ལྷ་རྩེའི་ཁུ་བྱུག
ང་ཚོའི་གླུ་པ་ཕོ་མོ་ཚོ་ནི། དུས་རབས་འདི་ཡི་མགྲིན་ཚབ་པ། སྤྱི་ཚོགས་འདི་ཡི་སྐུལ་འདེད་པ། སྐྱིད་སྡུག་གི་སེམས་ཚོར་དབྱངས་སུ་གྱེར་ཞིང་། སྒྱུ་རྩལ་གྱི་སྣང་བརྙན་གསོན་རིས་ཀྱིས་འགུལ་བ། ད་དུང་དགའ་སྡུག་སྐྱོ་མཚར་གྱི་རྣམ་ཤེས་ངག་ལ་ལེན་ཞིང་། བརྩེ་དུངས་རྙི་འཛིང་གི་སྣང་བ་གནམ་ལ་འདེགས་པའི་ངག་གི་དབྱངས་རྟ་ཞིག་ཡིན་ཚོད་འདུག འདི་ལ་དུས་རབས་གསར་རྙིང་གི་དབྱངས་དང་རོལ་མོའི་འགྱུར་ཁུག་སོགས་ཀྱིས་མི་ཡི་སེམས་ཁམས་ལ་བསུབ་ཏུ་མེད་པའི་བག་ཆགས་འཐུག་པོ་ཞིག་དང་ཡང་ན་སེམས་ཚོར་དྲག་ཏུ་འཕྱུར་བའི་སྒུལ་ཤུགས་ཤིག་ཡིན་འདུག ཡིན་ནའང་ད་ལྟའི་གླུ་པ་ཕོ་མོ་མང་པོ་ཞིག་ནི་དབྱངས་དང་རོལ་མོ་སོགས་ལ་སྦྱངས་པ་ལྟ་ཅི་ཆུང་དུས་སློབ་གྲྭ་ཡང་འགྲོ་མ་མྱོང་བས་བོད་རང་གི་ཡི་གེ་ཡང་དེ་ཙམ་ཤེས་ཀྱི་མི་འདུག་པས་ལན་ཟློས་འབའ་ཞིག་གི་སྤྱོད་ཚུལ་གསལ་པོ་རེད། ཚིག་དང་རོལ་མོ་རྙིང་པ། ཡུལ་རིས་དང་དབྱངས་རྙིང་པ་རྙིང་རྐྱང་ཆགས་འདུག དཔེར་ན། ཨ་མདོའི་རྡུང་ལེན་འདི་ཁམས་པས་བསྐྱར་པར་དང་བརྐུ་བཤུས་ལ་བྲེལ་གྱིན་ཡོད་པ་འདྲ། ལྷ་ས་པ་ནི་དམིགས་བསལ་མདོ་དབུས་ཁམས་གསུམ་གྱིས་དགའ་འབོད་དགོས་པའི་གླུ་པ་མེད་ཙང་ལད་ཟློས་དེ་ཙམ་ཉུང་ཞིང་། སྒྲ་གདངས་དང་སྐད་གཤིས་ཀྱིས་ལེན་གྱི་མེད་པ་འདྲ། ད་ལྟ་གླུ་པ་མང་ཤོས་དེ་ནི་ཁྲིན་ཏུ་དང་ཟི་ལིང་གཉིས་རེད། རང་སྐྱ་མི་འཕེར་བའི་གླུ་པ་སྐོར་ཞིག་ང་ཚོའི་བླ་སྤྲུལ་ཚོའི་ལག་སྒུག་གིན་སྡད་ཡོད་པ་རེད། དགོན་པའི་ནང་བླ་སྤྲུལ་ཚོའི་སོ་སོའི་ཕྲིན་ལས་ཁྱབ་བརྡལ་གྱི་བྱེད་པོ་ཡང་གླུ་པ་ཁོང་ཚོ་རེད། འདི་གཉིས་མེད་ན་མི་འབྱུང་བའི་ཚད་དུ་ལྷུང་འདུག བདེན་པ་བཤད་ན་སྒོར་གྱིས་དྲུད་འགྲོ་སྐབས་ཁེར་ཚུགས་ཀྱིས་འགྲེང་མཁན་ནི་སུ་ཡང་མེད་པས་གླུ་པ་སྐོར་ཞིག་ནི་ནམ་ཡིན་ནའང་དགོན་པའི་དཀོར་གྱིས་འཚོ་དགོས་པས་གླུ་ཚིག་ཡག་བཙོག་དང་རང་གི་སྙན་གྲགས་སོགས་ལ་འདེང་ཕོག་གི་མེད་པ་འདྲ། དཔེར་ན་ཡུལ་ཤུལ་བླ་མ་ཞིག་གིས་གླུ་པ་ཕོ་མོ་གསུམ་ལ་རྒྱ་སྒོར་ཁྲི་རེ་ཟུང་གནང་དུས་གླུ་པས་སོ་སོའི་སྒེར་སྡེར་ནང་དུ་རིན་པོ་ཆེའི་སྐུ་བསྟོད་དབྱངས་སུ་གྱེར་སོང་བ་བཞིན་ནོ།།
མི་རིགས་འདིའི་ནང་དུ་དར་བའི་ནང་ཆོས་འདི་མི་རེས་སྲོལ་ལུགས་རེ་བཙུགས་པའི་ཕྱག་བཞེས་ཀྱི་མཛད་སྒོ་ཞེས་མིང་བཏགས་པ་བཞིན་དུ་ཆོས་ཕྱོགས་ཀྱི་ལུགས་སྲོལ་དམངས་ལ་འདྲེས་ནས་འདུག་སྟེ། ཁྲིན་ཏུ་ལ་གཉན་ཆེན་ཐང་ལྷའི་གླུ་གར་ཁང་གིས་གླུ་དབྱངས་ཀྱི་མགོ་བཙུགས་ཐེངས་རེར་ཟློས་གར་པས་བན་ཆས་སྤྲས་ཤིང་། རྒྱ་གླིང་དང་། རག་དུང་། སྦུབ་ཆལ་སོགས་རོལ་ཆ་ཁུར་ཞིང་། སྤོས་སྣ་དང་། སེར་སྦྲེང་སོགས་ཚུལ་མཐུན་གྱི་དགེ་འདུན་པ་ཞིག་མིན་ནམ་སྙམ་ཡོང་བ་རེད། འདི་ཡོངས་ཁྱབ་ཀྱི་བོད་སྲོལ་དང་གླུ་པའི་ཤན་ཞུགས་རེད། བོད་ཀྱི་གླུ་པ་སྐོར་ཞིིག་སྟེ་མི་རིགས་འདིའི་རིག་གནས་དར་སྤེལ་ཞོར་དུ་སྒེར་གྱི་ཀླུང་རྟ་རྒྱུག་འགྲོ་ཞིང་གང་ཐོད་ཐོད་དུ་གླུ་དབྱངས་འགུག་གིན་མེད་ཚོད་རེད། དེ་ནི་ཚད་མཐོའི་གླུ་པ་ཕོ་མོ་ཉུང་ཤས་ལས་ཡོད་པ་མ་རེད། དམའ་རིམ་གྱི་གླུ་པའི་མིང་ཐོག་ལ་མ་ཐོག་པ་དེ་ཚོ་ནི་དབྱར་རྩྭ་དགུན་འབུའི་སྒོར་གྱིས་ཟེར་སྡེར་ཕུད་ཀྱི་འདུག་སྟེ་ཆོག་མཆན་མེད་པ་དང་། སྒྱུ་རྩལ་མེད་པ་དང་། སྙན་འཇེབས་ཀྱིས་རྣ་དབང་གསོ་མི་ནུས་པ་སོགས་གང་ལྟར་ཁྱིམ་ལ་ཟེར་སྡེར་བརྩིགས་ཀྱིན་ཡོད་པ་རེད། ད་ལོར་ཡུལ་ཤུལ་རྫ་སྟོད་ལ་སྨན་རྩྭ་སྐྱེས་མེད་པའི་དབང་དུ་བཏང་ན་གླུ་པ་ཆེས་མང་པོའི་ལག་པ་སྟོང་རྐྱང་རེད། ཡང་ན་ཡུལ་ཤུལ་པའི་དགོན་པ་སྟེ་བཀའ་བརྒྱུད་པ་དང་རྙིང་མ་བས་ལྷ་ཁང་སྒོ་འབྱེད་དང་། སྤྲུལ་སྐུའི་