ཁྲི་རལ་པ་ཅན།།
སྤྱི་ལོ་༢༠༡༢ ལོར་འཛམ་གླིང་དཀྱིལ་ཤར་གྱི་ཡུལ་ཨི་ཟི་རལ་ནང་གནས་སྡོད། ན་གཞོན་རྩོམ་པ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་བབ་ཞི་འཇམ་དང་བོད་མི་རིགས་ལ་མིང་དོན་མཚུངས་བའི་རང་སྐྱོང་གནས་བབ་ཅིག་ཡོང་རྒྱུ། ༧གོང་ས་སྐྱབས་མགོན་ཆེན་པོ་བོད་ནང་ཆིབས་བསྒྱུར་བཅས་སུ་དམིགས་ཏེ། ལོ་དེའི་གསུམ་བཅུའི་དུས་དྲན་ནས་བཟུང་རང་གི་བཟའ་ཟླ་བུ་ཕྲུག་དང་བཅས་པར་ཁྲིམས་ཐོག་ནས་ཁ་བྲལ་གྱིས། རྒྱ་གར་རྡ་ས་ནས་བོད་ནང་དུ་མ་ཤི་བར་ཞི་བའི་བགྲོད་འགོ་བཙུགས་ཡོད་ཅིང་། ཁོང་གིས་བཙན་བྱོལ་བོད་མི་ཚོར་འབོད་སྐུལ་ཇི་ཙམ་བྱས་མིན་ལ་མ་ལྟོས་པར། ལས་འགུལ་དངོས་གཞིའི་ནང་ཁོ་རང་གི་ཨ་མ་ལྡོམ་པོ་སྐྱིད་དང་སྲིང་མོ་ཆུང་ཆུང་ལྷ་མོ་སྐྱིད་གཉིས་ལས་མཉམ་ཞུགས་པ་བྱུང་མེད། འོན་ཀྱང་། གཞུང་འབྲེལ་མིན་པའི་ཚོགས་པ་དང་མི་སྒེར་ཧ་ཅང་མང་པོ་ཞིག་གིས་ཁོ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད། སྒོར་མོས་ཞལ་འདེབས་བཅས་གནང་ཡོད་པ་ཁོའི་ཟིན་ཐོ་ཁག་ནང་གསལ།
གང་ལྟར། ཁོང་གིས་གོམ་བགྲོད་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་སྐབས། གླིང་ཚ་ལགས་ཀྱིས་བོད་དང་རྒྱ་གར། བལ་བོ་བཅས་ཀྱི་རྒྱལ་དར་ཁག་དང་ལྷན། རྒྱ་ནག་གི་སྐར་ལྔའི་དར་དམར་ཀྱང་ཁུར་ཡོད་པར་བཙན་བྱོལ་སྤྱི་ཚོགས་ནང་སྦིར་གྲགས་དང་དོགས་འདྲོགས་ཆེན་པོ་བསླངས་ཡོད་པ་མ་ཟད། ནམ་རྒྱུན་ནས་བཙན་བྱོལ་ནང་དམིགས་ཡུལ་འདྲ་མིན་འཁུར་མཁན་སྲིད་དོན་པ་ཁག་གིས་སྤྱི་ཚོགས་ནང་དཀྲོག་གཏམ་དང་གླེང་ཕྱོགས་འདྲ་མིན་ཆེད་བཟོས་ཀྱིས། དབུ་མའི་ལམ་ལས་འགུལ་ཁང་དང་ཨ་མདོ་རྒྱུན་ལས། ཨ་མདོའི་མི་སྒེར་ཁག་ཅིག་གི་རྒྱབ་སྐྱོར་ཙམ་མ་གཏོགས། ཧ་ལམ་བཙན་བྱོལ་བོད་མི་མང་ཤོས་ཀྱིས་གླིང་ཚ་ལགས་ནི་སོ་སོའི་རྒྱལ་ཁབ་བཙོང་མཁན་དང་དགྲ་ལ་སྤྲེལ་ལད་འཁྲབ་པོ། ད་སྔ་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཅིག་ལ་ངོས་འཛིན་བྱས་ཏེ། མཐོ་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་དང་དམའ་མི་དཀྱུས་ཚོས་ཇ་ཁང་ཆང་ཁང་ནང་ཚུན་དུ། ཁོ་ལ་ངན་དམོད་མཚང་འབྲུ་བྱེད་བཞིན་པ་དང་ལྷན།གླིང་ཚའི་ཨ་མ་ལྡོམ་པོ་སྐྱིད་ལ་བཅར་འདྲི་ཅིག་གི་སྐབས། ཨ་མ་ལགས་ཀྱིས་གསུངས་ན། གླིང་ཚ་ལགས་ཀྱིས་ད་ལོ་གོམ་བགྲོད་གཉིས་པ་འགོ་མ་བཙུགས་སྔོན་ཙམ་ལ། ཉིན་རྟག་པར་བོད་མི་སྣ་ཚོགས་ཀྱིས་གླིང་ཚ་ལ་ཁ་པར་གྱི་ལམ་ནས། ད་ལྟ་རང་ས་ཆ་འདི་འདྲ་ཅིག་ལ་ཤོག་དང་གསོད་རྒྱུ་ཡིན། ཉེས་རྡུང་གཏོང་རྒྱུ་ཡིན། ཡང་ན་རྒྱལ་བཙོང་རྒྱ་དགའ་སོགས་ཀྱི་འཇིགས་སྐུལ་རྒྱུན་ཆད་མེད་པར་བཏང་བ་གསུངས་ཡོད་ཅིང་།
