་ལགས་སྐབས་དེར་འབུམ་རམས་པའི་སློབ་སྦྱོང་གི་བྲེལ་ཟིང་ཆེ་ནའང་བོད་ཀྱི་གསོ་རིག་ལས་དོན་ཆེད་ཐབས་ཤེས་ཡོད་རྒུ་དང་གོ་སྐབས་དམ་འཛིན་གྱིས་མཉམ་ཞུགས་གནང་མཁན་ཞིག་ཡིན།
ཕྱི་ལོ་ ༢༠༠༨ དབྱར་ཁའི་ཟླ་ ༦ ཞིག་ལ། ང་ཚོ་བོད་ཕྱི་ནང་གི་སྨན་པ་སྐོར་ཞིག་ཨམ་ཧེར་སི་ཊི་མཐོ་སློབ་ Amherst College ཏུ་འཚོགས་གནང་བའི་ཞང་ཞུང་བོད་ཀྱི་གསོ་རིག་སློབ་གྲྭའི་གསོ་རིག་བགྲོ་གླེང་ཚོགས་འདུ་ཞིག་ཏུ་འདུ་འཛོམས་བྱུང་། མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག་གིས་ཚོགས་འདུ་དེའི་དབུ་འབྱེད་གསུང་བཤད་གནང་ཞིང་། དབྱངས་དགའ་ལགས་ཀྱི་འབུམ་རམས་པའི་སློབ་སྟོན་པ་དགེ་རྒན་ཇེ་ནེ་ཊི་རྒྱ་མཚོ་ Janet Gyatso ལགས་ཀྱིས་ཀྱང་ཚོགས་ཞུགས་གསུང་བཤད་གནང་ཡོད། དབྱངས་དགའ་ལགས་ཀྱིས་ཚོགས་ཐོག་ཏུ་(བོད་ཀྱི་གསོ་རིག་གི་ལོ་རྒྱུས་ཡིག་ཚགས། The Historical Records of Medical Knowledge of Tibet)་ཞེས་པའི་བརྗོད་གཞི་སྟེང་གསུང་བཤད་ཅིག་གནང་བ་དྲན་གྱིན་འདུག་ནའང་། ད་བར་ལོ་ངོ་བཅུ་ཕྲག་གཅིག་ལྷག་བཞུད་སོང་བས་ཁོང་གི་གསུང་བཤད་ཀྱི་ནང་དོན་ཞིབ་གསལ་མི་དྲན། གཙོ་བོ་བོད་ཀྱི་གསོ་རིག་གི་ལོ་རྒྱུས་དང་། ཡིག་རྙིང་། ལོ་ཚིགས། མཁས་དབང་རིམ་བྱོན་གྱི་གལ་ཆེའི་གསུང་རྩོམ་སྐོར་གཙོ་བཟུང་གིས་ངོ་སྤྲོད་གནང་བ་ཞིག་ཡིན་པ་ཡོད། སྐབས་དེར་ཁོང་གིས་ཧ་ཝར་ཌི་གཙུག་ལག་སློབ་ཆེན་དུ་འབུམ་རམས་པ་སློབ་གཉེར་བྱེད་པའི་སྐབས་ཡིན། ཚོགས་འདུའི་རྗེས་སུ་དབྱངས་དགའ་ལགས་དང་། སྨན་པ་ཕུན་ཚོགས་དབང་མོ། སྨན་པ་དཀོན་མཆོག་རྒྱལ་མཚན། སྨན་པ་དབྱངས་སྒྲོན་སྐལ་བཟང་སོགས་ང་ཚོ་སྨན་པ་ལྔ་དྲུག་ཅིག་གིས་རི་འདབས་སྤང་ཐང་ཞིག་ཏུ་ཁ་བརྡ་གློད་ཅིང་། ཨ་རི་བོད་ཀྱི་གསོ་རིག་ལྷན་ཚོགས་ [American Tibetan Medical Association (ATMA)] སྐོར་དང་འབྲེལ་བའི་གླེང་མོལ་ཡང་བྱུང། ཁོང་གིས་ཨ་རི་བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལོ་འགར་གནང་མྱོང་། ཡིན་ནའང་ཁོང་ཕྱི་ལོ་ ༢༠༡༠ ལ་བོད་དུ་གཏན་ལོག་གནང་བར་བརྟེན་ཚོགས་པ་དེའི་རྒྱུན་ལས་ཤིག་ཡིན་པའི་ངོས་ནས་ལས་དོན་གཙོ་བོ་ཅི་ཞིག་གནང་ཡོད་པ་ངས་མི་ཤེས། ཡིན་ནའང་ཁོང་དང་མཉམ་དུ་ལོ་ཤས་རིང་ཁ་པར་བརྒྱུད་འབྲེལ་གཏུག་བྱེད་སྐབས་ཨ་རིའི་བོད་ཀྱི་གསོ་རིག་གི་གནས་སྟངས་སྤྱི་དང་ཚོགས་པ་དེའི་སྐོར་ཡང་ཡང་འདྲི་གནང་གི་འདུག ཁོང་ནི་སྐུ་ལུས་གཞིས་སུ་ཡོད་ནའང་བྱེས་ཀྱི་གསོ་རིག་གི་བྱ་གཞག་དར་སྤེལ་ཐད་དུས་ཐོག་མཐའ་བར་གསུམ་དུ་ཐུགས་སྣང་དང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན།
ཨ་རིའི་ནིག་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རུ་བྷིན་འགྲེམས་སྟོན་ཁང་ (Rubin Museum) གིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ནས་ ༩ བར་(བོད་ཀྱི་གསོ་རིག་ལས་ཐ་མལ་ནད་མེད་ཀྱི་ལུས་ Bodies in Balance: The Art Of Tibetan Medicine) ཞེས་པའི་འགྲེམ་སྟོན་བྱེད་ཀྱི་ཡོད་པར། ང་རང་འགྲེམ་སྟོན་དབུ་འབྱེད་ཀྱི་གསོ་རིག་བགྲོ་གླེང་ཚོགས་འདུའི་བོད་ཀྱི་གསོ་རིག་ངོ་སྤྲོད་བྱེད་པའི་གཏམ་བཤད་པར་གདན་འབོད་ཞུས་བྱུང་བར། དེར་ངས་(ནུབ་ཕྱོགས་སྨན་དཔྱད་ལག་ལེན་ཁྲོད་བོད་ཀྱི་གསོ་རིག་མཉམ་སྤྱོད་བྱེད་ཚུལ་ The Integration of Tibetan Medicine in Western Practice)ཞེས་པའི་བརྗོད་གཞི་སྟེང་གཏམ་བཤད་ཅིག་བྱས། དབྱངས་དགའ་ལགས་ཚོགས་ཞུགས་དངོས་སུ་གནང་ཐུབ་མེད་ནའང་ཁོང་གིས་དབྱིན་ཇིའི་སྐད་དུ་བརྩམས་པའི་(དཔལ་ལྡན་རྒྱུད་བཞིའི་འབྱུང་ཁུངས་དང་དེའི་མཛད་པ་པོ་གཡུ་ཐོག་ཡོན་ཏན་མགོན་པོའི་ལོ་རྒྱུས་ The Origins of the Four Tantras and an Account of its Author, Yuthog Yonten Gonpo) ཞེས་པ་ཐེ་རེ་ས་ཧོ་ཕེར་ Theresia Hofer གྱིས་ཕྱོགས་སྒྲིག་གནང་ཞིང་རུ་བྷིན་འགྲེམས་སྟོན་ཁང་གིས་དཔར་འགྲེམས་བྱས་པའི་(བོད་ཀྱི་གསོ་རིག་ལས་ཐ་མལ་ནད་མེད་ཀྱི་ལུས། Bodies