བཀྲ་ཤིས་དོན་འགྲུབ།
མདང་ནུབ་ངས་(You tube)བརྒྱུད་ནས་《གཡུ་འབྲུག་ཚན་སྡེབ།》ཀྱི་གཞས་གསར་གློག་བརྙན་དག་ལ་བལྟ་ཐུབ་པ་བྱུང་སོང་། ངོ་མ་གློག་བརྙན་དེ་ཚོ་ནི་བལྟ་རིན་ཡོད་པ་རྐྱང་རྐྱང་རེད། བརྐུས་གཞས་ཀྱིས་ཚོང་ར་གང་ཞིང་། དེང་རབས་རང་བཞིན་གྱི་རྣམ་པ་ཞིག་མཚོན་ཁུལ་གྱིས་རི་བྲག་པ་གྲོང་ཁྱེར་དུ་འབྱོར་བ་ལྟ་བུའི་བཟོ་ལྟ་སྟོན་བཞིན་པའི་དེང་སང་གི་བོད་ཀྱི་གཞས་པ་དེ་ཚོའི་ཁྲོད། གཡུ་འབྲུག་ཚན་སྡེབ་ནི་ངོ་མ་བལྟ་རིན་ཉན་རིན་ཆ་ཚང་ཡོད་པས་མི་ཚད་རྐུན་མའི་ཁྱུ་ཚོགས་དེ་དག་གི་སེམས་སྐྱིད་དུ་མི་འཇུག་པའི་གཞས་པ་སྟག་ཤར་ཁྱུ་ཞིག་རེད། ལྷག་པར་དུ་《ཟླ་འོད།》ལྟ་བུའི་གཞས་ལ་ཆ་བཞག་ན། བརྙན་པར་ལེན་སྟངས་དང་རྒྱབ་ལྗོངས་ཀྱི་རོལ་དབྱངས་གཞས་པ་རེ་རེའི་རྣམ་འགྱུར་སྟོན་སྟངས་གང་ཡང་གཅིག་གྲོགས་སུ་གཅིག་འགྲོ་བ་ཆུ་ལ་ཆུ་བཞག་པ་ལྟ་བུར་འདུག་ལ། དམིགས་བསལ་གཞས་དེའི་ཚིག་ནི་མྱངས་བས་ངོམས་རྒྱུ་མེད་པ་ཞིག་སྟེ། མཚན་ཉིད་རིག་པའི་ནང་དོན་གྱིས་གང་བའི་སྙན་ཚིག་(དེབ་ཅིག་གི་ནང་དུ་སྙན་ཚིག་འདིའི་རིགས་ལ་མཚན་ཉིད་སྙན་ངག་ཅེས་བརྗོད་པ་མཐོང་བྱུང་།)དག་དག་རེད། མ་གཞི་བྱས་ན་གཞས་ཚིག་མཁྲེགས་དྲགས་ན་མི་མང་གིས་གོ་རྒྱུར་འགོག་རྐྱེན་བྱེད་སྲིད་ཀྱང་། དེང་སང་བོད་ཀྱི་གླུ་བརྒྱ་ངག་གཅིག་ལྟ་བུའི་གཞས་ཚིག་(དྲང་པོར་ཞུས་ན་འདི་ནི་གཞས་ཚིག་གཅིག་པུའི་གནད་དོན་ག་ལ་ཡིན་ཏེ་དབྱངས་རྟ་ནས་བཟུང་སྟེ་ལག་འཕྱར་སྟངས་བར་གྱི་བོད་གཞས་གཏོང་སྟངས་དང་འཁྲབ་སྟངས་ཀྱི་གནད་དོན་ཡོད་ཚད་གང་པོ་རེད།)དེ་དག་དང་བསྡུར་ན། གཞས་ཚིག་འདི་འདྲ་ནི་གསེར་ནག་གི་ཕུང་པོ་རྐྱང་རྐྱང་ཡིན་པ་མ་ཟད། འདི་འདྲའི་གཞས་ཚིག་དག་ལ་ནི་གོ་ཐོབ་དམིགས་བསལ་བ་ཞིག་ཅིས་ཀྱང་ཡོད་ངེས་པས། མཐོང་སྣེ་གཞན་ཞིག་ནས་གདེང་འཇོག་བྱེད་དགོས་སྙམ་ཡོད།