ལས་འགུལ་དང་པོའི་སྐབས་ནས་གླིང་ཚས་ཐོག་མར་རྒྱལ་ས་ལྡི་ལི་གསར་པར་རྒྱ་ནག་གི་དར་དམར་འཛིན་དགོས་དོན་གསལ་བཤད་ནང་དུ། ༼ཁོང་གིས་རྒྱ་དར་འཛིན་དོན་ནི་བོད་དེ་ལོ་རྒྱུས་སྟེང་ནས་རྒྱ་ཁོངས་ཡིན་པར་ནམ་ཡང་བཤད་ཀྱི་མེད། འོན་ཀྱང་། རྒྱ་ནག་གཞུང་གིས་བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་གནས་བབ་ཅིག་སྤྲད་པ་ཡིན་ན། འབྱུང་འགྱུར་བོད་མི་རྣམས་ཁ་ཞེ་གཉིས་མེད་ངང་རྒྱ་ནག་འོག་སྡོད་རྒྱུའི་མོས་མཐུན་མཚོན་ཆེད་ཡིན་པ་༽གསལ་བཤད་གནང་ཡོད་ལ། གླིང་ཚས་སོ་སོར་འཇིགས་སྐུལ་བྱེད་མཁན་བོད་མི་ཚོར་ཁོང་ཁྲོ་དང་ཞེ་སྡང་། རང་ཉིད་ནས་མི་རིགས་ཀྱི་དོན་དུ་དཀའ་ལས་བརྒྱབས་པར་ཡུས་ཅུང་ཟད་ཀྱང་མེད་པའི་སྒོ་ནས། གླིང་ཚ་ལགས་ཀྱིས་གསར་འགོད་འདུ་འཛོམས་ཤིག་གི་སར་གསུངས་ན། ༼ང་རང་གིས་དམིགས་ཡུལ་ངེས་ཅན་དང་ཆོད་སེམས་བརྟན་པོའི་ངང་བོད་དོན་དུ་ལས་འགུལ་སྤེལ་བཞིན་པར། བོད་མི་སྤུན་གྲོགས་འགས་མ་འདོད་པར་གཅར་རྡུང་བྱས་ཀྱང་ཡ་ལན་མི་སློག་ལ། ཐ་ན་བསད་བཞག་རུང་འགྱོད་སེམས་དང་ཞེ་སྡང་མེད་པ་༽བཤད་སོང་།
གནས་ཚུལ་འདིའི་སྟེང་ནས་གླིང་ཚ་ལ་ཕྱི་ལྟར་དུ་བོད་ནང་བསྐྱོད་རྒྱུར་བཀག་འགོག་དང་ཚ་བའི་ནང་གོམ་བགྲོད་ཀྱི་དཀའ་ངལ། ནང་དུ་བོད་མིའི་སྤྱི་ཚོགས་ནས་གྲིབ་མ་འདྲེར་ལངས་ཀྱི་དཀའ་ཁག་ཇི་ཙམ་ཡོད་མིན་ལ་མ་ལྟོས་པར། ཁོ་རང་རང་གཤིས་བརྟན་པོ་དང་ཨུ་ཚུགས་ཆེན་པོ། ཆོད་སེམས་དང་འཚེ་མེད་ཀྱི་ལངས་ཕྱོགས་ལ་འགྱུར་བ་མེད་པ་དེས། དཀའ་སྡུག་གི་འཐབ་རྩོད་ཀློང་ནས་ཁོང་ནི་དེང་རབས་བོད་ཀྱི་གྷནྔྷེ་ཆུང་ཆུང་ཡིན་པ་ར་སྤྲོད་བྱས་ཡོད་པ་རེད།ཡིན་ནའང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དཀྲོག་གཏམ་ཕུང་དཀྲོལ་བཟོ་བའི་རྒྱལ་ཁབ་འདྲ་མིན་གྱི་སོ་བ་མང་བ་དང་། རང་ཁེ་གཡོ་སྲུང་བྱེད་པའི་སྒྱུ་མ་མཁན་མང་བ། དེའི་བར་དོན་མ་རྟོགས་པ་མང་པོ་ཅིག་ལ་རང་བཙན་དང་དབུ་ལམ་གྱི་ལྟ་བའི་འཐབ་རྩོད་ཆེ་བ། བོད་མི་བྱིངས་ལ་ཤེས་ཡོན་དང་ཆབ་སྲིད་ཀྱི་གོ་རྟོགས་ཧ་ཅང་དམན་པ་སོགས་ནི། གཟུར་གནས་ཚོར་མཐོང་བ་མངོན་གྱུར་ལ་སོང་། ཕྱིའི་སྣང་ཚུལ་ཙམ་དུ་རྒྱ་ནག་གི་དར་ཆ་འཕྱར་ཏེ་འཐབ་རྩོད་ཀྱི་རྣམ་པ་འགྱུར་ཙམ་ལས། གནས་ཚུལ་དངོས་སུ་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་དྲི་མ་མེད་པར། བཙན་བྱོལ་བོད་མི་བརྒྱ་ཆ་དྲུག་ཅུ་བརྒལ་བས་འོས་འདེམས་རྒྱབ་སྐྱོར་བྱས། བོད་མི་མང་སྤྱི་ལྷན་གྱིས་སྤྱི་མོས་གཏན་འབེབས་བྱས་ཏེ་བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་ལངས་ཕྱོགས། བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཞིག་རྒྱ་ནག་གཞུང་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཡོང་ཆེད། གླིང་ཚས་ཞི་བའི་གོམ་བགྲོད་བྱས་པར། དེ་ལ་འདྲེ་ཤར་སྒོ་ན་ཡོད་པར་གླུད་ནུབ་སྒོར་བརྫངས་བའི་དཔེ་ལྟར།བཙན་བྱོལ་བོད་མི་ཚོས་དགྲ་དགའ་གཉེན་སྡུག་གི་བར་ཆད་མང་པོ་བརྩམས་ཡོད་པ་རེད།
དཔེར་ན། བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་དང་བོད་རང་བཙན་གྱི་ལྟ་བ་འཛིན་མཁན་གཞོན་ནུ་ལྷན་ཚོགས་ཀྱིས། ཕྱི་ལོ་༢༠༡༢ ཟླ་༥ བའི་ཚེས་༤ ཉིན་གླིང་ཚར་རྒོལ་གཏམ་སྤེལ་བའི་ནང་། ༼ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྡ་ས་ནས་བོད་བར་གོམ་བགྲོད་ཁྲོད། དགྲ་བོ་རྒྱ་དམར་གྱི་རྒྱལ་དར་ཁྱེར་ནས་འགྲོ་བ་དེ་ནི་བཙན་བྱོལ་བོད་མིའི་མི་ལོ་༥༣ལོ་རྒྱུས་ནང་ཐེངས་མ་དང་པོ་ཆགས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ནག་ཐིག་ཆེན་པོ་ཞིག་བཟོས་ཡོད་པ་རེད།ད་ཆ་ཁོང་ཚོས་ལས་འགུལ་སྐབས་དགྲ་བོ་རྒྱ་དམར་གྱི་རྒྱལ་དར་འཕྱར་བ་ནི། བློ་ཡུལ་ལ་མི་ཤོང་བའི་བློ་ཕམ་གྱི་བྱ་སྤྱོད་ཅིག་ཡིན་སྟབས། བོད་ཀྱི་གཞོན་ནུས་མཐའ་གཅིག་ཏུ་ངོ་རྒོལ་དང་བློ་ཕམ་ཆེན་པོ་ཡོད་༽ཅེས་དང་། ཡང་དེའི་ནང་གཞོན་ལྷན་རང་ཉིད་ཀྱི་ལས་འགུལ་སྤེལ་ཕྱོགས་ཐབས་ཇུས་གསལ་སྟོན་བྱས་པ་ནི། ༼གཞོན་ལྷན་གྱིས་གནད་འགག་ཆེ་བའི་ལས་འགུལ་ཁག་ནང་མུ་མཐུད་རྒྱ་དམར་གྱི་རྒྱལ་དར་མེར་བསྲེགས་གཏོང་རྒྱུ་ཡིན། དེ་ནི་ལོ་རྒྱུས་སྲུང་སྐྱོབ་དང་འཐབ་རྩོད་གསོན་གནས་ཡོང་ཆེད་ཡིན།
གལ་ཏེ་ང་ཚོས་དགྲ་བོའི་འདོད་འདུན་ཁོ་ནར་བསྟུན་ཏེ་རྒྱ་དཔོན་ཚོར་ངོ་རྒོལ་མི་བྱེད་པ་དང་། དར་དམར་མེར་བསྲེགས་མ་བཏང་བར་རྒྱ་དར་ཁྱེར་བ་སྣང་མེད་དུ་བཞག་ན། ནམ་ཞིག་སྐབས་འཚོལ་བ་དང་དགྲ་བོའི་རྒྱུགས་ཁྱི་ཚོས་ལམ་དབུ་མར་ཁག་དཀྲིས་ཏེ། འཐབ་རྩོད་ཀྱི་ནུས་པ་རྩ་མེད་འགྲོ་ཉེན་ཡོད་སྟབས། ཁོང་མ་བུ་གསུམ་གྱི་བྱེད་སྟངས་དེར་ངོ་རྒོལ་བྱ་རྒྱུ་མ་ཟད། མ་འོངས་པར་མི་སྒེར་དང་ཚོགས་པ་གང་རུང་གིས་ལས་འགུལ་འདིའི་རིགས་སྤེལ་ཚེ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན༽ཞེས་གླིང་ཚ་མ་བུ་གསུམ་ལ་རྒོལ་གཏམ་ཚ་ནན་སྤེལ་ཏེ་སྤྱི་ཚོགས་ནང་མཐོང་ཚུལ་ངན་པ་བཟོས་ནས། ལས་འགུལ་དེ་མེ་སྟག་ཕུ་ཐུང་ནང་གསོད་རྩིས་བྱས་ཡོད་ནའང་། གླིང་ཚ་མ་བུ་གསུམ་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་བར་བསྐྱོད་དེ། བལ་བོ་ཉེན་རྟོག་པ་ཚོས་མཚན་གང་བོར་མ་བུ་གསུམ་ཆར་གཅར་རྡུང་ཚད་མེད་བཏང་སྟེ་ཕྱིར་ཕུད་བྱས་རྐྱེན། གླིང་ཚ་ལགས་འུ་ཐུག་ཐབས་ཟད་ཀྱིས་བལ་ཡུལ་ནང་གཅིག་པུར་བྲོས་བྱོལ་གྱིས་འཛུལ་ནས་གོམ་བགྲོད་བྱས་མཐར། བལ་བོ་ཉེན་རྟོག་པས་འཛིན་བཟུང་གིས་ཁོ་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་མོད།