ཁྲི་སྟོན་མེད་པའི་དབང་དུ་བཏང་ན་སི་ཁྲོན་དང་མཚོ་སྔོན་སོགས་ཀྱི་གླུ་པ་དེ་ཚོ་སྒོར་མོའི་ཡོང་སྒོ་ཉུང་རྒྱུ་རེད། གཞན་གྱི་ལྟ་ཞིབ་པའི་ལག་འོག་ཏུ་འཚོ་བའི་མིང་གྲགས་ཅན་གླུ་པ་འགའ་རེའི་གླུ་ཡིས་མི་རིགས་ལ་སྐུལ་འདེད་ཡག་པོ་ཐུབ་པ་ཡོད་ཀྱང་ད་ལྟ་སེམས་ཚོར་དམར་རྗེན་དུ་ཕུད་པའི་གོ་སྐབས་མེད་པ་འདྲ།
སྔོན་ཞིག་ཁོ་བོས་གསེར་མདོག་གི་ལང་ཚོ་ཞེས་པའི་སྒེར་དེབ་གཅིག་གི་ནང་དུ་བོད་ཀྱི་གླུ་པ་དང་གླུ་མའི་སྐོར་གླེང་བ་ཞེས་པའི་ནང་དུ་གནས་ལུགས་ཟུར་ཙམ་གླེང་ཡོད་ཙང་གླུ་པ་སྐོར་ཞིག་ཁྲོས་སོང་བས་རེབ་འདིས་ཀྱང་མཚང་ལ་ཕོག་སྲིད་རྒྱུ་རེད། དགེ་མཚན་ཁྱོན་ནས་མེད་པའང་མ་ཡིན་ཏེ། བོད་ཡིག་དག་མ་དང་། བོད་སྐད་གཙང་མ། གངས་རི་དང་། མཚོ་དང་མཚེའུ། ནགས་དང་ཐང་ཤིང་། རི་དྭགས་དང་། སྒོ་ཕྱུགས། ལྷ་ཁང་དང་མཆོད་རྟེན། དར་ལྕོག་དང་འཁོར་ལོ་སོགས་མི་རིགས་ཤིག་གི་མཚོན་རྟགས་གསོན་པོ་འགྲིམ་སྤེལ་བྱེད་ཡོང་བས་ཕྱི་སྡོད་བོད་མིས་རང་ཁྱིམ་དྲན་པའི་མིག་ཆུ་ལྷུང་སྲིད་པ་རེད། མང་ཚོགས་དག་གི་ཁ་ལ་གླུ་པ་དག་དག་གླེང་གིན་འདུག་པ་ལ་བལྟས་ན་མི་ཚོས་གདིང་འཇོག་དང་། བརྩི་བཀུར་དང་། ཡིད་སྨོན་ཤོར་གྱི་ཡོད་ཚོད་རེད། སྐོར་ཞིག་གིས་ཟེར་སྡེར་སྡེབས་ཚོང་དང་སིལ་ཚོང་གིས་འཚོ་བ་ཡང་ཡར་ཐོན་བླ་ལྷག་བྱུང་གི་འདུག གླུ་པ་ཡང་དུས་དང་ཉམས་མྱོང་གི་འགྲོས་དང་བསྟུན་ནས་འགྱུར་བ་གང་མཚམས་བསླེབས་པ་སྟེ། དཔེར་ན་གླུ་པ་ཤེར་བསྟན་ཚང་གིས་ཕ་སྐད་གཙང་མའི་གླུ་དབྱངས་ཟེར་སྡེར་ཞེས་པ་བཀྲམ་ནས་བཟུང་གླུ་པ་མང་པོས་རྒྱ་གླུ་གཡུགས་ནས་ཕ་སྐད་གཙང་མའི་ཆེད་སྒྲིག་ཅེས་འགྱུར་བ་ཐེབས་སོང་བ་ལྟར་རེད། མི་རིགས་ཀྱི་གནས་བབ་མི་མཚོན་ཞིང་། རང་རིགས་ལ་དུངས་བ་མེད་ཀྱང་གླུ་མ་སྐོར་ཞིག་དེང་རབས་ཀྱི་གླུ་དབྱངས་ཡག་པོ་ཡོད་