ཤིང་རྟ།
རང་མི་རིགས་ལ་དུང་བ་ཟབ་པའི་གྲགས་ཅན་གྱི་གླུ་བ་ཡག་དུང་གི་ངོ་སྤྲོད་ངས་བྱ། སྙན་འཇེབས་འགྱུར་ཁུག་སྟོང་ལྡན་གྱི་གླུ་དབྱངས་རེ་རེས་ཚོར་འདུའི་རྦ་རླབས་ཀུན་ནས་སྐྱོམས་པར་བྱེད་པའི་མཐོ་སྒང་གླུ་བའི་རྗེ་བོ་ཡག་དུང་མཆོག་གི་ངོ་སྤྲོད་དང་འབྲེལ་བའི་རྩོམ་ཡིག་ཁ་ཤས་དྲ་བ་ཁག་ཏུ་མཐོང་ཡང་ཁུངས་འཁྱོལ་པོ་རང་བྲིས་པ་ཞིག་དེ་སྔོན་མ་མཐོང་།
བོད་ཀྱི་གླུ་བ་ཡག་དུང་ངམ་ཉི་མ་ཚེ་རིང་གི་མིང་འབྲི་སྟངས་ཐད་ལ། བསམས་ནའང་མིང་དག་པོ་ཞིག་འབྲི་ཤེས་མི་འདུག་ཅེས་སྨྲ་བར་སྤོབས། དཔེར་ན། ཡ་ཏུང་དང་། ཡར་དུང་། ཡ་དུང་། གཡའ་དྭངས་སོགས་འབྲི་ཚུལ་སྣ་ཚོགས་ཤིག་མཐོང་ཡང་། དེ་དག་ནོར་བར་སེམས།
གླུ་པ་ཁོའི་མིང་ངོ་མ་ནི་(ཡག་དུང་)ཞེས་འབྲི་དགོས། དེ་ལྟར་ཡིན་པར་གང་གིས་ཤེས་ཞེ་ན། ངས་མ་ཎི་དང་ལྷན་དུ་ཤེས་པའི་གླུ་ཚིག་ཅིག་ཡོད་པ་ནི། ངའི་ཕ་ཡུལ་སྡེ་དགེའི་ལྕང་ར་རེད།། ཤིང་རྒྱ་ལྕང་རིག་སོང་ཕ་ཡུལ་དྲན།། ཞེས་པ་འདི་ཡིན་ཞིང་། སྡེ་དགེ་ལྕང་ར་ནི་གླུ་པ་འདིའི་སྐྱེས་ཡུལ་ངོ་མ་རེད། དེ་ཕྱོགས་ཀྱི་ཕ་མས་བྱིས་པར་གཅེས་མྱིང་འདོགས་ལུགས་ཆ་རྒྱུས་ཕལ་ཆེར་ང་ལ་ཡོད། སྤྱིར་བཏང་བོད་པས་མིང་འདོགས་ལུགས་ལ་འདོད་རྒྱལ་དང་རྗེས་སྒྲུབ་ཅེས་གཉིས་སུ་གྲགས་པ་ལས། ཕ་མས་བྱིས་པར་གཅེས་མིང་འདོགས་སྐབས་རྗེས་སྒྲུབ་ཀྱི་མིང་ཁོ་ན་ངེས།
རྗེས་སྒྲུབ་ཀྱི་མིང་ནི་འགྲེལ་བཤད་བྱེད་དུ་ཡོད་པས། ཡག་དུང་ཞེས་པར་འགྲེལ་བཤད་ངེས་པར་དུ་ཡོད། ཡག་༽ནི་བཟང་བ་དང་མཛེས་པའི་དོན་ཡིན་ཞིང་། དུང་༽ནི་འདྲ་བར་རྒྱུ་མཚན་དུ་བྱས་ཏེ་ཤ་མདོག་དཀར་བའི་དོན་ཡིན་ངེས། དེ་དང་འདྲ་བར་དེ་ཕྱོགས་སུ་གཅེས་མིང་འདོགས་ཚུལ་ཤིན་ཏུ་མང་། དཔེར་ན། ཕོའི་མིང་ལ། ཡག་དཀར། ཡག་དགའ། ཡག་རིལ། ཡག་ཕྱུག་སོགས་དང་། མོའི་མིང་ལ། ཡག་ལྷ། ཡག་སྐྱིད། ཡག་འཛོམས། ཡག་མཚོ། ཡག་མཛེས་སོགས་འདོགས་ལུགས་མང་། དུང་༽འདི་མགོར་ཡོད་པའི་མིང་ཡང་དུ་མ་ཡོད། དུང་མཚོ། དུང་ཡག དུང་སྐྱིད། དུང་མཛེས་སོགས་གོང་འོག་གི་བུ་དང་བུ་མོའི་མིང་འདི་ཚོར་དཔགས་ན་༼ཡག་དུང་༽ནི་གླུ་པ་ཉི་མ་ཚེ་རིང་གི་བྱིས་དུས་ཀྱི་གཅེས་མིང་ཡིན་པར་འཁྲུལ་མེད་དུ་ཤེས་ནུས།
གླུ་དབྱངས་སྒྱུ་རྩལ་གྱི་འགྱུར་ཁུག་རེ་རེས་ཡིད་འགུག་གི་ནུས་པ་ཅི་ཡང་ལྡན་པའི་གླུ་བ་ཁོང་ནི། སྤྱི་ལོ་ ༡༩༦༣ ལོར་ཁམས་སྡེ་དགེ་ལྕང་ར་ཞེས་པའི་གྲོང་གསེབ་མཛེས་སྡུག་ལྡན་པ་ཞིག་ཡོད་པ་དེ་རུ་སྐྱེས་ཤིང་ལོ་ན་ཆུང་དུས་ནས་གླུ་གཞས་སྒྱུ་རྩལ་གྱི་གྲུབ་ཆ་ལྷན་སྐྱེས་སུ་མངའ་བ་མ་ཟད་མཚར་སྡུག་དཔལ་གྱིས་ཕྱུག་པའི་ལང་ཚོའི་འཇོ་སྒེག་ཀྱང་ལྡན་ཞེས་ཐོས། གླུ་པ་འདིའི་བླ་མས་གནང་བའི་མིང་ལ་ཉི་མ་ཚེ་རིང་ཟེར་ཞིང་ཕ་མས་བཏགས་པའི་གཅེས་མིང་ནི་ཡག་དུང་ཡིན་ངེས།
ལོ་ན་༡༢ སྟེང་དུ་ཕ་འདས་གྲོངས་སུ་གྱུར་རྗེས། ཨ་མ་དང་སྲིང་མོ་གཉིས་དང་ལྷན་དུ་འཚོ་བ་རོལ་དགོས་བྱུང༌། ཁྱིམ་ཚང་གི་འཚོ་བའི་དཀའ་ངལ་གྱིས་རྐྱེན་པས་སློབ་ཆུང་ལོ་རིམ་གསུམ་པ་བཏོན་རྗེས་སློབ་གྲྭ་འགྲོ་འཚམས་འཇོག་དགོས་བྱུང༌། རང་ལོ་༡༦སྟེང་དམག་ནང་དུ་ཞུགས། དམག་ནང་ཞུགས་པའི་རིང་ཁོང་གིས་མི་རིགས་གཞན་གྱི་གླུ་གཞས་དང་བྲོ་གར་ལ་ཉམས་ལེན་བྱེད་པའི་གོ་སྐབས་ཐོབ་པས་ཉ་གསེར་མིག་ཅན་ཆུ་བོ་དང་འཕྲད་པ་ནང་བཞིན་རང་དགའ་རང་འདོད་ཀྱིས་གླུ་གཞས་འདྲ་མིན་སྣ་ཚོགས་ལེན་པའི་ལད་མོ་དང་འཚོལ་ཉུལ་བྱས།