བལ་ཡུལ་མདོ་སྨད་རྒྱུན་ལས་སོགས་ཀྱིས་ཡུན་རིང་འབད་བརྩོན་ཐབས་འཚོལ་གྱི་འབྲས་བུར། ཕྱི་ལོ་༢༠༡༣ཟླ་༣པའི་ཚེས་༡༠སྔོན་དུ་ཁོང་ཡང་བསྐྱར་རྒྱ་གར་རྡ་སར་གོམ་བགྲོད་འགོ་འཛུགས་དུ་ཕེབས་ཐུབ་ཡོད་རུང་། བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་སྙན་གྲགས་ཆེ་ཤོས་ཁག་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ཆབ་སྲིད་བཙོན་ཟུར་ཚོགས་པ་དང་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ནས། ལམ་སེང་འཐབ་རྒོལ་གྱི་མདུང་རྩེ་གླིང་ཚར་གཏད་དེ། གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་། ༼ཁོང་ཚོ་ཕྱི་ལོ་༢༠༡༣གསུམ་བཅུ་དུས་དྲན་གྱི་སྐད་འབོད་ལས་འགུལ་གོ་སྒྲིག་བྱེད་མཁན་གྱི་ངོས་ནས། དུས་དྲན་ཚེ་སུས་ཀྱང་རྒྱ་ནག་གི་དར་དམར་འཕྱར་མི་ཆོག་པ་དང་། གལ་ཏེ་འཕྱར་མཁན་བྱུང་ན་ཟིང་ཆ་འཁྲུག་འཛིངས་རིགས་བྱུང་ངེས་ཅན་ཡིན་པ་དང་། དེ་ལ་ཁོང་ཚོས་འགན་ཁུར་མི་ལེན་ལུགས་སོགས་༽འཇིགས་སྐུལ་བྱས་རྐྱེན། གླིང་ཚ་ལགས་ནས་ཛ་དྲག་གཉན་འཕྲང་གི་དུས་འདིར་བོད་མི་ནང་ཁུལ་མཐུན་སྒྲིལ་ཡོང་རྒྱུ་དང་། ཕན་ཚུན་བར་དམ་སེལ་མི་ཡོང་རྒྱུ་གལ་གནད་ཆེ་ཤོས་སུ་དགོངས་ཏེ། རྒྱ་ནག་དར་ཆ་འཁུར་རྒྱུ་ཅམ་འཇོག་བྱས་པ་རེད་དེ། རང་ཚུགས་མེད་ལ་ཆུ་སྣ་གར་ཁྲིད་ཀྱི་བཙན་བྱོལ་བོད་མི་མང་པོ་ཅིག་ཚོགས་པ་ལྔ་སོགས་ཀྱི་ཧར་གཏམ་གྱི་རྗེས་སུ་འབྲངས་ནས། ས་ཡ་དྲུག་གི་བུ་རྒོད། ཞི་བདེའི་རྒྱལ་སྲས། བོད་ཀྱི་གྷནྔྷེ་ཆུང་ཆུང་གླིང་ཚ་ལགས། བོད་མིའི་སྤྱི་ཚོགས་ནང་ཁེར་རྐྱང་དུ་ལུས།ཁེར་རྐྱང་གི་ངང་བོད་མི་ས་ཡ་དྲུག་གི་རང་དབང་དང་བདེན་དོན་ཆེད་གོམ་བགྲོད་གནང་ཡོད།
ཁེར་རྐྱང་དུ་ལུས་པའི་གླིང་ཚ་ཁོང་ལ་རང་བཙན་ཁ་ལ་ཁྱེར་ཏེ་ཉམས་ལེན་ལག་ཐོག་མེད་པ་ཚོས་ཁ་རྡུང་ཕོག་ཙམ་མ་གཏོགས།བོད་མི་བསམ་ཡོད་ཚོས་ཁོ་ལ་གདེང་འཇོག་ཆེན་པོ་ཡོད་རེད། རང་དབང་ལུང་བའི་ནང་ཉི་མ་གཅིག་གཉིས་རེར། རྒྱ་མི་ཚོར་འཁོན་འཛིན་སྡང་ཟུག་གི་ལས་འགུལ་རིགས་སྤེལ་རྒྱུ་དང་བོད་ནང་གི་བོད་མིར་རེ་བ་སྟོང་པ་སྤྲོད་རྒྱུར་ཡིད་གཟབ་བྱེད་དགོས་པ་མ་གཏོགས། བོད་ནང་བོད་མི་མང་པོའི་ཚེ་སྲོག་ཆུད་ཟོས་སུ་འགྲོ་ཉེན་ཡོད་པ་དང་། ལྷག་པར་རྒྱ་དཔོན་ཚོར་ཕྱི་རྒྱལ་དུ་སེམས་ནང་ཕོག་ཐུག་ཆེན་པོ་བཏང་ན་བོད་ནང་དྲག་གནོན་གྱི་ཉེན་ཁ་ཡོད་པ་རེད། ཕྱིས་སུ་ཞི་འཇམ་གྱི་ལས་འགུལ་སྤེལ་དགོས་པ་སོགས། ༧གོང་ས་སྐྱབས་མགོན་ཆེན་པོས་ཨ་རིའི་ནང་གསུངས་ཡོད་པ་ཀུན་གླེང་ལས་རིམ་སོགས་སུ་བསྟན་ཡོད།