in Balance: The Art of Tibetan Medicine)ཞེས་པའི་དེབ་མཐུག་པོ་དེའི་སྟེང་དུ་བཀོད་འདུག་པ་མཇལ་རྒྱུའི་སྐལ་བ་བྱུང་། དེབ་མཐུག་པོ་དེར་བོད་ཀྱི་གསོ་རིག་ལ་ཞིབ་འཇུག་དོན་གཉེར་གནང་མཁན་ Janet Gyasto, Sienna Craig, Barbara Gerke, Theresia Hofer, Frances Garret, Geoffrey Samuel, Katharina Sabernig སོགས་ཀྱི་དཔྱད་རྩོམ་འགོད་སྤེལ་བྱས་ཡོད། དབྱངས་དགའ་ལགས་ཀྱིས་དཔྱད་རྩོམ་འདི་ནི་ཁོང་གིས་ཧ་ཝར་ཌི་སློབ་ཆེན་དུ་བྲིས་པའི་འབུམ་རམས་པའི་དཔྱད་རྩོམ་ (བོད་ཀྱི་གནའ་བོའི་གསོ་རིག་གི་ཕྱི་མོ་དཔལ་ལྡན་རྒྱུད་བཞིའི་འབྱུང་ཁུངས། The Source of Writing Rgyud bzhi, Tibetan Medical Classic)ལ་ཁ་སྐོང་གིས་བྲིས་པ་ཡིན་ཚུལ་གསུངས།
ཕྱི་ལོ་ ༢༠༡༨ དབྱར་ཁར་ང་རང་བོད་དུ་གཉེན་འཕྲད་དུ་འགྲོ་སྐབས། བོད་ཀྱི་གསོ་རིག་བགྲོ་གླེང་ཚོགས་ཆེན་ཞིག་ཏུ་སླར་ཡང་དབྱངས་དགའ་ལགས་དང་ངོ་མཇལ་བྱུང་། ཁོང་གིས་(ལག་ལེན་པོད་ཆུང་རྩ་འགྲེལ་གྱི་བྲིས་མ་མི་འདྲ་བའི་སྐོར་)ཞེས་པའི་བརྗོད་གཞི་སྟེང་གཏམ་བཤད་གནང་སོང་། ངས་ཨ་རིའི་བོད་ཀྱི་གསོ་རིག་གི་གནས་བབ་དང་ཨ་རིའི་ཟས་སྨན་ལས་ཁུངས་ཀྱིས་སྟོབས་སྐྱེད་ཟས་སྨན་ཐོག་འཛིན་པའི་སྲིད་བྱུས་ཐོག་གཏམ་བཤད་ཅིག་བྱས། ཁོང་ནིསྐད་གདངས་ལ་དགོད་ཉམས་དང་ཀུ་རེ་རྩེད་མཚར་འདྲེས་པའི་ཐོག་ནས་གཏམ་བཤད་གནང་མཁན་ཞིག་ཡིན། དབྱར་ཁ་དེར་ཚ་བ་དེ་འདྲའི་ཆེ་ནའང་ཁོང་གིས་བོད་ལུགས་ཕྱུ་བ་ཁམས་གཙང་ཞིག་གྱོན་ནས་གསུང་བཤད་གནང་ཡོད།
ཕྱི་ལོ་ ༢༠༡༠ ལོར་རྒྱ་གར་སྲིད་གཞུང་གིས་(གསོ་བ་རིག་པ་Sowa Rigpa)ཁྲིམས་ཐོག་ནས་ངོས་ལེན་བྱུང་བའི་གནས་ཚུལ་དེ་བོད་ཕྱི་ནང་དང་རྒྱལ་སྤྱིའི་སྟེང་ཁྱབ། དེ་ཡིས་གསོ་བ་རིག་པ་དེ་རྒྱ་གར་གཞུང་འབྲེལ་འཕྲོད་བསྟེན་སྨན་བཅོས་མ་ལག་ཁོངས་སུ་འཇུག་བདེ་ཡོང་བར་ལམ་ཁ་ཞིག་བཏིངས། དབྱངས་དགའ་ལགས་གཙོས་པའི་བྱེས་བཞུགས་གསོ་རིག་དོན་གཉེར་ཅན་མང་པོ་ཞིག་གིས་དེ་ཡག་པོ་ཡིན་པ་དང་དེ་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་བོད་ཀྱི་གསོ་བ་རིག་པ་ངོས་ལེན་ཡོང་རེ་ཡོད་པར་དགའ་བ་སྐྱེས་ཤིང་དེ་འབྲེལ་གནས་ཚུལ་ཞིབ་ཕྲ་ཤེས་རྒྱུར་ཐབས་ཤེས་གནང་།