ཁོང་གི་སྐད་གསང་མཐོ་དམའ་སྦོམ་ཕྲ་གང་ལའང་འགག་ཐོགས་མེད་པའི་ལྷན་སྐྱེས་ཀྱི་ངག་གི་རྩལ་དང་གླུ་ལེན་པར་དགའ་ཞིང་བྲོ་འཁྲབ་པར་མོས་པའི་གཤིས་ཁ་བཟང་པོ་ལ་ཀུན་གྱིས་དགའ་བསུ་ཆེན་པོར་བྱས། ལོ་གཉིས་སོང་རྗེས་ཡང་བསྐྱར་དམག་གྲལ་ནས་ཕྱིར་བུད་དེ་ ཁོང་མ་བུ་གསུམ་གྱི་འཚོ་བརྟེན་གྱི་ཆེད་དུ་འདྲུད་འཁོར་(tractor)གྱི་ཁ་ལོ་བ་བྱས་ནས་ལོ་མང་པོར་ངལ་རྩོལ་རྒྱག་མྱོང་ཞིང་། གླུ་པ་ཁོང་ནི་ཨ་མ་དང་སྲིང་མོ་ལ་བྱམས་སྐྱོང་མཛད་པའི་སྐྱེས་པ་ཡ་རབས་ཤིག་ཡིན་སྐད་ཐོས།
མཐོན་མཐིང་གཡུ་ལྟར་སྔོ་བའི་ནེའུ་གསིང་དང་ལྕང་ལོ་བསིལ་རླུང་གིས་དལ་གྱིས་གཡོ་བའི་འོག་ནས། གླུ་པ་འདིས་ཁུ་བྱུག་གི་གསུང་སྐད་དང་བསྡོངས་ཏེ་བོད་ཀྱི་གླུ་གཞས་དག་སྙན་མོ་ངག་ལ་གྱེར་སྐབས། གླུ་པ་ཁོང་དང་ན་མཉམ་པའི་གཞོན་ནུ་མ་དག་ལྷད་མེད་བརྩེ་དུང་གི་རྦ་རླབས་དྲག་ཏུ་འཕྱོ་བ་མ་ཟད་སྙིང་གི་དུང་བ་ཡོད་ཚད་དབྱངས་སུ་གྱེར་འདོད་ཡོད་མཁན་རེ་གཉིས་མིན་སྐད་ཐོས། སྒེག་པའི་གར་སྟབས་ཅི་ཡང་སྒྱུར་བའི་སྨིན་ལེགས་མ་དེ་དག་གིས་བརྩེ་སེམས་གསང་བ་མཚོན་པའི་ཟུར་མིག་གི་མདའ་མོ། བཞིན་རས་ཟླ་བའི་མདངས་ལྡན་གྱི་གླུ་པ་ཁོང་ལ་འཕངས་པ་ཉུང་ཉུང་ག་ལ་ཡིན། འོན་ཏང་སྙིང་གཏམ་དར་དིར་སྒྲོགས་པར་འདོད་པའི་གཞོན་ནུ་མ་ཡོད་ཚད་གླུ་བ་ཁོང་གི་བརྩེ་གྲོགས་ཀྱི་གོ་སྐབས་མེད་པས། བྲལ་གདུང་དང་སྐྱོ་སྣང་གི་ཀློང་དུ་ཁེར་རྐྱང་གི་ཚོར་སྣང་ཅན་སྨིན་ལེགས་མ་དུ་མ་ཞིག་ཡོད་སྐད་ཐོས།
གླུ་པ་འདི་ན་སོན་པ་ནས་བཟུང་སྟེ་ཁོང་གི་གླུ་གཞས་ལ་ཕྱི་ནང་མི་རིགས་ཀུན་གྱིས་ཁ་ཞེ་གཉིས་མེད་ཀྱིས་བསྟོད་བསྔགས་ཐོབ་པ་དང་རང་ཉིད་ནས་ཀྱང་གླུ་དབྱངས་ལ་དགའ་ཞེན་ཆེ་བས་གླུ་དང་རོལ་ཆ་པི་ཝང་རྒྱུད་དྲུག་མ་སོགས་གང་མང་ཞིག་ལ་རང་སྦྱོང་བྱས་གླུ་དབྱངས་སྒྱུ་རྩལ་པ་ཞིག་བྱ་རྒྱུའི་རེ་འདུན་ཡོད་ཀྱང་། རེ་འདོན་ཡོད་པ་ཙམ་གྱིས་བསམ་དོན་མི་འགྲུབ་ལ་ཕྱི་ནང་གི་ཆ་རྐྱེན་མང་པོ་ཞིག་འཛོམས་དགོས་པས་ཁོང་གིས་ཐབས་སྣ་ཚོགས་སྤྱད་དེ་རླངས་འཁོར་ཆེ་བ་ཞིག་ཉོས་ཏེ་ཞོར་དུ་ཤིང་ཆ་འདྲེན་བའི་ལས་ལ་ཞུགས།
སྟབས་ལེགས་པ་ཞིག་ནི་ཁོ་རང་དར་མདོ་བརྒྱུད་དེ་རྒྱ་ཡུལ་ཁྲི་འདུ་རུ་འགྲོ་སྐབས། དཀར་མཛེས་ཁུལ་གླུ་གར་ཚོགས་པའི་གྲོགས་པོ་ཞིག་གི་སར་པི་ཝང་དཀྲོལ་ཏེ་གླུ་ཞིག་བླངས་པས་ལྷན་དུ་ཞུགས་པའི་གྲོགས་པོ་རྣམས་ཧ་ལས་དགོས་པར་གྱུར་པ་མ་ཚད་སྐབས་དེ་དུས་ཀྱི་གླུ་གར་ཚོགས་པའི་ཚོགས་དཔོན་གྱི་ཡིད་སེམས་རབ་ཏུ་འཕྲོག་པས་གྲོགས་པོ་དང་འབྲེལ་ཡོད་སྐྱེས་ཆེན་རྣམས་ཀྱི་རྟིང་སྐུལ་དང་རོགས་རམ་ལ་བརྟེན་ནས་ཁོ་རང་དཀར་མཛེས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་ལས་དོན་གཉེར་བའི་གོ་སྐབས་རྙེད་པ་རེད།
དེ་ནས་བཟུང་རྒྱ་བོད་ཀྱི་གྲོང་ཁྱེར་ཁག་གི་ནང་མ་གླུ་ཁང་སོགས་སུ་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་བོད་རང་གི་ཐུན་མོང་མ་ཡིན་པའི་གླུ་གཞས་གཏོང་མགོ་བརྩམས། རིམ་བཞིན་ཁྲི་འདུ་གྲོང་ཁྱེར་ཁུལ་དུ་མང་ཚོགས་ཀྱིས་དགའ་མོས་བྱེད་སའི་བོད་ཀྱི་གླུ་བ་ཞིག་ཏུ་གྱུར། ཕྱི་ལོ་ ༡༩༩༢ ལོར་《གངས་ཕྲུག་གི་སེམས་པ་》ཞེས་པའི་ཆེད་སྒྲིག་སྒྲ་ཐག་ཐོག་མ་དེ་འགྲེམས་སྤེལ་བྱས་ཤིང༌། ལོ་ཕྱེད་ཀའི་ནང་སྒྲ་ཐག་ཁྲི་ ༦༠ ལྷག་འགྲེམས་རྒྱུག་ཐུབ་པ་བྱུང༌། དེ་དང་བསྟུན་ནས་ཁོང་གི་མཚན་སྙན་ཀྱང་བོད་ཁམས་ཡོངས་སུ་ཁྱབ། ((གཞན་རྩོམ་གཡར་))<གླུ་མ་རྒྱལ་མོ་སྐྱིད་དང་མཉམ་ལེན་བྱས་པའི་གངས་རིའི་བརྩེ་གླུ་ཞེས་པ་མཚོ་སྔོན་མི་རིགས་ཁུན་ལུན་རི་བོ་སྒྲ་བརྙན་ཁང་གིས་བསྐྲུན་སྤེལ་བྱས་པས་ཁོང་གི་རེ་འགར་གནམ་ས་འགུལ་བར་བྱས་པའི་མཐོ་ཞིང་བརྗིད་པའི་སྐད་གསང་མཐོན་པོ་དང་མཚམས་རེར་མཚོ་མོར་དར་ཁ་ཆགས་པའི་ལྷོད་ཅིང་འཇམ་པའི་འགྱུར་ཁུག་གིས་རྒྱ་བོད་མི་རིགས་ཀུན་གྱི་ཡིད་ཀྱི་དང་བ་དབང་མེད་དུ་འཕྲོག་སྟེ་ན་གཞོན་ཕོ་མོ་ཀུན་གྱི་བརྩེ་ཞེན་གྱི་ཡུལ་དུ་གྱུར།>