དེ་བཞིན་མཁས་དབང་ཟམ་གདོང་རིན་པོ་ཆེས་ཀྱང་གླིང་ཚའི་ལས་འགུལ་དང་ཁོང་ལ་རྒོལ་མཁན་གཉིས་ཀར་བསྡོམས་བཀོད་པ་ནི། ཕྱི་ལོ་༢༠༡༢ ཟླ་༤ ཚེས་༡༢ ཉིན་དབུ་མའི་ལམ་གྱི་འཚོགས་ཆེན་སྟེང་། ཟམ་གདོང་རིན་པོ་ཆེས་༼རྒྱ་མིའི་རྒྱལ་དར་ཁྱེར་འགྲོ་བཞིན་འདུག་ཟེར་བ་ངས་དེ་རིང་གསར་དུ་གོ་ཐོས་བྱུང་། རྒྱ་ནག་རྒྱལ་དར་མེར་བསྲེགས་གཏོང་བ་དེ་ང་རང་བཀའ་ཤག་ནང་ཡོད་སྐབས་ཀྱང་ཡག་པོ་མ་རེད་ཅེས་ལབ་མྱོང་། ད་ལྟ་ཡང་དེ་ག་རང་ཡིན། ང་ཚོས་ཁ་གཏད་བྱེད་སྐབས་མི་རིགས་ཤིག་གི་བརྩི་མཐོང་དང་མཚོན་རྟགས་ཡིན་པ་ཞིག་ལ་དམའ་འབེབས་བཏང་ན། འཚེ་མེད་ཞི་བའི་ལམ་དང་མཐུན་གྱི་མེད་པ་མ་ཟད། བྱེད་སྟངས་དེས་ང་ཚོའི་འཐབ་རྩོད་གནས་ཚད་དམའ་སར་ལྷུང་འགྲོ་ཡི་ཡོད་པ་རེད། དེ་ནི་མི་དཀྱུས་མ་ཞིག་འཁྲུག་པ་བརྒྱབ་པའི་བཟོ་འདྲ་བོ་ཙམ་ལས། མི་རིགས་དང་རྒྱལ་ཁབ་བར་གྱི་འཐབ་རྩོད་རྣམ་པ་ཅིག་སྟོན་ཐུབ་ཀྱི་མེད། ང་ཚོས་རྒྱ་ནག་རྒྱལ་དར་བསྒྲེངས་དགོས་རེད་ཟེར་གྱི་མེད། རྒྱ་ནག་རྒྱལ་དར་མེར་བསྲེགས་གཏོང་བ་དང་རྡོག་བརྫིས་བཏང་ན། དེ་བཟང་སྤྱོད་དང་མཐུན་པ་ཅིག་ལ་ངོས་འཛིན་ཞུ་གི་མེད། གོམ་བགྲོད་ནང་ཞུགས་མཁན་ཁོང་རྣམ་པས་བོད་དང་རྒྱ་ནག་གི་རྒྱལ་དར་ཁྱེར་གྱི་ཡོད་ན། ང་རང་སྒེར་ངོས་ནས་དེ་ལ་ངོ་རྒོལ་བྱ་འདོད་གང་ཡང་མེད། ངས་བལྟས་ན་ཁོ་རང་ལ་རྒྱབ་ལྗོངས་ཀྱི་དགོངས་པ་བཞེས་སྟངས་ཤིག་ཏན་ཏན་ཡོད་རྒྱུ་རེད། ཁོའི་ཀུན་སློང་དེ་གསལ་བོ་མ་ཤེས་བར་ང་ཚོས་ཡག་སྡུག་བཤད་ས་འགྲོ་གི་མ་རེད་༽ཅེས་གསུངས་ཡོད་ལ།
འཇིག་རྟེན་གྱི་གཏམ་དཔེར། རྫུན་ཨབ་བྲ་གཉིས་ཀྱི་རྔ་མ་ཐུང་། ཟེར་བ་ལྟར། གླིང་ཚར་ནག་མེད་ཉེས་འགེལ་གྱི་ཞྭ་མོ་གཡོག་མཁན་གཙོ་གྲས། གཞོན་ནུ་ལྷན་ཚོགས་ལྟ་བུས་༧གོང་ས་སྐྱབས་མགོན་ཆེན་པོར་གཞི་མེད་སྐྱོན་འཛུགས་ཐེངས་མང་བྱས་པས། སྔ་ཕྱིར་༧གོང་ས་སྐྱབས་མགོན་ཆེན་པོས་མི་མང་ལ་བཀའ་སློབ་སྐབས་གཞོན་ནུས་ཁོང་ལ་ཐུགས་ཕམ་བཅུག་ཡོད་ལུགས་ཐེངས་འགར་གསུངས་དགོས་བྱུང་ཡོད་ཅིང་། ནམ་རྒྱུན་གནས་དུས་ཚོད་རྩིས་ཀྱིས་༧གོང་ས་ཆེན་པོར་སྐུར་འདེབས་སྐྱོན་འཛུགས་བྱེད་མཁན་དེ་ཚོ། གཞོན་ནུ་ལྷན་ཚོགས་རང་ནས་སོ་སོའི་གློ་སྙིང་བྲང་གསུམ་གཏོད་ཡུལ་ལམ་སྟོན་པ་ཡིན་ཚུལ་ཡོངས་བསྒྲགས་ལ་བརྟེན། ད་ལོ་གཞོན་ནུའི་འཚོགས་ཆེན་སྐབས་ནང་ཁུལ་འཆམ་མཐུན་མ་ཡོང་བར། ཐ་མར་ཨུ་ཐུག་སྟེ་༧རྒྱལ་བའི་སྐུ་ཚབ་ཀྱིས་མ་འདུམ་ན་གཞོན་ནུ་འཐོར་རྒྱུ་རེད་ཅེས། ཟམ་གདོང་རིན་པོ་ཆེ་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཀྱིས་བཀའ་གནང་དུས། གཞོན་ནུའི་བྱས་ཉེས་དང་༧རྒྱལ་བའི་ཐུགས་ཇི་ལྟར་དཀྲུགས་པ་རེ་རེ་བཞིན་བགྲངས་ཡོད་ཙང་། གཞོན་ནུ་ལྷན་ཚོགས་དཀར་ནག་ས་ཐོག་ཏུ་བུད་ཚར་བ་རེད།