ཕྱི་ལོ་ ༢༠༡༧ ཟླ་ ༣ པར་རྒྱ་ནག་གཞུང་གིས་ UNESCO ལ་(བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ Lum medicinal bathing of Sowa Rigpa)དེ་(དངོས་མིན་ཤུལ་བཞག་རིག་གནས་ Intangible cultural heritage)ཁྱབ་ཁོངས་སུ་མིང་འགོད་དེབ་སྐྱེལ་ཡོང་བར་སྙན་ཞུ་ཕུལ་ཏེ་ཕྱི་ལོ་ ༢༠༡༨ ལོ་མཇུག་ལ་ངོས་ལེན་བྱུང་ཡོད། དེ་ལ་བརྟེན་ནས་ རྒྱ་གར་གཞུང་གིས་ཀྱང་ཕྱི་ལོ་ ༢༠༡༩ སྟོན་ཁར་ UNESCO ཁོངས་སུ་གསོ་བ་རིག་པ་ཞེས་པ་མིང་འགོད་དེབ་སྐྱེལ་ཡོང་བར་སྙན་ཞུ་ཕུལ། སྙན་ཞུ་དེར་གསོ་བ་རིག་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱ་གར་ནས་གསུངས་ཤིང་ཧི་མ་ལ་ཡ་མི་རིགས་ཀྱི་སྐད་དེ་བྷོ་ཌི་སྐད་(ལ་དྭགས་སྐད་ Bhoti) དུ་ཡོད་པའི་སྨན་དཔྱད་ཅིག་ཡིན་པས་རྒྱ་གར་གྱི་དངོས་མིན་ཤུལ་བཞག་རིག་གནས་ཤིག་ཡིན་རབས་བཤད། ཡིན་ནའང་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་པ་ཀི་སི་ཐན་སོགས་ཀྱིས་སྙན་ཞུ་དེར་ངོ་རྒོལ་བྱས་རྐྱེན་ངོས་ལེན་བྱེད་མ་ཐུབ་པར་ད་བར་ཅམ་འཇོག་ཏུ་ལུས་ཡོད། སྤྱིར་ UNESCO ཡི་དངོས་མིན་ཤུལ་བཞག་རིག་གནས་ཁོངས་སུ་རྒྱལ་ཁབ་གང་རུང་གིས་ཁོངས་གཏོགས་མི་རིགས་ཤིག་གི་ཆང་དང་ཕྱུར་བ་སོགས་ཟས་དང་། ལྷམ་སོགས་སྲོལ་རྒྱུན་གྱོན་གོས། སྒྲ་སྙན་སོགས་རོལ་ཆ། ལུམས་བཅོས་སོགས་གསོ་བཅོས་བྱེད་ཐབས། རྒྱ་གར་གྱི་གདུགས་དཀར་མཆོད་འབུལ་ (Durga Puja) སོགས་ཆོས་ཕྱོགས་ཆོ་ག་ལྟ་བུའི་ལག་ཤེས་རིག་གནས་བྱེ་བྲག་པ་རྣམས་མིང་འགོད་དེབ་སྐྱེལ་བྱེད་སྲོལ་ཡོད་པ་ལས། རྒྱ་ནག་གི་སྨན་དཔྱད་ཀྲུང་དབྱི་དང་རྒྱ་གར་ཚེ་ཡི་རིག་པ་ཨ་ཡུར་ཝེ་ཌ་ཞེས་པའི་སྤྱི་མིང་ཐོག་ནས་མིང་འགོད་དེབ་སྐྱེལ་བྱས་པ་ཞིག་ད་བར་བྱུང་མི་འདུག