གང་ལྟར་གཡུ་འབྲུག་ཚན་སྡེབ་ཅེས་པའི་གཞས་པ་ཤ་དར་ཁྲག་དར་འདི་ཚོས། ཡབ་མེས་ཀྱི་དུས་ནས་མཐུད་དེ་ཡོང་བའི་བོད་ཀྱི་གཞས་རིག་སྒྱུ་རྩལ་ལ་གསོན་ཤུགས་གསར་པ་ཞིག་བསྣན་འདུག་ལ། འདིས་ནི། གཞན་གྱི་གཞས་བརྐུ་བཤུ་རྒྱག་པར་འགྲན་ཟླ་བྲལ་བའི་གཞས་པ་ཀུན་དགའ་ཟེར་བ་ཞིག་འདུག་པ་དེ་དགོས་མེད་དུ་བཏང་འདུག་ལ། ཤེར་བསྟན་ཟེར་བ་ཨ་མདོའི་སྲོལ་རྒྱུན་གྱི་གདུང་ལེན་གཏོང་རྒྱུར་མཁས་ཙམ་ཡོད་པ་དེ་ཡང་ད་ནི་འདར་སྐད་ལུང་པ་གང་བརྒྱབས་ནས་ཨ་མདོ་བའི་འདར་གླུ་དེ་བཏང་ནས་བསྡད་ན་ཡག་ཤོས་ཡིན་པའི་གསལ་བཤད་བྱས་ཡོད།
གཡུ་འབྲུག་ཚན་སྡེབ་དང་ལྟོ་སྦྱར་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་གཞས་པ་ཞིག་གི་མིང་འདོན་དགོས་ཐུག་ན། དེ་ནི་ཅི་མི་སྙམ་པར། ན་ནིང་དོ་ཚིགས་དྷ་སའི་རི་བརྒྱུད་ནས་ཐོན་ཡོང་བའི་གཞས་པ་རྟ་མགྲིན་ཞུ་བ་དྲག་གཞས་གཏོང་དགོས་ན་གྱོང་མེད་ཡིན་པ་ཟད། ཚགས་རིས་འབྲི་རྒྱུ་སོགས་སྒྱུ་རྩལ་དང་འབྲེལ་བའི་ལས་རིགས་མང་པོར་ནང་བྱན་ཚུད་པའི་ཕོ་གསར་སྟག་འདྲ་ཞིག་ཡོད་པ་ཁོང་ཡིན། ཁོང་ནི་རྣམ་པའི་ཆ་ནས་ཀྱང་ངོ་མ་ཕོ་རྒོད་སྟག་ཟེར་ན་འདི་འདྲ་ཞིག་ལོས་ཡིན་བསམས་བསམས་ཤིག་འདུག་ཅིང་། དུས་རྒྱུན་ཁོང་གི་ངོ་རིས་དེ་མཐོང་ཐེངས་རེར་ང་ཚོའི་མེས་པོ་དཔའ་རྒོད་ཚོའི་ངོ་རིས་ནི་འདི་འདྲ་ཞིག་ལོས་ཀྱང་ཡིན་ངེས་སྙམ་ནས་ང་རང་ལ་འཆར་ཡན་རུམ་འཇུག་པར་བྱེད། མི་རིགས་གཞན་ཚོས་བོད་རིགས་དང་(Red Indian)པ་ཚོའི་ངོ་རིས་འདྲ་པོ་འདུག་ཟེར་བ་ཡང་ཕོ་གསར་ཁོང་འདྲ་བ་དག་མཐོང་ནས་ལབ་ཡིན་གྱི་རེ་མ་གཏོགས། ཕོ་མོ་དབྱེ་འབྱེད་ཀྱང་དཀའ་ཞིང་མཆུ་ཏོ་ལ་སྐེགས་ཚོས་བྱུགས་ཤིང་སྐྲ་ལོས་ངོ་གདོང་བཀབ་ནས་འགྲོ་མཁན་གྱི་བོད་པའི་