གང་ལྟར་གླིང་ཚ་ལགས་ནས་བོད་མི་ནང་ཁུལ་གྱིས་ཁོང་གི་བྱས་པ་ཁྱད་བསོད་ལ་བཟོད་སྒོམ་དང་། ལམ་ཐག་རིང་བོའི་གོམ་བགྲོད་དཀའ་སྡུག་ལ་བཟོད་བསྲན། འབྱུང་འགྱུར་འཛིན་བཟུང་སོགས་རེ་དོགས་དང་ཉེན་ཁ། སེམས་ཁྲལ་ཡོད་ཚད་ཐེད་ལ་བོར་ནས། ཉིན་གྲངས་༨༩ རིང་སྤྱི་ལེ་ཉིས་སྟོང་ཆིག་བརྒྱ་བཞི་བཅུ་ཞེ་བརྒྱད་ལ་གོམ་བགྲོད་གནང་མཐར། ད་ལོ་ཕྱི་ཟླ་༦ པའི་ཚེས་༨ ཉིན་རྒྱ་གར་ནུབ་བྷང་གོལ་གྱི་ཀ་ལེམ་པོང་ས་གནས་སུ་གློ་བུར་བོར་བརླག་ཕྱིན་ཡོད་ལ། ཁོང་བོར་བརླག་མ་སོང་སྔོན་ཐ་མཇུག་གི་སྐད་ཆ་ཁོའི་གྲོགས་པོར་བཤད་པ་ནི༼ས་མཚམས་སུ་ད་ལྟ་ངེད་གཉིས་ཁ་གྱེས་དུས་ལ་སླེབས་སོང་། ཁྱེད་རང་ཡག་པོ་བྱས་ཏེ་ཕྱིར་རྡ་སར་སོང་། ད་ང་བོར་བརླག་ཏུ་འགྲོ་དུས་ལ་སླེབས་སོང་། ངེད་གཉིས་གྱེས་ཁར་ཁ་བརྡ་བྱེད་ཐུབ་མིན་མི་ཤེས་༽ཟེར།
མ་གཞི་གླིང་ཚ་ཁོང་ནི་ཕྱི་རྒྱལ་བུད་མེད་ཅིག་གི་ཁྱོ་ག་དང་ཕྲུ་གུ་གཉིས་ཀྱི་ཨ་ཕ་དཀྱུས་མ་ཙམ་རེད་མོད། ཁོའི་འགྱུར་མེད་ཀྱི་ཆོད་སེམས་དང་བློས་གཏོང་། ལྷག་བསམ་དང་བསམ་ཤེས། བོད་མིའི་བདེན་དོན་དུ་དཀའ་སྡུག་དེ་ཙམ་དང་ལེན་བྱེད་ཐུབ་པ་དེས། ད་ཆ་ཁོང་བོད་མིའི་འཐབ་རྩོད་ཀྱི་མིག་དཔེ་དང་ལམ་སྟོན་དུ་གྱུར་ཡོད།
ཁ་བཤད་ཆུ་ཡི་ཝུ་བ།། ལག་ལེན་གསེར་གྱི་ཐིགས་པ།། ཟེར་བ་དེས་གླིང་ཚའི་བདེན་དོན་ཁུངས་སྐྱེལ་གྱི་སྙིང་སྟོབས་ལ་གཟུར་དཔང་དང་། ཁོང་ལ་རྒོལ་མཁན་བོད་པ་ཚོའི་རྒྱལ་ཞེན་བཅོས་མའི་རྫུན་རྐུབ་རང་བཞིན་གྱིས་བརྡོལ་ཡོད་པ་རེད། རེད་དེ། བོད་མིའི་སྐྱིད་སྡུག་ཆེད་རང་གི་ཡོད་ཚད་བློས་གཏོང་གི་སྙིང་སྟོབས་ཅན། མ་ཤི་བར་དུ་ཞི་བའི་གོམ་བགྲོད་ཀྱི་དམ་བཅའ་བཞག་པའི་ཆོད་སེམས་ཅན། འཆི་བ་ལས་གསོན་པོར་དཀའ་སྡུག་གྲངས་མེད་མྱངས་ཏེ་འབྱུང་འགྱུར་གྱི་འོད་སྟོང་འཚོལ་མཁན་ཁོང་། བོར་བརླག་ཏུ་ཕྱིན་ནས་ཟླ་ངོ་གཉིས་ཙམ་འགོར་ནའང་། གཞུང་སྒེར་ཚོགས་པ་ཁག་དང་དྲ་ལམ་བཅས་གང་དུའང་ཁོང་གི་གྲིབ་ནག་ཙམ་མཐོང་རྒྱུ་མེད་པས། སྐུ་གཟུགས་བརླག་ཟིན་པའི་གྷནྔྷེ་ཆུང་ཆུང་ཁོ་བོད་མིའི་སེམས་ཁོངས་ནས་མི་འབོར་བ་དང་། དཀའ་སྡུག་དང་ཚེ་སྲོག་གི་ཉེན་ཁར་ཚུད་པའི་རིན་ཐང་ཅན་གྱི་གྷནྔྷེ་ཆུང་ཆུང་ཁོང་། བོད་མི་འཇོན་ཐང་ཅན་ཚོས་མྱུར་སྐྱོབས་བཙལ་འཚོལ་ཕྱིར་དུ། དྲན་སྐུལ་རྩོམ་ཡིག་འདི་ཐལ་སོང་།