དབྱངས་དགའ་ལགས་ཀྱིས་དེ་སྔ་རྒྱ་གར་གྱིས་གསོ་བ་རིག་པ་ཞེས་པ་ཁྲིམས་ཐོག་ནས་ངོས་ལེན་བྱས་པར་བརྟེན་ང་ཚོས་མ་འོངས་པར་རྒྱལ་སྤྱིའི་སྤྱི་ཚོགས་སུ་དབྱིན་ཇི་སྐད་དུ་གསོ་བ་རིག་པ་ཞེས་སྤྱོད་དགོས་རྒྱུ་དང་དེ་ལྟར་སྤྱད་ན་དགེ་མཚན་ཆེན་པོ་ཡོད་པར་འདོད། འོན་ཀྱང་རྒྱ་གར་གཞུང་གིས་གསོ་བ་རིག་པའི་འབྱུང་ཁུངས་རྒྱ་གར་ཡིན་པ་དང་དེ་ཧི་མ་ལ་ཡའི་མི་རིགས་ཀྱི་རིག་གནས་ཤིག་ཡིན་ལུགས་ཀྱིས་ UNESCO ལ་གསོ་བ་རིག་པ་ཞེས་པ་མིང་འགོད་དེབ་སྐྱེལ་གྱི་འབད་བརྩོན་བྱས་རྗེས། རིམ་པས་དབྱངས་དགའ་ལགས་ཀྱི་དེ་སྔའི་ལྟ་ཚུལ་ལ་འགྱུར་བ་ཐེབས། ཁོང་གིས་རྒྱ་གར་གྱིས་དེ་ལྟར་བྱེད་པ་གནས་ལུགས་དང་མི་མཐུན་པ་དང་གསོ་བ་རིག་པའི་བདག་དབང་དང་འབྲེལ་བ་འདུག་སྙམ་སྟེ། ད་ནས་བཟུང་རྒྱལ་ཁབ་ཕྱི་ནང་དང་རྒྱལ་སྤྱིའི་སྡིངས་ཆར་གསོ་བ་རིག་པ་ཞེས་བརྗོད་པའི་ཚབ་ཏུ་ངེས་པར་དུ་བོད་ཀྱི་གསོ་བ་རིག་པ་(Tibetan Medicine) ཞེས་འབོད་དགོས་ཀྱི་འདུག་ཅེས་སྐད་རྒྱག་མཁན་ཞིག་ཏུ་གྱུར་བ་མ་ཟད་དེ་ལྟར་ལག་ལེན་ཡང་གནང་ཡོད།
གཞན་ཡང་ཕྱི་ལོ་ ༢༠༡༠ ཡས་མས་ཤིག་ནས་བོད་ཀྱི་གསོ་རིག་ལོ་རྒྱུས་སྨྲ་བ་དང་ཞིབ་འཇུག་པ་ཁག་ཅིག་གིས་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཞེས་པ་ཞིག་ལོ་རྒྱུས་ནང་བྱུང་མྱོང་མེད་པ་དང་དཔལ་ལྡན་རྒྱུད་བཞི་ཁོང་གིས་བརྩམས་པ་མིན་རབས་ཀྱི་ལྟ་ཚུལ་བཟུང་སྟེ་གཏམ་བཤད་སྤེལ་དང་སྤེལ་མུས་ཡིན། དབྱངས་དགའ་ལགས་ནི་གཡུ་ཐོག་རྙིང་མ་མེད་པར་འདོད་མཁན་དང་དེ་ལྟར་སྒྲོག་སྦྱང་བྱེད་མཁན་མི་སྣ་གཙོ་བོ་ཞིག་ཡིན་པ་དང་། དེ་ལྟར་འདོད་དོན་ཡང་ཁོང་ལ་གནས་ལུགས་རྒྱུ་མཚན་དང་སྒྲུབ་བྱེད་ཇི་སྙེད་ཅིག་ཡོད་པའི་ཐོག་ནས་ཡིན་པ་ལས། གཞན་ལྟར་ལོག་བཤད་དང་མཚར་བཤད་སྣ་ཚོགས་བྱས་ནས་ཁེ་གྲགས་ཁོ་ན་འདོད་དེ་དེ་ལྟའི་ལངས་ཕྱོགས་འཛིན་མཁན་ཞིག་མིན་པ་ངས་བསམ་གྱི་ཡོད།