ཕྱི་ལོ་ ༡༩༩༥ ལོའི་སྟོན་ཀར་ལྷོ་ནུབ་མཁའ་འགྲུལ་གཞུང་གཉེར་ཁང་གིས་ཆེད་དུ་ ་བརྙན་འཕྲིན་གླུ་དབྱངས་མཁའ་ལྡིང་འཕྲུལ་གྱི་རྒྱལ་པོ་ ལ་འཁོར་བའི་སེམས་པ་ཞེས་པ་ལྷ་སར་བརྙན་ཕེབས་བྱེད་དུ་འོང་སྟེ་བོད་ཁུལ་གྱི་གླུ་བ་བཞི་བཙལ་ཡང༌། གླུ་ཚིག་རྩོམ་པ་པོ་བཀྲ་ཤིས་ཟླ་བ་དང་དབྱངས་རྩོམ་པ་པོ་སྨིན་གླིང་རྡོ་རྗེ་གཉིས་ཀྱི་ཐུགས་བློ་མ་ཁེངས་པར་བརྟེན། གླུ་པ་ཡག་དུང་གདན་ཞུ་བྱས་ཏེ་《མཁའ་ལྡིང་འཕྲུལ་གྱི་རྒྱལ་པོ་》ཞེས་པ་སྒྲ་ལེན་བརྙན་ཕབ་བྱས། དེའི་ཕྱི་ལོར་རྒྱ་ནག་རྒྱལ་ཡོངས་ཀྱི་བརྙན་འཕྲིན་གླུ་གཞས་འགྲན་སྡུར་སྟེང་གླུ་གཞས་དེར་རྒྱལ་ཡོངས་ཀྱི་གླུ་དབྱངས་འགྲན་བསྡུར་ཐོག་ཆེས་དགའ་བསུ་ཐོབ་པའི་ཀྲུང་གོའི་གླུ་དབྱངས་ཞེས་པར་འདེམས་ཐོན་བྱས་པ་མ་ཟད་གསེར་གྱི་རྟགས་མའི་བྱ་དགའ་ཡང་ཐོབ།
དེ་ནས་བཟུང་ཁོང་གི་མཚན་སྙན་བོད་ཕྱི་ནང་གཉིས་སུ་གྲགས་ཤིང༌། ཁོང་ནི་བོད་མི་དག་གིས་ཆེས་དགའ་མོས་བྱེད་སའི་གླུ་བ་ཞིག་ཏུ་གྱུར་ཡོད། གཞས་པ་གྲགས་ཅན་ཡག་དུང་ཁོང་གིས་རྒྱ་སྐད་ཐོག་བཏང་བའི་གླུ་གཞས་ཡོངས་རྫོགས་ཕོ་མོའི་བརྩེ་དུང་སྐོར་འགའ་ཤས་མ་གཏོགས། བོད་ཀྱི་ས་ཆ་དང་། རིག་གཞུང་། མི་རིགས་ཀྱི་འཚོ་བ་དང་གོམས་གཤིས། ལོ་རྒྱུས། ལ་རྒྱ་བཅས་ཡིན་པ་ལས་རྒྱ་གུང་ཁྲན་ལ་བསྟོད་པ་གཅིག་ཀྱང་མེད།
གླུ་པ་འདིས་བོད་ཀྱི་ཕོ་རྒོད་ཚོའི་དཔའ་མཛངས་དང་། སྐྱེས་མ་ཚོའི་བརྩེ་དུང་དང་མཛེས་མཛངས་སོགས་བརྗོད་ཚིག་ཅན་གྱི་གླུ་གཞས་སྔ་ཕྱི་དུ་མ་བཏང་པས། རྒྱ་མི་རིགས་ཚོའི་བོད་མི་རིགས་ལ་མཐོང་ཆུང་དང་བརྙས་བཅོས་བྱ་འོས་པ་ཞིག་རེད་མི་འདུག་སྙམ་པའི་བག་ཆགས་ཟབ་མོ་ཞིག་བསྐྲུན་ཡོད། བོད་སྐད་ཤེས་བཞིན་དུ་རྒྱ་གཞས་བཏང་བ་ལ་དགོས་པ་དེ་ལྟར་ཡོད་པ་མ་ཟད། བོད་ཀྱི་རྩོམ་པ་པོ་དག་གིས་རྒྱ་ཡིག་ཐོག་ཏུ་རྩོམ་ཡིག་འགྲེམ་སྤེལ་གྱིས་དོན་ཕན་ཡང་དེ་བཞིན་བྱུང་ཡོད། དཔེར་ན། སྐད་གྲགས་ཅན་གྱི་རྒྱ་རིགས་གཞས་མ་ཧང་ཧེང་ཟེར་བ་གྱེན་འཕུར་གནམ་གྲུ་ནས་རྩེ་ཕོ་བྲང་པོ་ཏ་ལའི་ཐོག་ཏུ་བབས་ཏེ་འཁྲབ་སྟོན་བྱ་རྒྱུའི་འཆར་གཞི་འཇོག་སྐབས། བོད་ཀྱི་རྩོམ་པ་པོ་འོད་ཟེར་གྱིས་ངོ་རྒོལ་གྱི་རྩོམ་ཡིག་དྲ་ཐོག་ཏུ་བྲིས་པས་དེ་ལ་ལྟ་ཀློག་བྱ་མཁན་རྣམས་ཀྱིས་འོད་ཟེར་ལ་རྒྱབ་སྐྱོར་ཐོབ་སྟེ། གཞས་མ་ཧང་ཧེང་གི་ལས་འཆར་ཡོངས་རྫོགས་མཚམས་འཇོག་བྱ་དགོས་བྱུང་ཡོད། དེའི་ཕྱིར་རྒྱ་ཡིག་བྲིས་པ་དང་རྒྱ་གཞས་བཏང་བ་ཙམ་གྱིས་བོད་ལ་ཤ་ཞེན་མེད་པ་རེད་སྙམ་པ་ནི་བློ་ཆུང་ཡིན་པའི་ངེས་ཤེས་རྙེད་ཐུབ།
གླུ་པ་འདིས་རྒྱ་སྐད་ཐོག་ཏུ་བླངས་ཤིང་མི་རྣམས་ཀྱི་དགའ་སྐྱོའི་སེམས་ཁམས་ལ་ཤིན་ཏུ་རན་པའི་གླུ་གཞས་དཔེར་ན། <<ཁམས་པའི་ཕོ་སར>>དང་། <<གླིང་གེ་སར་རྒྱལ་པོ>> <<མཆོད་རྟེན་དཀར་པོ>> <<མཚོ་སྔོན་པོ>> << ཨ་མའི་པགས་རྩག>> <<མདོ་དབུས་མཐོ་སྒང་>> <<རྨི་ལམ་ནང་གི་སྒྲོལ་མ>> <<འཚོལ་ཉུལ>> <<བུ་མོ་ཟླ་བ་སྒྲོལ་མ>> <<ཟླ་འོད་ས་ལ་ལྷུང་བའི་སྒྲ་དབྱངས>> <<བརྩེ་ལྡན་གྱི་ནུ་བོ>> <<ལས་དབང་>> <<སྒྲོལ་མ >> <<བྱམས་སེམས་ཅན་གྱི་ཨ་མ>> སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ལ་ཡིད་སེམས་འགུག་པའི་གླུ་དབྱངས་དུ་མ་ཡིས་བོད་ཀྱི་གླུ་དབྱངས་ཀྱི་སྒྱུ་རྩལ་གྱི་ཐད་ལ་སུས་ཀྱང་འགྲན་དུ་མི་བཟོད་པའི་བྱས་རྗེས་བཞག་ཡོད་པས་ཀུན་གྱི་གླུ་པའི་རྒྱལ་པོ་ཞེས་པའི་ཆོ་ལོ་སྤྲད་པའང་མིང་དོན་མཚུངས་པ་ཞིག་རེད།