དངོས་གནས་རང་གླིང་ཚའི་ཕྱོགས་ནས་གླེང་མཁན་མི་འདུག་ལ། གར་ཡོད་ཀྱི་བརྩད་གཅོད་མཁན་ཡང་མི་འདུག་པས་བློ་ཕམ་བྱུང་མོད།བཙན་བྱོལ་སྤྱི་ཚོགས་ནང་མི་ཉམ་ཆུང་གི་སེམས་ཤུགས་ལ་ག་དུས་ཡིན་ཡང་བཀའ་སྤྱི་འགོ་བྱས་ཏེ་རྡོག་རོལ་གཏོང་རྐྱང་བྱེད་པ་ལས་མཐོང་ཆེན་ཞིག་སྤྲད་མྱོང་ཡོད་ཀྱི་མ་རེད།
ཨ་ལེ། གླིང་ཚ་ལ་བསྟོད་པ མ་རེད་འདུག ཁོང་ལ་ཁ་གཡར་ནས་རྒྱ་མིའི་འཇིགས་སྣང་དང་སྡང་ཟུག་བྱེད་ས་བོད་ཀྱི་གཞོན་ནུ་ལྷ་་ཚོགས་རེད་འདུག་ དེས་ན་འབྲི་བ་པོ་ཁོ་རང་སྐབས་འཚོལ་རིང་ལུགས་པ་རེད་འདུག་ག
འུ་ཚང་གི་འཐབ་རྩོད་ལ་མཚོན་ན། ཡོད་ཚད་བློས་གཏོང་ཐུབ་པའི་དཔའ་བོ་རེ་དགོས་པ་ཧ་ཅང་གལ་ཆེ། དེ་ལས་ཀྱང་གལ་ཆེ་བ་ནི་དཔའ་བོ་དེ་དག་གི་ནུས་པ་རང་སར་མ་འཕྱན་པར་གཅིག་སྒྲིལ་གྱིས་འཆར་འགོད་རྒྱ་ཆེ་ས་དང་། དམིགས་ཡུལ་གཏིང་ཟབ་ས་ནས་གཞུང་གཅིག་གི་ལས་འཆར་གྱི་བཀོད་འདོམ་ཡོད་པ། གཅིག་འགུལ་ན་ཡོད་ཚད་ཀྱི་སྲོག་འགུལ་བ་ལྟ་བུ་གཅིག་གྱུར་ཡང་དག་པ་དགོས། དེ་མིན་གླང་ཚ་ལྟ་བུ་གཞུང་སྒེར་ཡོངས་ཀྱིས་མཐེ་བོ་གྱིན་ལ་ཀེར་ཙམ་དང་། གསར་ལམ་ཁག་ནས་གླེང་ཙམ། མི་སྒེར་གཅིག་གི་བློས་གཏོང་ཁོ་ནར་རིན་ཐང་བཞག་པ་ཙམ་གྱིས་སྤྱི་བའི་འཐབ་རྩོད་ལ་གྲུབ་འབྲས་ཧ་ཅང་ཆུང་བར་སྙམ། སོ་སོ་བར་གྱེས་ནས་རང་ལུས་མེ་བསྲེག་གི་ལས་འགུལ་ཀྱང་སྔོན་ཆད་བྱུང་མ་མྱོང་བ་དང་། མ་འོངས་པར་བྱུང་མི་སྲིད་པར་གྱུར་ཡོད་ཀྱང་ད་དུང་མཇུག་འབྲས་བློ་ཡིད་ཚིམ་ཞིག་ཕར་ཞོག། ད་དུང་བློ་ཕམ་གྱིས་འཛམ་གླིང་མི་དམངས་ལ་འཁང་ར་བྱེད་དགོས་པའི་ཚོད་དུ་སླེབས་ཡོད། གླང་ཚ་ཡང་དེ་ལྟར་མི་གཅིག་གི་བློས་གཏོང་གི་རིན་ཐང་ནི་སུས་ཀྱང་ཆད་མཐོའི་རིན་ཐང་དུ་མི་འཇོག་མཁན་དཀོན་ནའང་། གྲུབ་འབྲས་ཀྱི་ཕྱོགས་ན་མངོན་སུམ་དུ་འདི་ཞེས་སྟོན་རྒྱུ་ཁེག་པར་མ་ཟད། སྐར་ལྔའི་དར་དམར་ཁྱེར་བ་ལ་སྒྲིག་འཛུག་ཡོད་པ་དང་མེད་པ་ཚང་མས་བསམ་ཚུལ་དྲན་ཚུལ་མང་པོ་བཤད་མྱོང་། དེ་རེ་རེ་ལ་དབྱེ་ཞིབ་བྱས་ན་ཡིད་སྐྱོ་བའང་མེད་པ་མིན། འདིས་ཅི་ཞིག་མཚོན་ཞེ་ན། བོད་ཀྱི་དཔའ་བོ་དཔའ་མོ་མང་པོ་ཞིག་གི་བློས་གཏོང་གི་རིན་ཐང་ལས་གཞན་རིན་ཐང་ཆེན་པ་རེ་མ་རྙེད་པས་རེད། ངས་ནམ་ཡང་དཔའ་བོ་འདི་དག་གི་བློས་གཏོང་ལ་རིན་ཐང་གི་རིན་ཐང་དགོས་ན་གཞུང་སྒེར་གཅིག་གྱུར་དང་། བོད་མི་ས་ཡ་དྲུག་གི་སྟོབས་ཤུགས་གཅིག་སྒྲིལ་ལ་བཀོད་འདོན་གཅིག་གྱུར་གྱིས་འཐབ་རྩོད་ཀྱི་བླ་སྲོག་གསོ་བའི་རིན་ཐང་འཚོལ་སྙེག་བྱེད་དགོས་སྙམ་པ་དེ་ཡིན། རང་དབང་འཐབ་རྩོད་པའི་ལོ་རྒྱུས་ཀུན་ལ་གཞིགས་ན། བཞུད་ལམ་གཅིག་ཏུ་ཤར་སྐྱོད་དང་། དམིགས་ཡུལ་གཅིག་ཏུ་མཉམ་སྤུངས་བགྱིས་ཏེ་སྣེ་ཁྲིད་པ་གང་གི་རྒྱང་མིག་གི་འཆར་འགོད་གོ་རིམ་ལྟར་དཔའ་བོ་ཚོ་རིམ་པས་བློས་གཏོང་གིས་དཔའ་བོ་ཚོའི་བློས་གཏོང་གི་བྱས་རྗེས་ལ་གསེར་འོད་ལམ་ལམ་གྱི་རིན་ཐང་མངོན་པར་བྱས་འདུག་པར་སྙམ།