སྤྱིར་དབྱངས་དགའ་ལགས་དང་ངེད་གཉིས་ཀྱིས་ཁ་པར་བརྒྱུད་ནས་འབྲེལ་མོལ་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༡༩ ལོ་མཇུག་གམ་ ༢༠༢༠ ལོ་སྟོད་ཙམ་ལ་ཁོང་གིས་ངོ་དེབ་ཐོག་ནས་འབྲེལ་བ་བྱས་ཏེ་ད་ལྟ་ཁོང་ལའང་ངོ་དེབ་ཡོད་པ་དང་དེ་བརྒྱུད་ནས་འབྲེལ་བ་བྱེད་ཡོང་ཞེས་ལན་ཞིག་འབྱོར། ཕྱི་ལོ་ ༢༠༡༩ ལོ་མཇུག་ནས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དུ་སོང་བར་བརྟེན་ཟླ་ཤས་རིང་ངེད་གཉིས་བར་འབྲེལ་བ་ཆད་པར་གྱུར། ཕྱི་ལོ་ ༢༠༢༠ དབྱར་ཁ་ཙམ་ཞིག་ནས་སླར་ཡང་འབྲེལ་བ་མཐུད་ཐུབ་སོང་། ངེད་གཉིས་ཀྱི་གླེང་མོལ་མང་ཆེ་བ་ནི་ནུབ་ཕྱོགས་དང་། རྒྱ་གར་བལ་ཡུལ་དུ་བོད་ཀྱི་གསོ་རིག་གི་གནས་སྟངས་ཇི་འདྲ་ཡིན་པ་སོགས་བརྗོད་གཞི་སྣ་ཚོགས་ཡིན།
ལོ་སྔོན་མའི་དུས་ག་ཤེད་ཅིག་ལ་བོད་ནས་ཐོན་པའི་གསོ་རིག་དཔེ་དེབ་(རིམས་བཅོས་རིག་བྱེད་རྒན་པོའི་དམར་ཁྲིད་ཨུ་པ་དེ་ཤ་)དང་ (མཁས་པའི་དབང་པོ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་དཔག་བསམ་ལྗོན་ཤིང་)(གཙང་ཕྱོགས་ཀྱི་སྨན་པ་ཤི་ཝན་དྭ་ཛའི་རྣམ་ཐར) (འབྲུམ་བུ་དཀར་པོ་འཛུགས་བཅོས་ཀྱི་གདམས་པ་རྒྱ་ནག་མཁས་པའི་ལུགས་བཞུགས་སོ)ཞེས་པའི་སྐོར་ཁ་བརྡ་ཐུང་ཙམ་བྱས་པར་ཁོང་གིས་(གསོ་རིག་གི་མཁས་དབང་གི་རྣམ་ཐར་ཕྱོགས་བསྒྲིགས་)ཞེས་པའི་དེབ་དེ་ངའི་ཕ་ཡུལ་རེབ་གོང་དུ་ཚེགས་མེད་ངང་བསྐུར་འདུག ཁོང་གིས་ད་དུང་བོད་ཀྱི་གསོ་རིག་དང་འབྲེལ་བའི་ལས་གཞི་ཞིག་ངོ་སྤྲོད་གནང་བྱུང་ལ། ལས་གཞི་དེར་མཉམ་ཞུགས་གནང་རྒྱུའི་རེ་སྐུལ་གནང་བྱུང་བར་ང་རང་གི་སྡོད་གནས་རྒྱལ་ཁབ་དང་ལས་གནས་སོགས་རྒྱུ་རྐྱེན་ཇི་སྙེད་ཅིག་ལ་བརྟེན་ནས་མཉམ་ཞུགས་བྱེད་མི་ཐུབ་པའི་སྐོར་ཞུས་ཏེ། ཁོང་གིས་ཀྱང་ངའི་རྒྱུ་མཚན་ལ་གནས་ལུགས་ཡོད་པར་ཡིད་ཆེས་གནང་།
དབྱངས་དགའ་ལགས་དང་ངེད་གཉིས་ཀྱིས་ཁ་པར་ཐོག་ནས་སྐད་འཕྲིན་གྱི་འབྲེལ་བ་མཐའ་མ་དེ་ཕྱི་ལོ་ ༢༠༢༢ ཟླ་ ༩ དུས་མཇུག་ལ་བྱས་འདུག དེ་ཡང་བྱེས་བཞུགས་སྨན་པ་ཞིག་གི་རྩད་གཅོད་ཆེད་དུ་ཡིན་པ་དྲན།