རྒྱ་ནག་རྒྱལ་ཡོངས་དང་ཞིང་ཆེན་རིམ་པ་ཚུད་པའི་གླུ་པ་འགྲན་བསྡུར་གྱི་བྱ་དགའ་ཧ་རིགས་བཅུ་ཕྲག་ལྷག་ཐོབ་མྱོང་ལ་གླུ་ལེན་ཙམ་དུ་མ་ཟད་པར་པི་ཝང་རྒྱུད་དྲུག་མ་དང་བོད་ཀྱི་པི་ཝང་། ས་ཁི་སེ། རྔ་གཅོང་སོགས་རོལ་ཆས་སྣ་ཚོགས་ཀྱི་འབུད་རྡུང་དཀྲོལ་བའི་རིག་རྩལ་ལ་རང་སྟོབས་ཀྱི་ཤེས་རབ་དང་ལྡན་པ་ཞིག་ཀྱང་ཡིན།
བོད་སྐད་ཐོག་ཏུ་བླངས་པའི་གླུ་གཞས་ཁག་ནི། <<པཎ་ཆེན་དྲན་གླུ་>>དང་། <<རྒྱལ་མོ་རྔུལ་ཆུའི་འབོད་པ།>> <<ཨ་ཕོ་ལུག་རྫི།>> <<ཨ་མ་དྲ་གླུ།>> <<རྒྱ་ནག་མ་ཎི།>> <<ལྷ་སའི་ཁྲོམ་གཟིགས་ཁ་>>སོགས་གླུ་དབྱངས་སྐོར་ཞིག་གིས་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཡོད། ཁོང་གི་དགོངས་པ་ལྟར་ན་བོད་ཀྱི་གླུ་དབྱངས་དང་རོལ་མོའང་དུས་རབས་ཀྱི་འགྲོས་ལྟར་འཇིག་རྟེན་གྱི་གར་སྟེགས་སུ་གོམ་ཁ་བསྒྱུར་དགོས་པས་སྔར་ཡོད་ཀྱི་འབྲས་བུ་ལ་ཡིད་མ་ཚིམ་པར་བོད་ཀྱི་རོལ་མོའི་མཐུན་ཚོགས་ཤིག་ཀྱང་བཙུགས་ཏེ་གསར་སྐྱེས་ཀྱི་གླུ་བ་དང་གླུ་མ་གང་མང་ཞིག་གསོ་སྐྱོང་བྱས་དང་བྱེད་བཞིན་པ་ལགས། (གཞན་རྩོམ་གཡར) <སྒང་པ་བོད་མིའི་དགའ་སྐྱོ་ཆགས་སྡང་དབྱངས་རྟར་དྲངས་ཏེ་གླུ་ཡི་རྒྱ་མཚོར་སྔར་མེད་ཀྱི་རྦ་རླབས་མཁའ་ལ་འཕྱུར་ཞིང་གར་གྱི་འཇིག་རྟེན་དུ་རྟོགས་སད་ཀྱི་སྟངས་སྟབས་བསྒྱུར་བས་ང་ཚོ་ཡང་ཁོང་གི་འགྱུར་ཁུག་དང་འགྲོགས་ཏེ་བདེ་ལྡན་གྱི་ཤམ་བྷ་ལའི་ཞིང་ཁམས་སུ་བསྐྱོད་ཐུབ་ན་ཇི་འདྲའི་སྐྱིད་པ་ལ་ཨང་>།
(རྒྱ་ཆེ་བའི་དྲ་གྲོགས་རྣམ་པ་ལགས། འདིར་གླུ་བ་ཡག་དུང་གི་ངོ་སྤྲོད་འབྲི་དགོས་དོན་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་སྲོལ་རྒྱུན་གྱི་གླུ་གཞས་དག་ནི། སེམས་ཁམས་ཀྱི་སྨན་རེད་འདུག་ཅེས་རྒྱ་ཡི་མཁས་པ་དང་ཚན་རིག་པ་རྣམས་ཀྱིས་ཡང་ཡང་གླེང་བཞིན་འདུག་པས། དེ་ལྟར་ཡིན་ན། བོད་ཀྱི་གླུ་པ་གླུ་མ་དག་ནི་འགྲོ་བ་མི་ལ་བཀའ་དྲིན་ཆེ་བའི་སྨན་པ་ཞིག་ལོས་ཡིན། གསར་དུ་དབྱངས་རྩོམ་པ་པོ་དག་གིས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་དམངས་ཁྲོད་ཀྱི་གླུ་གཞས་དག་ལ་ལྷད་བཙུད་དེ་ར་མགོར་ལུག་སྦྱར་བྱས་པ་དག་ནི་སྨན་གྱི་ནང་དུ་དུག་བསྲེས་པ་དང་མཚུངས་པས་དེའི་ཐོག་ཏུ་ཡིད་གཟབ་གནང་རོགས་ཞེས་འབོད་སྐུལ་སྙིང་ནས་ཞུ་འདོད་བྱུང་། ལྷག་པར་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་དམངས་གཞས་དང་དམངས་གླུའི་དབྱངས་འགུགས་ཚུལ་མང་པོ་ཞིག་ནམ་མཁའི་འཇའ་ཚོན་བཞིན་གཏན་མེད་དུ་ཡར་བཞིན་པ་འདི་ནི། འགྲོ་བ་མི་རིགས་སྤྱི་ལ་གསོ་ཐབས་མེད་པའི་གྱོང་རྒུད་ཆེན་པོ་ཞིག་ཡིན་པས་འདིའི་ཐད་ལ་ཤེས་ཡོན་ཅན་དང་ལྷག་བསམ་ཅན་དག་གིས་དྲན་སྐུལ་བྱ་འོས།
ནུབ་ལ་ཉེ་བའི་བོད་ཀྱི་དམངས་གླུ་དང་དམངས་གཞས་དག་གླུ་པ་ཡག་དུང་སོགས་གྲགས་ཅན་གྱི་གླུ་པ་གླུ་མ་དག་གི་སྙན་མོ་ངག་གི་འགྱུར་ཁུག་ལས་ནམ་ཐོན་གྱི་རེ་སྒུག་ཤིན་ཏུ་ཆེ། ཀ་ཡེ། གླུ་པ་ཡག་དུང་ལགས། ཁྱེད་ཀྱིས་སྙན་མོ་ངག་ལ་གྱེར་མྱོང་བའི་<<རྒྱལ་མོ་རྔུལ་ཆུའི་འབོད་པ>>ཞེས་པའི་གླུ་དབྱངས་དེ་ནི་འགྲོ་བ་མི་རྣམས་བདེ་སྐྱིད་ཀྱི་སྣང་བ་འདྲེན་བྱེད་ཅིག་ཡིན་པས། དེ་ནི་མི་མངོན་པའི་དབྱིངས་སུ་ཐིམ་ཟིན་པས་སླར་ཡང་སྙན་པོ་ངག་ལ་ལན་གཅིག་གྱེར་ན་མི་ལེགས་སམ།
ཧ་ཅང་ལེགས།
གླུ་བ་ཁོང་གི་ལོ་རྒྱུས་སྙན་པོ་བྱུང་། ཡག་དུང་གི་མིང་ཐད་ནས་ཁྱེད་ཀྱི་ཞེ་འདོད་དེ་ལྟར་ད་དུང་ཡིན་ངེས་དཀའ།
བོད་མི་རིགས་ཀྱི་ལ་རྒྱའི་མགོ་བོ་མཐོ་བའི་གླུ་བ་ཁོང་ནི་་་་ང་ཆེས་དགའ་སའི་གླུ་བ་ཡིན་ན་མིན་ན་གཅིག་ཡིན། དེའི་ཕྱིའི་དེ་རིང་གླུ་བ་ཁོང་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ་ཞུ་འདོད་བྱུང་། ངས་གླུ་བ་ཁོང་གི་མིང་ངོ་མ་ལ་་་གཡའ་མ་དོན་འགྲུབ་་་རེད་ཟེར་བ་ཞིག་གོ་མྱོང་ཡང་་་དེ་རིང་གཞི་ནས་བདེན་པ་མིན་པར་ཤེས་སོང་་་བཀའ་དྲིན།