ཕོ་གསར་མ་ནིང་འདྲ་བོ་དེ་ཚོ་ལ་ལབ་ཡིན་གྱི་མ་རེད་སྙམ། གཞས་པ་ཁོང་གིས་ནི། ཕུར་བུ་བཀྲ་ཤིས་རྣམ་རྒྱལ་ཟེར་བ་ཟ་ཉལ་འགྲོ་གསུམ་ཆ་ཚང་དབྱངས་སུ་གྱེར་མཁན་ཉན་པ་ཙམ་གྱིས་མི་ལ་ཁོང་ཁྲོ་བསླངས་ཡོང་བའི་གཞས་ཚིག་གི་བདག་པོ། འདོན་ཆོ་གའི་འབུད་རྡུང་དཀྲོལ་གསུམ་གྱི་རོལ་དབྱངས་ལྟར་བསྐྱར་ཟློས་དང་ཡང་ཟློས་ཀྱི་རོལ་མོའི་འཁོར་ལོ་སྐོར་མཁན་ཁོང་ལ་ངལ་གསོ་བྱས་ནས་འདུག་རྒྱུའི་གོ་སྐབས་ཕུལ་འདུག
ལབ་རྒན་ རེ་ཝ་ཙིག་ཤ ཁྱོས་རྫུན་མ་བཤད་དགོ བཀའ་ཝ འགྱུར།
ལལལལལལ
དེ་རིང་གི་སྐད་ཆ་དེ་དྲང་མོ་མ་རེད་ཡ། ལབ་སྐྱ་དང་རྫུན་སྐྱ། འུད་ཤོད་ཀྱི་གཏམ་ལ་དགའ་ལོབས་སུ་སོང་བའི་རང་གཤིས་ཐོན་གི་བཅུག་ཡོད་ཁི་ཡ།
གཡུ་འབྲུག་ཟེར་བ་ཙམ་གྱིས། རྒྱ་རུག་ཆ་ཟིག་ལོས་ཡིན་འདོད་ཀི།
གུས་བལྟ་འདོད་ཆེན་པོ་ཡོད་ན་སྐུ་ཉིད་ནས་གླུ་གཞས་དེའི་ཁ་བྱང་གསལ་པོ་གཅིག་གསུང་རོག་གནང།
ཡང་འདི་ན་ཁྱི་ཞིག་ཟུག་གི་འདུག
Red Indian གྱི་མི་རིགས་དེ་ཚོ་འཛིགས་པོ་ཡོད་མ་རེད། ཁོང་ཚོ་མང་ཆེ་བ་གཟུགས་པོ་ཆུང་ཆུང་། གཟུགས་པོ་གྲད་གྲད། ངོ་གདོང་དམར་པོ། ཆང་རག་དགའ་བོ་ཡོད་རེད། གང་ཤེས་བོད་པ་དེ་ཚོ་ ་Red Indian ལ་འཛིགས་པོ་ག་འདྲ་སེ་མཐོང་བ་ཡིན་ནམ།
གཡུ་འབྲུག་ཚན་སྔེབ་གྱི་རོལ་ཆ། དམིགས་གསལ་མི་འདྲ་བའི་ཁྱད་ཆོས་དང་སྙན་པོ་འདུག ཕུར་བུ་བཀྲ་ཤིས་དང་ཚེ་རིང་འགྱུར་མེད་ཀྱི་རོལ་ཆ་རྣམས་བལ་ཡུལ་དུ་record བྱེད་ཀྱི་ཡོད་རེད། ཁོང་ཚོས་རོལ་དབྱངས་ཚང་མ་Nepali pop དང་གཅིག་པ་རེད། རོལ་ཆ་དེ་དག་བལ་པོས་བཟོ་བགྱི་ཡོད་འདུག ད་དུང་ཚེ་རིང་འགྱུར་མེད་ཀྱི་གཞས། ་རྒྱལ་བའི་བཀའ་དྲིན་གྱི་གདངས་དང་། ཉིན་གཅིག་གངས་སེང་ལགས་ཞེས་པའི་གདངས་ཇི་མ་ཇི་བཞིན་Nepali གཞས་ནང་ཡོད་རེད།