མཁན་ཡང་ཡོད་པ་རེད། གླུ་དབྱངས་འདིའི་ཉེན་ཁའི་ཕྱོགས་ནས་ཞིབ་འདང་བྱས་ན། གླུ་དབྱངས་འདི་ཡང་རིག་གནས་ཚད་མཐོ་ཞིག་ཡིན་པ་ལས་གང་བྱུང་གིས་ཆོག་པ་དེ་འདྲ་མིན་གཤིས་ཁ་ཐོག་ཚད་གླུ་ལ་འཁེན་ཡོང་བ་འདིས་མི་རིགས་ཀྱི་སྒྱུ་རྩལ་ལ་ཟུར་མང་པོ་ཞིག་ཉམས་སྲིད་པའི་སྔོན་རྟགས་སྟོན་འདུག་ཨང་།
གོང་དཔྱད་འདིས་མི་གཤིས་དང་ཀུན་སྤྱོད། བརྩེ་དུངས་ཀྱི་རྙོག་སྒྲ་སོགས་ནས་སྐད་ཆ་ཟུར་ཙམ་མ་གླེང་བར་གླུ་དབྱངས་འདིའི་འཆི་གསོན་གྱི་ངོ་གདོང་ཚད་ལ་འཇལ་བ་ཙམ་རེད། སྤྱིར་བཏང་ང་ཚོའི་མི་རིགས་འདི་དཀའ་སྤྱད་དང་བརྩོན་འགྲུས་མི་དགོས་པའི་དངོས་གྲུབ་ཅིག་འབད་མེད་ཤུགས་འབྱུང་ལ་རེ་ཆེ་བས་ལོས་ཡིན་སྙམ་བྱུང་། ཕྲན་གླུ་ཚིག་འབྲི་མཁན་གྱི་ངོས་ནས་བསམ་ན་འགན་ཁུར་དགོས་པ་དང་། ཞིབ་མོའི་བློ་མིག་ལྡན་དགོས་པ་བཤད་མེད་རེད། མདོར་ན་གླུ་དང་། དབྱངས་རོལ་མོ། གླུ་ཚིག་ཚང་མས་སེམས་ཀྱི་དགའ་སྡུག་རྣམ་འགྱུར་གསོན་པོ་ཕྱི་རུ་འབྱིན་ཐུབ་ཅིང་མི་སེམས་འགུལ་སྐྱོམ་གྱི་ཚོར་བ་རྣོན་པོ་སྤྲད་ཐུབ་པ་ཡང་མ་མཐའ་ལོས་ཡོད་དགོས་ཨང་།
༢༠༡༢-༩-༡༧
དང་བོར་སོ་སོས་དག་ཡིག་ཡག་པོ་ཞིག་སྦྱོངས་རོགས་ཞུ་རྒྱུ་ཡིན། དེ་ནས་གཞན་ལ་སྐད་ཆ་ཤོད།
བདེན་ཆ་མང་དག་ཅིག་འདུག
འཇིག་བརྟེན་ཐམས་ཅད་ལོད་མི་ཡིན། འཇིག་བརྟེན་མིའི་བྱ་དངོས་ཡོད་ཚོད་ལོད་མོ་ལས་མ་འདས་པས་བོད་ཀྱི་གླུ་གར་བ་གསར་རྙིང་ཕོ་མོ་དག་གིས་གླུ་དབྱངས་བྲོ་གར་ཡོད ཚོད་ཡང་དེ་བཞིན་རེད། དེ་དག་འབྱུང་རྐྱེན་ཡང་སྤྱི་ཚོགས་ཀྱི་ཆབ་སྲིད་དང་མི་སྒེར་གྱི་དངུལ་དངོས། དེ་བཞིན་ཆོས་ལུགས་བཅས་ནས་ཡོང་ཆོག། དམིགས་ཡུལ་ཡང་དེ་དག་ཡར་རྒྱས་དང་ཞེན་སྐུལ། ཁེ་གྲགས་སོགས་མདོར་ན་སྟོད་སྨད་ཅི་རིགས་ཀྱིས་རང་རང་སོ་སོའི་མི་ཚེ་མདུན་ལམ་རེར་འབོད་བཞིན་པ་གཅིག་མཚུངས་རེད། འོན་ཀྱང་གླུ་པ་དང་གླུ་མ་དང་གླུ་གཞས་དང་བྲོ་གར་དབྱངས་ཚིག་སོགས་ལ་ཡང་ལྟོས་མོ་བ་རང་རང་སོ་སོས་རིན་མཐང་མི་འདྲ་བ་ཡོད་པ་ཡང་བརྗོད་མེད་རེད། མི་རིགས་གང་ཞིག་གི་གླུ་དབྱངས་དག་མི་རིགས་དེ་གའི་སྐད་ཡིག་གཅིག་པུའི་ཐོག་ནས་ཡོང་དགོས་པས་ངེས་པ་མེད་ལ། ལྷག་པར་དུ་དེང་སྐབས་འཛམ་གླིང་ཅིག་གྱུར་གྱི་སྐྱེ་བོ་ཕན་ཚུལ་དབར་འབྲེལ་གྲོགས་མཚམས་སྦྱོར་གྱི་དུང་རབས་འདིར་སྐད་ཡིག་གང་མང་ཐོག་ནས་རང་མི་རིགས་ཀྱི་བདེ་སྡུག་དང་གནས་བབ་རྣམས་གཞན་ལ་རྒྱུད་སྒྲགས་བྱེད་རྒྱུ་གལ་ཆེ།
གླུ་བ་ཚང་མ་གླུ་རྩོམ་པོ་དང་གདངས་རྩོམ་པ་ཞིག་ཡིན་དགོས་བ་མ་རེད། དེ་དག་མཛོམས་ན་ཡག་གི་ཐོག་ལ་རྒྱན་ཟེར་བ་དེ་རེད། དེ་མིན་སྐད་ངག་སྙན་མོ་ཡོད་ནི་ཞིག་ཡིན་ན་མི་རིགས་དབྱེ་མེད་ཀྱི་རྣ་བའི་དཔྱིད་དུ་ཤར་ན་མཚན་སྙན་མི་གྲགས་རང་གྲགས་རེད། བླ་མ་དང་ཚོང་པས་གླ་ཡོད་གླུ་བ་བཀོལ་ན་བཀོལ་ཆོག་པ་ཞིག་རེད། ཁོང་ཚོར་དགོས་བ་སྙན་གྲགས་དང་གླུ་བར་དགོས་བ་འཚོ་རྟེན་རེད། ང་ཚོར་དགོས་བ་གཞས་གདངས་རེད། ཚང་མ་ང་དགའ་ཁྱོ་སྐྱིད་རེད། ཁྱོ་གཅིག་པོས་ངུ་ངག་ག་རེ་ཞིག་ལ་འདོན་གི་ཡོད་པ་གང་ཤེས།
མ་མཛོམས་དེ་འ་འཛོམས་ལ་བཅོས་རོགས་གནང་།
འཇིག་བརྟེན་ཐམས་ཅད་ལོད་མི་ཞེས་པ་དེ་ལད་མོ་ལ་བཅོས་རོགས། གནམ་ནས་སྐད་ཆ་ལ་རྒྱབ་སྐྱོར་ཡོད། ལད་ཟློས་སྐོར་བཤད་ན་རྡུང་ལེན་པ་ཆེན་པོ་དག་ཀྱང་ཆུང་དུ་འགྲོ་སྲིད། དེ་དག་གིས་མི་གཞན་གྱི་རོལ་དབྱངས་ལ་ལད་ཟློས་མེད་པ་ཕལ་ཆེ་མེད།
གོང་བཀོད་རྩོམ་ཡིག་འདིར་ཡུལ་ཕྱོགས་ཕན་ཚུན་གྱིས་ལད་མོ་དང་གླུ་བ་ཡག་པོ་ཡོད་མེད་རིགས་ལ་བདེན་ཁ་བསྟེར་དཀའ་ཡང་གནས་དུས་ཀྱི་གླུ་བ་ཞིག་ཡིན་ཕྱིན་ཁོར་ཡུག་དང་རང་གི་ཉེ་འཁོར་གྱི་འཚོ་བའི་དཀའ་སྡུག་སྐད་ངག་གི་ལམ་ནས་གསལ་སྟོན་བྱ་རྒྱུ་གླུ་བ་རྣམ་པའི་འགན་འཁྲི་ཡིན།