ཁྱེད་ཀྱི་རྩོམ་འདི་ལ་བརྟེན་ནས་ངས་ཡག་དུང་གི་སྐོར་མང་ཙམ་ཤེས་བྱུང་། ཉེ་ཆར་བཀླགས་པའི་རྩོམ་ཡིག་གི་ཁྲོད་ནས་བློ་སྐྱེད་སྟེར་མཁན་གྱི་རྩོམ་ཡག་ཤོས་རེད་འདུག ཐུགས་རྗེ་ཆེ།
ཐང་དཀར་རྒོད་པོ་ལྟ་བུའི་མཁའ་ལྡིང་རྒྱལ་བོ་སྟེ་གླུ་བ་ཡག་དུང་ནི་ངའི་སེམས་ཁོང་གི་ཆེས་དགའ་སའི་གངས་ལྗོངས་ཀྱི་གླུ་བ་རྩེ་གྲས་དེ་ཡིན།
ཁོང་ནི་ང་ཚོ་ཆུང་དུས་ནས་ཁེ་གྲགས་ཆེ་བའི་གླུ་པ་ཡག་དུང་ཡིན་པ་ཤེས་ཀྱིས་ཡོད་གླུ་མང་པོ་ཉོན་མྱོང་ཡོད་ཀྱང་ངོ་སྤྲོད་དང་ཁོང་གི་བསྐོར་ལ་འབྲེལ་བཤད་གནང་མཁན་ད་ལྟ་མ་ཏོག་རང་ལ་མེད་་་ཤིང་རྟ་ལགས་ཐུགས་རྗེས་ཆེ། ཤིང་རྟ་ཁོང་ནི་མི་ཡག་རབ་དང་སྤྱོད་གཟང་དེང་སངས་གིས་སློབ་སྦྱང་ཡག་པོ་ཡོད་མཁན་ཞིག་ཡིན་ས་རེད། རང་མི་རིགས་ལ་ཕན་པའི་རྩོམ་རིགས་དང་ངོ་སྤྲོད་མང་པོ་ཞིག་ཁ་བརྡ་ནང་ལ་འདྲི་གི་འདུག། རྗེས་སུ་ཡི་རང་ཡོད། ཁྱེད་འདྲ་པོ་བོད་ཕྲུག་མང་ཙམ་བྱུང་ནམ་ཅི་མི་དགའ།
ཚོར་བ་དང་འདྲེས་པའི་་རྩོམ་ཡིག་དེས་སེམས་ལ་ཚོར་བ་ཞིག་
སྟེར་སོང་།
དབང་མོ་ནི་དེང་རབས་བོད་ཀྱི་གཞས་ལེན་མཁན་ཡག་ཤོས་ཤིག་རེད།
བྱ་ཁུ་ལོ་སྙིང་ལ་རྗེ་བོ།
ཁྱེད་མ་གྲག་ཡུན་རིང་འགོར་ཐལ།
ནགས་རྒྱ་རྫོང་འཚིག་ནས་བུད་ཐལ།
འབྲུག་ཕོ་ཆུང་སེམས་པ་སྐྱོ་ཐལ།
བཀའ་དྲིན་ཆེ་ཤིང་རྟ་ལགས་།ཁྱེད་རང་དངོས་ནས་མི་རིགས་འདི་ལ་ལྷག་བསམ་ཡོད་མཁན་ཞིག་རེད་འདུག་།རྗེས་སུ ཡིད་རང་ ཞུ
གཡག་དུང་ཡིན་གྱང་ཆོག་ཡག་དུང་ཡིན་གྱང་ཆོག་བོད་མི་རིགས་ལ་ཤ་ཞེན་དང་དུངས་བ་ཆེ་རབ་ཞིག་གོ་མ་སོང་ཆང་གི་བཟི་ནས་མིག་ལ་སྟོན་གི་ཡོད་པ་ཧ་གོ་གཞན་མི་ཤེས་
ཁྱེད་རང་རྣམས་ཀྱི་ནང་ལ་དབང་མོའི་གཞས་གསན་མྱོང་མཁན་ཨེ་ཡོད།
སྙན་མོ་བྱུང་། ཁོང་དྲན་དུ་བཅུག་སོང་། ལོ་མང་སྔོན་ལ་ཆུ་འདུ་གྲོང་གི་老树咖啡ཞེས་བའི་ཟ་ཁང་ནང་མཉམ་སྡོད་བྱས་མྱོང་། རྗེས་མ་ཕ་ཡུལ་ལ་ཐོན་ན་ཁོང་བཙལ་ཡོང་ང་།
ཁོ་རེ་ཤིང་རྟ། ཁྱོད་མ་ཤེས་ཤེས་མདོག་མ་བྱེད། གླེན་ལྐུགས་ལགས། ཡ་དུང་གི་མིང་ངས་ཨ
ཤེས། མིང་ངོ་མ་ནི། ཡ་མ་དོན་གྲུབ་རེད། བསྡུས་མིང་ལ་ཡ་དོན་ཟེར། ཡ་དོན་ནས་སྒྲ་ཁ་སྐད་དང་། རྒྱ་སྐད་ལ་ཟུར་ཆགས་ནས་ཡ་དུང་དང་། གཡའ་དུང་། ཡ་དོན། ཡ་ཏུང་སོགས་ཅི་རིགས་འབྲི་སྲོལ་འདུག་ཀྱང་མིང་ངོ་མ་ནི་ཡ་མ་དོན་གྲུབ་རེད།
གྲོགས་་བོད་ཞེན་པ། ལགས།
ཁུངས་ལུང་མེད་པའི་སྐད་ཆ་མ་ཤོད། གླུ་བ་ཡག་དུང་གི་མིང་ལ་
ཡ་མ་དོན་གྲུབ་རེད་ཟེར་བ་ནི་ཁྱོད་རང་གི་ཞེ་འདོད་ཙམ་ལས་རྒྱུ་མཚན་བཤད་དུ་མེད་པར་ངེས།
ལྷག་པར་དུ་༼ཡ་མ་༽འདི་མགོ་ལ་ཡོད་པའི་མིང་ནི་ཁམས་ཏྲེ་ཧོར་ཕྱོགས་ལ་འདོགས་སྲོལ་ཡོད་ཀྱང་།
སྡེ་དགེའི་ལུང་པ་གང་དུའང་འདི་འདྲའི་མིང་འདོགས་མེད།
ཡག་དུང་ཁོ་རང་ཉིད་ལ་ཁྱོད་ཀྱི་མིང་གི་དོན་དག་གང་ཡིན་མིན་སྐད་ཆ་འདྲི་སྐབས་སུ་
རྩེད་མོ་དང་སྦྲགས་ཁོང་ནམ་མཁའ་གཡའ་དག་པའམ་དྭངས་པའི་ཉིན་མོར་སྐྱེས་པས་ན།
གཡའ་དྭངས་ཞེས་ཐོགས་པ་རེད་བཤད་པ་གོ་ཐོས་བྱུང་། དྲང་མོ་བཤད་ན་ཁོ་རང་གི་མིང་དོན་དག་ཁོང་གིས་ཤེས་མེད་པ་ངེས།
གང་ཡིན་ཟེར་ན། ཁམས་སྡེ་དགེ་ལྕང་ར་ལ་སོགས་པའི་ལུང་ཁུག་དག་ནི་བོད་ཀྱི་རིག་གནས་ལ་