ནུབ་ཕྱོགས་གངས་ཕྲུག་ལགས། red Indian རྫིག་པོ་མཐོང་མཁན་བོད་པ་གཅིག་པོར་རེད་མི་འདུག་ ཕྲན་ལའང་མི་རིགས་དེ་དང་འདྲ་པོ་དང་གློག་རྙན་ཁྲབ་མཁན་འདྲ་པོར་འདུག་ལབ་མཁན་ཕྱི་ཡི་བུ་མོ་མགའ་ཞིག་བྱུང་ མ་ཟད་ངས་ཁོ་ཚོ་ལ་རེ་བ་ཞིག་རྒྱབ་ན་རེ་འདྲས་བྱུང་པ་ཁོ་ཐག་རེད་ ངས་ནི་ནམ་ཡང་ང་རང་རྫིག་པོ་ཡིན་བསམས་ཀྱི་མེ་ལ་བསམས་མྱོང་ཡང་མེད་ ཡིན་ན་ང་གཟུགས་པོ་ཆུང་ཆུང་མིན།
བོད་ཁམས་སྡེ་ལགས། ང་ལ་དེ་འདྲ་བའི་དབྱིན་ཇི་ཁ་ཤས་ཀྱི་ལབ་མྱོང་ཡོད། དེ་ཚོ་ཕྱེད་ཀ་རྫུན་མ་བཤད་ཀྱི་ཡོད་རེད། ཕྱེད་ཀ་དངོས་་གནས་ཡིན་སྲིད།
ནང་དོན་ཅི་ཡིན་ཆ་མི་འཚལ་བར་དོན་མེད་སྐད་ཅོར་རྒྱབ་མཁན་གྱི་རྟ་མགྲིན་ཟེར་བར་ཕུལ་བྱུང་གཞས་པ་རེད་ཟེར་ན་སྒྱུ་རྩལ་གྱི་མིང་ཙམ་ཡང་གོ་མྱོང་མེད་པའི་སྐྱོན་རེད་ཨང་། ད་དུང་བོད་ཕྱི་ནང་གྱི་ཡོངས་གྲགས་དགའ་མོས་ཆེ་བའི་སྒྱུ་རྩལ་གླུ་བ་དག་ལ་ཕྲག་དོག་བྱ་ཚུལ་དེར་བསམས་ན་སྙིང་རེ་རྗེ་ཨང་།
ལར་ནས་བརྗོད་འདོད་པ་ཞིག་ལ། ཁ་བརྡ་ཚང་གིས་དོན་མེད་གཏམ་ཆལ་དེ་འདྲ་ཞིག་ཁ་བརྟསི་རྩོམ་ཡིག་གི་གྲལ་དུ་བཀོད་ཚུལ་འདིར་བསམས་ན། རྩོམ་ཡིག་གི་ཕོངས་ནས་སྐྱ་ཟད་འུ་ཐུག་ཏུ་འགྱུར་ཟིན་པ་མིན་ནམ།
སྒྱུ་རྩལ་ནི་ཤེས་རབ་ཅན་གྱི་སྤྱོད་ཡུལ་ཡིན་པས་རྟ་མགྲིན་གྱི་གླུ་གཞས་ལ་ཁྱེད་ཀྱིས་མྱོང་རོལ་བྱེད་མ་ཐུབ་པར་ཁག་ཁྱོན་ནས་མེད། ད་དུང་ཁྱེད་རང་གིས་ནུབ་ཕྱོགས་ཀྱི་དྲག་གཞས་ལ་ཐེངས་གཅིག་ལྟ་མྱོང་བྱོས་དང་དེ་བས་ཀྱང་མགོ་ན་རུ་འཇུག་ངེས། དེ་དུས་སྒྱུ་རྩལ་དང་ཁྱེད་ཀྱི་བར་ན་ཟླུམ་ཐབས་བྲལ་བའི་འགལ་བ་ཞིག་ཡོད་པ་གཞི་ནས་ཧ་གོ་ཡོང་། མ་གཞི་ཡོངས་གྲགས་ཡིན་པ་ཙམ་གྱིས་སྒྱུ་རྩལ་གྱི་མཐོ་ཚད་ནས་གོ་བ་ལེན་པ་དེ་ག་རང་གིས་སྒྱུ་རྩལ་གྱི་གོ་རྟོགས་ག་ཚོད་ཡོད་མིན་དེ་གསལ་བཤད་བྱས་མི་འདུག་གམ།