ཁོང་ལ་རྩོམ་ཡིག་དང་འཆད་ཁྲིད་གསུང་བཤད་མང་པོ་ཞིག་ཡོད་པར་ཚང་མ་ཉན་ཀློག་བྱ་རྒྱུའི་སྐལ་བ་མ་བྱུང་། ཡིན་ནའང་ (དཔལ་ལྡན་རྒྱུད་བཞིའི་འབྱུང་ཁུངས་དང་དེའི་མཛད་པ་པོ་གཡུ་ཐོག་ཡོན་ཏན་མགོན་པོའི་ལོ་རྒྱུས་ The Origins of the Four Tantras and an Account of its Author, Yuthog Yonten Gonpo) དང་(དཔལ་ལྡན་རྒྱུད་བཞིའི་འབྱུང་ཁུངས་ལ་དཔྱད་པ་མ་གསང་དྲང་གཏམ) ཞེས་པ་གཉིས་བཀླགས་པ་ཡིན། གཞན་ཁོང་གི་བརྩམས་ཆོས་(གཡུ་ཐོག་གསར་རྙིང་གི་རྣམ་ཐར་དང་དེའི་སྐོར་གྱི་དཔྱད་པ་དྲང་གཏམ་རྣ་བའི་བུ་རམ་)དང་། (བི་ཇི་པོ་ཏི་ཁ་སེར་དང་དེའི་དཔྱད་པ་མཁས་པ་དགྱེས་པའི་གཏམ)། (བོད་ལུགས་གསོ་བ་རིག་པའི་ཁོག་དབུབ་གཅེས་བཏུས་རིན་ཆེན་ཕྲེང་བ་)ཞེས་པ་གསུམ་ད་ལོ་གསར་དུ་ཐོན་འདུག་པར་མགྱོགས་པོར་ཀློག་ཐུབ་པའི་རེ་བ་ཆེ།
ཁོང་ལ་རྒྱུས་མངའ་ཆེ་ཞིང་ཞིབ་འཇུག་བྱ་བ་མཉམ་དུ་བསྒྲུབས་མྱོང་བའི་ནུབ་ཕྱོགས་པའི་ཞིབ་འཇུག་པ་མང་པོ་ཞིག་སྟེ་ Dartmouth College ཡི་དགེ་རྒན་ Sienna R. Craig དང་། New York University ཡི་དགེ་རྒན་ Bill McGrath ། University of Vienna ཡི་ཞིབ་འཇུག་པ་ Barbara Gerke ། University of California-Berkeley ཡི་དགེ་རྒན་ Stacey Van Vleet སོགས་ཀྱིས་སྨན་པ་དབྱངས་དགའ་ལགས་ནི་མི་བཟང་པོ་གཏོང་ཕོད་ཆེ་ཞིང་། རྣམ་དཔྱོད་བློ་གྲོས་ལྡན་ལ་གཞན་དྲིང་མི་འཇོག་པའི་ཤེས་ཡོན་ཅན་དང་སྨན་པ་ཞིག་ཡིན་པས། ཁོང་གི་ཆེད་དུ་རྩོམ་ཡིག་ཕྱོགས་བསྒྲིགས་ཅན་གྱི་དཔེ་དེབ་འདོན་སྤེལ་བྱེད་པའི་ལམ་ནས་ཁོང་ལ་རྗེས་དྲན་ཞུ་དགོས་པ་མགྲིན་དབྱངས་གཅིག་གྱུར་གྱིས་བརྗོད།
ང་ཚོས་དབྱངས་དགའ་ལགས་ཀྱིས་མི་ཚེའི་བགྲང་བྱ་ཐུང་ཐུང་འདིར་བཞག་གནང་བའི་བརྩམས་ཆོས་དང་། གསུང་བཤད། ཞིབ་འཇུག་གྲུབ་དོན། སྙིང་སྟོབས། མི་རིགས་ཀྱི་ལར་ཞེན་བཅས་ཡིད་ལ་བཅངས་པའི་སྒོ་ནས་ཁོང་ལ་རྗེས་དྲན་དང་རྗེས་སུ་ཡི་རངས་ཞུའོ་།།