རྒྱུས་མངའ་ཞན་པས་སྲོལ་རྒྱུན་གྱི་མིང་གི་དོན་དག་ལ་ཞིབ་འཇུག་བྱེད་མཁན་དཀོན། ལྷག་པར་དུ་རྒྱ་ཡི་གྲོང་ཁྱེར་ཁག་ཏུ་ཡུན་རིང་འཚོ་སྡོད་བྱེད་མཁན་དག་ནི་དེ་བས་ཀྱང་ཤེས་མཁན་དཀོན། མདོར་བསྡུས་ནས་བཤད་ན། ཡག་དུང་གི་མིང་གང་ཡིན་ཡང་ང་ལ་ཐོབ་ཤོར་གང་ཡང་མེད་ནའང་་་ཁམས་སྡེ་དགེ་ཕྱོགས་ཀྱི་བུ་དང་བུ་མོའི་མིང་དེ་ཚོར་དཔགས་ན་གླུ་བ་ཉི་མ་ཚེ་རིང་གི་བྱིས་དུས་ཀྱི་གཅེས་མིང་ལ་ཡག་དུང་བཏགས་ཡོད་པ་འཁྲུལ་མེད་དུ་ཤེས་ངེས། གླུ་བ་ཁོང་གི་ཨ་མ་ལ་བུ་ཁོང་ལས་མེད་པས་མ་གཅིག་བུ་གཅིག་ཁོག་པའི་སྙིང་ཞེས་པ་ལྟར་ཡིན་པས་གཅེས་མིང་ཞིག་བཏགས་ཡོད་པར་ཐེ་ཚོམ་མི་དགོས།
དེ་ཕྱོགས་ལ་གཅེས་མིང་འདི་འདྲའི་འདོགས་སྲོལ་ཧ་ཅང་མང་།
ཡག་དུང་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ། ངས་ཉེ་ཆར་ལོན་སྒྲོན་དུ་རྟེན་གཞི་བྱས་བའི་བོད་གནས་འབྲེལ་མཐུད་(Tibet Information Network)ཟེར་བས་བཏོན་པའི་བོད་ཀྱི་གླུ་གཞས་དང་གླུ་བ་ཚོའི་སྐོར་གྱི་དེབ་ཞིག་བཀླགས་པ་ཡིན། དེའི་ཁོངས་སུ་ཡག་དུང་གི་གླུ་གཞས་དང་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཤིག་ཀྱང་བཀོད་འདུག
༡) དེབ་དེའི་ཁོངས་སུ་གསལ་བ་ལྟར་ན། ཡག་དུང་གིས་དཀར་མཛེས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་བྱ་བ་མ་གཉེར་གོང་ལ། སྡེ་དགེ་རྫོང་རིག་གནས་ཁང་དུ་ཕྱག་ལས་གནང་འདུག ད་དུང་། ལོ་རབས་དགུ་བཅུའི་དཀྱིལ་ནས་ཁོང་ལྷ་སར་སོང་སྟེ་ལྷ་སའི་ནང་མ་མང་པོའི་ནང་དུ་གླུ་གཞས་བཏང་ཞིང་། ཁོང་གི་བོད་གཞས་མང་པོར་སྲིད་གཞུང་གིས་བཀག་འགོག་བྱས་བ་མ་ཟད་ཆེད་དུ་བོད་གཞས་གཉིས་གཏོང་བཅུག་མི་འདུག འོན་ཀྱང་། བོད་གཞས་དེ་གཉིས་ཀྱི་མིང་བྲིས་མི་འདུག
༢) གོང་དུ་ཁྱོད་ཀྱིས་གླེང་བཞིན་རྒྱ་རིགས་གཞས་མ་ཧང་ཧེང་ཟེར་བ་དེ་ཧན་ཧོང་ཡིན་ན། ཁོང་བོད་རིགས་ཀྱང་རེད། ཁོང་ཕྱི་ལོ་༡༩༧༡ལོར་གཞིས་ཀ་རྩེ་རུ་སྐྱེས་ཤིང་། ཁོང་གི་ཨ་མ་བོད་རིགས་དང་ཨ་ཕ་རྒྱ་རིགས་རེད། ཁོང་གི་བོད་མིང་ལ་སྐལ་བཟང་སྒྲོལ་མ་ཞུ་གི་འདུག
༣)
ངེད་ཀྱི་ངོ་ཤེས་བོད་རིགས་མཁས་པ་ཞིག་ཕྱི་ལོ་ཉིས་སྟོང་དགུ་ཡས་མས་སུ་ཕ་ཡུལ་ཨ་མདོར་བསྐྱོད་ཅིང་། ཨ་མདོ་གཅན་ཚའི་མདའ་སྟོན་ཞིག་གི་སྟེང་དུ་ཡག་དུང་ལ་ཐུག་ཞིང་ཁོང་ཚོ་སྐོར་ཞིག་གིས་མཉམ་དུ་ཟ་མ་ཟས་བ་ཡིན་ཟེར། དེའི་སྐབས་སུ། མགྲོན་པོ་རེ་གཉིས་ཀྱིས་རྒྱ་སྐད་བཤད་པ་ལ་ཡག་དུང་གིས་མ་དགའ་བའི་རྣམ་འགྱུར་བསྟན་ཅིང་། ཁོང་ཚོར། “དེ་རིང་གཅིག་པོ་ང་ཚོས་བོད་སྐད་གཙང་མ་ཞིག་རྒྱག རྒྱ་སྐད་འདི་རྟག་ཏུ་གོ་གོ་རྐྱེན་གྱིས་ངའི་རྣ་ཡང་ན་གི་འདུག་”ཞེས་ལབ་སོང་ཟེར།
༤)
ང་སྒེར་གྱི་ཚོར་སྣང་ལ། ཉེ་བའི་ལོ་ཤས་གོང་ནས། ཡག་དུང་གི་བོད་གཞས་ཁག་གི་གླུ་ཚིག་སྐྱོ་རུ་འགྲོ་གིན་འདུག བོད་ཀྱི་གླུ་ཚིག་འབྲི་མཁན་གྲགས་ཅན་སྨན་བླ་སྐྱབས་དང་འབྲུག་ལྷ་རྒྱལ། བློ་བཟང་རིན་ཆེན། ཅོ་ནེ་ཡུམ་ཚེ་རིང་སོགས་ཀྱིས་ཡག་དུང་ལ་གླུ་ཚིག་ཡག་པོ་རེ་འབྲི་ཐུབ་ནའང་བསམ།
དྲང་པོར་བཤད་ན་བོད་ཀྱི་གླུ་བ་གླུ་མ་དེ་ཚོ་ལ་བླ་མ་རྒྱུ་ཆེན་དེ་ཚོས་རང་རང་ལ་བསྟོད་གླུ་ལེན་བཅུག་ནས་ཁོང་ཚོ་རང་ཚུགས་མི་ཐུབ་པ་བཟོས་ཡོང་གི་འདུག ཡ་དུང་ཡང་བསླུ་བྲིད་དེ་ཚོའི་འོག་ལ་ཚུད་གྲབས་རེད། ཁག་ནི་མི་འདུག དངུལ་ལ་ཐུག་ཡོད་པ་རེད། ཡ་ཏུང་གི་ལོ་རྒྱུས་ཅུང་རིང་པོ་ཞིག་སྔོན་མ་གངས་དཀར་རི་བོ་ཡིན་དུས་དེབ་ཅིག་གི་སྟེང་ནས་ཀྱང་མཐོང་མྱོང་། ད་ཡ་དུང་གི་མིང་གི་ཐད་ལ་རྩོད་པ་མ་རྒྱག ཁོ་རང་ལ་དྲིས་ན་གསལ་པོ་ཡོད་རྒྱུ་རེད།
མཐོང་སྒང་གི་གླུ་བ་ཡག་དུང་གི་སྐོར་ལ་མཚམས་སྦྱོར་བྱེད་པ་བཀའ་དྲིན་ཆེ།
ང་ཚོའི་བོད་པ་ཚང་ལ་ཡོད་པའི་གཞས་པ་གཞས་མ། དེ་བཞིན་གྲངས་ཅན་སུ་ཡིན་ཡང་ཁོང་ཚོའི་ལོ་རྒྱུས་ཆ་ཚང་མ་བྱུང་ཡང་། མདོར་བསྡུས་ཙམ་ཤཻས་དགོས་པ་གལ་ཆེན་པོ་ཡིན་མོད།
དེ་ལས་གལ་ཆེ་བ་ནི་ཁོང་ཚོའི་བདེ་འཇགས་རེད། ང་ཚོས་ཁོང་རྣམ་པའི་ལོ་རྒྱུས་ཡིག་ཐོག་ཏུ་བྲིས་པའམ་ཡང་ན་འབྲེལ་བརྗོད་བྱས་པ་སོགས་གང་བྱས་ཀྱང་དང་ཐོག་ཁོང་ཚོའི་བདེ་འཇགས་ལ་འགན་འཁུར་དགོས་་་་་དཔེན་ན་་་་་གོང་ལ་གཞས་པ་ཡག་དུང་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་གནང་ཡོད་པ་རེད་་་་དཔེ་མི་སྲིད་ཡག་པོ་རེད་་་་་ཡིན་ནའི་ཁོང་གི་ལོ་རྒྱུས་འབྲེལ་བརྗོད་ཡག་པོ་ཞིག་གནང་གིན་གནང་གིན་་ཡང་ཆབ་སྲིད་དང་འབྲེལ་བའི་སྐོར་གླེང་ན་ཡག་པོ་མ་རེད་དྲན་་་་་་་་(་ཡག་དུང་གིས་མི་རིགས་ལ་ལ་རྒྱ་དང་ལྡན་པའི་གཞས་གཏོང་བ་ལས་རྒྱ་ནག་གུང་ཁྲན་ལ་སྟོད་གླུ་གཅིག་ཀྱང་མེད་ཟེར)
(གཞས་པ་གྲགས་ཅན་ཡག་དུང་ཁོང་གིས་རྒྱ་སྐད་ཐོག་བཏང་བའི་གླུ་གཞས་ཡོངས་རྫོགས་ཕོ་མོའི་བརྩེ་དུང་སྐོར་འགའ་ཤས་མ་གཏོགས། བོད་ཀྱི་ས་ཆ་དང་། རིག་གཞུང་། མི་རིགས་ཀྱི་འཚོ་བ་དང་གོམས་གཤིས། ལོ་རྒྱུས། ལ་རྒྱ་བཅས་ཡིན་པ་ལས་རྒྱ་གུང་ཁྲན་ལ་བསྟོད་པ་གཅིག་ཀྱང་མེད།
གླུ་པ་འདིས་བོད་ཀྱི་ཕོ་རྒོད་ཚོའི་དཔའ་མཛངས་དང་། སྐྱེས་མ་ཚོའི་བརྩེ་དུང་དང་མཛེས་མཛངས་སོགས་བརྗོད་ཚིག་ཅན་གྱི་གླུ་གཞས་སྔ་ཕྱི་དུ་མ་བཏང་པས། རྒྱ་མི་རིགས་ཚོའི་བོད་མི་རིགས་ལ་མཐོང་ཆུང་དང་བརྙས་བཅོས་བྱ་འོས་པ་ཞིག་རེད་མི་འདུག་སྙམ་པའི་བག་ཆགས་ཟབ་མོ་ཞིག་བསྐྲུན་ཡོད།)
གཞས་པ་ཞིག་གི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་བྱེད་བཞིན་པའི་སྐབས་ཡང་ཆབ་སྲིད་གནད་དོན་དུ་འཁྲིད་ན་ཕན་ལས་གནོད་ཆེ་བ་མེད་དམ་སྙམ་་་་ཡང་སྐྱར་དཔེ་མཚོན་ཞིག་ཞུས་ན།་་ང་ཚོ་ཕྱི་ཕྱོགས་སུ་ཡོད་པའི་བོད་པ་ཚོས་་་་བོད་ནང་གི་བོད་མིར་དོ་ཁུར་དང་སེམས་འཚབ་ཡོད་མེད་ཐེ་ཚོམ་ཡིན་་་་་བོད་ནང་གི་གཞན་པ་ཞིག་གིས་གཞས་ཤིག་བཏང་ན་་་་ཡང་ང་ཚོས་གཞས་ཀྱི་ཚིག་ཡག་ཚུལ་་་མི་རིགས་ཀྱི་ལ་རྒྱ་ལྡན་ཚུལ་སོགས་འབྲེལ་བརྗོད་ལུང་པ་གང་བྱེད་ཀྱི་རེད་་་་་དེ་རྗེས་རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་རེད་་་་ཉེན་རྟོག་པ་རེད་་་་ཁོང་ཚོས་གཞས་པ་དེར་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་རེད་་་་་སྡུག་ཉེན་ན་་་་བཙོན་འཇུག་་ལ་འགྲོ་ཡས་ཉེན་ཁ་ཡོད་།་་་་ཡང་རྩོམ་པ་པོ་ཞིག་གིས་རྩོམ་ཞིག་འབྲིས་ཡོད་ན་གོང་བརྗོད་ནང་བཞིན་འགྲེལ་བརྗོད་བྱེད་ཀྱི་རེད་་་གང་ལྟར་གནད་དོན་དེ་འདྲས་ཀྱི་རྐྱེན་པས་བོད་ནང་གི་བོད་མི་མི་ཉུང་བ་ཞིག་ལ་དཀའ་ངལ་འཕྲད་པ་མཐོང་ཆོས་སུ་རེད།་་་་དེར་བརྟེན་ངས་བཤད་ཡས་འདོད་པ་ནི།བོད་ནང་གི་བོད་མིར་རྒྱག་དང་སྐམ།་སྨོམ་དང་ཕྲ་སོགས་འབྲེལ་བཤད་རྒྱག་དགོས་དོན་མིན་འདུག་་་་་་་་་གལ་སྲིད་ཁོང་ཚོའི་བདེ་འཇགས་སོགས་གང་གི་ཐད་འགན་འཁུར་ཐུབ་ཀྱི་ཡོད་ན་་་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་གང་བཤད་ཀྱང་ཇུས་ཏོག་མེད།
ཡག་དུང་དང་འབྲེལ་བའི་སྐད་ཆ་མང་པོ་ཞིག་བཤད་འདུག་ལྷག་པར་དུ་ཁོང་གི་མིང་འདོགས་སྐ྄ོར་སོགས་ཧ་ཅང་མང་པོ་གསུང་འདུག་འོན་ཀྱང་དགོས་ཆེན་པོ་མཐོང་མ་སོང་དྲང་མོ་བཤད་ན་གླུ་བ་དང་གླུ་མ་ཟེར་བ་དེ་སྤྱི་ཚོགས་ཤིག་དང་དུས་རབས་ཤིག་མཚོན་ཐུབ་པའི་ཅོང་བརྡ་དང་ལྷག་པར་དུ་མི་རིགས་རིག་གཞུང་སོགས་རུལ་སུངས་དུ་གྱུར་བའི་རུས་རྐང་གཙང་མ་ཞིག་དུ་སྨོས་མ་དགོས་བ་རེད་འོན་ཀྱང་ང་ཚོའི་གླུ་བ་གླུ་མ་དག་དེ་ལྡོག་དེ་རྒྱལ་སྤྱིའི་སྟེགས་བུ་གདེང་ཆའི་ཐོག་མིང་གི་ལྷག་མ་ཙམ་ཡོད་པའི་ཧ་ཧོང་རྒྱག་པ་མ་ལྟ་བུ་ལ་མཚོན་ན་རུས་རྐང་མི་གཙང་ཞིང་རིགས་ཞེན་གྱི་དྲི་ཙམ་ཡང་མེད་པའི་རང་ཉིད་ཀྱི་ལྟོ་རྒྱབ་ཁོ་ནའི་ཆེད་འདུར་རྒྱུག་བྱེད་པ་ལས་གཞན་གང་ཡང་མེད་ཡང་ཡག་དུང་དང་ཀུན་དགའ་ཤེར་བསྟན་སོགས་ལ་རུས་རྐང་གཙང་གྱང་རྒྱལ་སྤྱིའི་སྟེགས་བུའི་གདོང་ཆའི་སྣེ་ཙམ་ཡང་ཟིན་མི་ཐུབ་པའི་ལུང་པ་ཁུག་ཀྱོག་ཞིག་གི་མི་རྒན་ཁ་ཤས་ཀྱི་རྣ་རྒྱན་ལས་རྒྱལ་སྤྱིའི་རྣ་རྒྱན་དུ་རི་བོང་གི་རྭ་ཅོ་རེད་གླེང་རིན་མི་འདུག་གྲོགས་པོ་ཚོ།
གངས་ལྗོངས་གླུ་དབྱངས་ཀྱི་རྒྱལ་པོ་་་གླུ་པ་ཡག་དུང་གི་ལོ་རྒྱུས་སྐོར་མང་པོ་ཞིག་བྲིས་ནས་་་་ཁོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྐད་ཀྱི་གདངས་དང་འགྱུར་ཁུག་བཅས་ལ་དཔྱད་ནས་འགྲེལ་བརྗོད་གནང་ཐུབ་ན་ཡག་པོ་ཡོད་ས་རེད་་་་་་གུས་པས་ནི་དེའི་སྐོར་ཤེས་ཀྱི་མེད།
ཡིན་ནའང་་་་ཁོང་གི་མིང་གཞན་་་་་་སྐྱེས་མིང་་་་་ཉི་མ་ཚེ་རིང་ཡིན་པ་དེ་ད་རེ་གཞི་ནས་ཧ་གོ་སོང་་་་་དེ་ལ་ཐུགས་རྗེ་ཆེ་ཞུ་ཡ་ཡིན།།
ང་ཡི་དགའ་ཤོས་བྱེད་ས་བོད་ཀྱི་གླུ་པ་་་་་་ཡར་དུང་དང་། གླུ་མ་་་་་འཕྱོངས་ཤོལ་སྒྲོལ་མ་ཡིན།།
ཡག་དུང་མ་རེད། ཡོག་གཏོང་རེད། ཡོག་ཅིག་བཏང་ན་རྒྱལ་ཁམས་དཀྲོག་ལེ་རེད།
ཡ་དོང་མ་རེད། ཡུལ་དུང་རེད། ཨ་མ་དུང་རབས་ལང་ན་སྙན་ནི་རེད།
་་་་ དཔེར་ན། ཕོའི་མིང་ལ། ཡག་དཀར། ཡག་དགའ། ཡག་རིལ། ཡག་ཕྱུག་སོགས་དང་། མོའི་མིང་ལ། ཡག་ལྷ། ཡག་སྐྱིད། ཡག་འཛོམས། ཡག་མཚོ། ཡག་མཛེས་སོགས་འདོགས་ལུགས་མང་། དུང་༽འདི་མགོར་ཡོད་པའི་མིང་ཡང་དུ་མ་ཡོད། དུང་མཚོ། དུང་ཡག དུང་སྐྱིད། དུང་མཛེས་སོགས་གོང་འོག་གི་བུ་དང་བུ་མོའི་མིང་འདི་ཚོར་དཔགས་ན་༼ཡག་དུང་༽ནི་གླུ་པ་ཉི་མ་ཚེ་རིང་གི་བྱིས་དུས་ཀྱི་གཅེས་མིང་ཡིན་པར་འཁྲུལ་མེད་དུ་ཤེས་ནུས། ་་་་་་ཟེར།
་་་་་་ (གཞས་པ་གྲགས་ཅན་ཡག་དུང་ཁོང་གིས་རྒྱ་སྐད་ཐོག་བཏང་བའི་གླུ་གཞས་ཡོངས་རྫོགས་ཕོ་མོའི་བརྩེ་དུང་སྐོར་འགའ་ཤས་མ་གཏོགས། བོད་ཀྱི་ས་ཆ་དང་། རིག་གཞུང་། མི་རིགས་ཀྱི་འཚོ་བ་དང་གོམས་གཤིས། ལོ་རྒྱུས། ལ་རྒྱ་བཅས་ཡིན་པ་ལས་རྒྱ་གུང་ཁྲན་ལ་བསྟོད་པ་གཅིག་ཀྱང་མེད།
གླུ་པ་འདིས་བོད་ཀྱི་ཕོ་རྒོད་ཚོའི་དཔའ་མཛངས་དང་། སྐྱེས་མ་ཚོའི་བརྩེ་དུང་དང་མཛེས་མཛངས་སོགས་བརྗོད་ཚིག་ཅན་གྱི་གླུ་གཞས་སྔ་ཕྱི་དུ་མ་བཏང་པས། རྒྱ་མི་རིགས་ཚོའི་བོད་མི་རིགས་ལ་མཐོང་ཆུང་དང་བརྙས་བཅོས་བྱ་འོས་པ་ཞིག་རེད་མི་འདུག་སྙམ་པའི་བག་ཆགས་ཟབ་མོ་ཞིག་བསྐྲུན་ཡོད།)་་་་་་་ཟེར།
向往神鹰ལ་གསེར་རྟགས་ཐོབ་དགོས་པའི་རྒྱུ་རྐྱེན་དེ་ང་ཚོས་གླུ་ཚིག་དེ་ལ་ཡག་པོ་བྱས་ནས་བལྟས་ན་ཤེས་ཐུབ་པ་ཡིན། ཆབ་སྲིད་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་རེད། མའོ་ཙེ་ཏུང་གི་དགོངས་པ་ལྟར་ཆབ་སྲིད་ཨང་དང་པོར་བཞག་ཚེ་གཞས་དེ་ལ་ཨང་དང་པོ་མ་ཐོབ་ས་མི་འགྲོ་བ་ཞིག་ཡིན།
མའོ་ཙེ་ཏུང་གི་དགོངས་པ་ལྟར་ཆབ་སྲིད་ལྟར་མིན་པར། མའོ་ཙེ་ཏུང་གི་གདུག་རྩུབ་ལྟར་ཞེས་འབྲི་དགོས།
གླུ་བ་ཡར་དུང་ནི་མི་བུ་རང་ཚུགས་ཡོད་མཁན་ཞིག་ཏུ་མཐོང་། དེ་སྔ་ཁོས་བླངས་བླངས་པའི་གླུ་གཞས་ཁྲོད་ལས་ཤེར་བསྟན་གྱི་གླུ་ལྟར་མངོན་གསལ་ཆེ་བའི་ཆབ་སྲིད་ཀྱི་གླུ་ཚིག་རྣོན་པོ་མེད་ལ་”རྒྱ་བོད་གཉིས་ཀ་ཨ་མ་གཅིག་གི་བུ་ཕྲུག་རེད་ཨ་མའི་མིང་ལ་ཀྲུང་གོ་ཟེར”་ཞེས་པ་ལྟ་བུའང་མེད།
ཤིང་རྟ་ལགས་ཀྱིས་ཡག་དུང་གི་ལོ་རྒྱུས་ངོ་སྤྲོད་ཡག་པོ་གནང་འདུག ཡག་དུང་གི་མིང་གི་ཐད་བཤད་ཚུལ་མི་འདྲ་བ་མང་པོ་འདུག་ཀྱང་། གཅེས་མིང་དང་ཡུལ་སྲོལ་སོགས་ནས་དཔག་པའི་ཡག་དུང་སྒྲུབ་ཚུལ་དེ་
། གླུ་བ་ཡག་དུང་དང་ཁོང་ཉིད་ཀྱི་ཨ་མ་ཕུད་ཤུལ་ཁུང་ཡག་ཤོས་དེ་ཡིན་རྒྱུ་རེད་དྲན། གཞན་པའི་ཚོད་དཔག་ཁག་ལ་སྒྲུབ་བྱ་མཇལ་བའི་ནུས་པ་དེ་ཙམ་ཡོད་ཟོ་མངོན།