མདོར་ན་མི་སྒེར་སོ་སོ་བའི་བློས་གཏོང་རིན་ཐང་ལ་ངས་གདེངས་འཇོགས་ཆེན་པོ་བྱེད་དགོས་པ་ང་ལྟ་བུའི་ལས་འགན་རེད། ཡིན་ནའང་། བློས་གཏོང་གི་བྱས་རྗེས་ཕྱོགས་ནས་འཐབ་རྩོད་ལ་གྲུབ་འབྲས་ལྐོགས་གྱུར་གྱི་ཡིད་ཆེས་ཙམ་ལས་མངོན་སུམ་གྱི་འདི་ཞེས་མི་འདུག་སྙམ། དེ་ནི་དཔའ་བོའི་བློས་གཏོང་ནི་སོ་སོ་བར་གྱུར་བས་རེད་སྙམ་པ་དེའོ།།
བཙན་བྱོལ་ནང་ད་ལྟའི་གནས་སྐབས་སུ་བོད་ནང་གི་བོད་མིའི་ཆེད་ཡོད་ཚད་བློས་གཏོང་གི་ལས་འགུལ་བ་མིང་དོན་མཚུངས་པ་ཅིག་ཡོད་པ་ནི་གླིང་ཚ་ཕལ་ཆེར་ཆགས་ཡོད་པས།ཁོང་ངེས་པར་གླེང་རིན་ཡོད་པ་ཅིག་རེད།
{མ་གཞི་གླིང་ཚ་ཁོང་ནི་ཕྱི་རྒྱལ་བུད་མེད་ཅིག་གི་ཁྱོ་ག་དང་ཕྲུ་གུ་གཉིས་ཀྱི་ཨ་ཕ་དཀྱུས་མ་ཙམ་རེད་མོད། ཁོའི་འགྱུར་མེད་ཀྱི་ཆོད་སེམས་དང་བློས་གཏོང་། ལྷག་བསམ་དང་བསམ་ཤེས། བོད་མིའི་བདེན་དོན་དུ་དཀའ་སྡུག་དེ་ཙམ་དང་ལེན་བྱེད་ཐུབ་པ་དེས། ད་ཆ་ཁོང་བོད་མིའི་འཐབ་རྩོད་ཀྱི་མིག་དཔེ་དང་ལམ་སྟོན་དུ་གྱུར་ཡོད།} ངོ་མ་རེད། དེ་འདྲ་ཞིག་གྱུར་ཡོད་པའི་དབང་གིས། རང་རེའི་ཚོས་མ་མཐའ་འང་ཁོང་གི་སྐོར་གྱི་སྐད་ཆ་རེ་བཤད་དགོས།
ཁོ་བཞིན་ལས་འགུལ་སྤེལ་མི་ཐུབ་ན་ཡང་ཁོ་གར་བརྩད་གཅོད་དགོས།
(གླིང་ཚའི་རྒྱབ་ལང་ལས་འགུལ) དམ་པ་ཁོང་རྩད་གཅོད་ཅིག་གི་ཕྱིར་དུ། ཡང་ན། ཁོང་གིས་ང་ཚོའི་ཆེད་དུ་མི་ཚེ་བློ་གཏོང་བྱས་པ་དེར་དྲིན་གཟོའི་དོད་དུ། ངོ་མ་ཡིན།
གླིང་ཚའི་སྙིང་སྟོབས་ལ་གུས་་འདུད་ཞུ། ཁོང་གི་བྱས་རྗེས་ཚང་མ་དབུ་མའི་ལས་འགུལ་ཁང་གི་མེད་པ་བཟོས་སོང་། ཁོང་ད་ལྟ་ག་བ་ཡོད་མེད་དབུ་མའི་ལས་འགུལ་ཁང་ལ་དྲིས་ན་མཁྱེན་རྒྱུ་རེད། གཞོན་ནུས་གསད་ཡོད་ཚོད་ནི་མ་རེད།
གླེང་རིན་ཡོད་པའི་བོད་དོན་འཐབ་རྩོད་པ་འདི། དྲག་འགུལ་མེད་པ་ཅི་ཡིན་ནམ། ཚོགས་པ་ཁག་གི་ཁ་ཕོད་ཆེ་བའི་གཏམ་བཤད་ལས་ལག་ལེན་དངོས་ལ་ཞུགས་པའི་གླིང་ཚའི་བོད་དོན་གོམ་བགྲོད་ལ་གུས་འདུད་ཞུ།
རྒྱ་ནག་དང་བལ་པོས་གླིང་ཚ་མ་གསད་ན་ གཞོན་ལྷན་ནས་གླིང་ཚ་གསད་དོག་མེད་ ཆོ་མེད་སྐད་ཆ་རང་རེད་ སྤྱང་ཤོག་མ་རེད་རྐྱག་ཤོག་རེད་ རྐྱག་པའི་ནང་གི་རྐྱག་འབུ་རེད།
{མཁས་དབང་ཟམ་གདོང་རིན་པོ་ཆེས་ཀྱང་གླིང་ཚའི་ལས་འགུལ་དང་ཁོང་ལ་རྒོལ་མཁན་གཉིས་ཀར་བསྡོམས་བཀོད་པ་ནི། ཕྱི་ལོ་༢༠༡༢ ཟླ་༤ ཚེས་༡༢ ཉིན་དབུ་མའི་ལམ་གྱི་འཚོགས་ཆེན་སྟེང་། ཟམ་གདོང་རིན་པོ་ཆེས་༼རྒྱ་མིའི་རྒྱལ་དར་ཁྱེར་འགྲོ་བཞིན་འདུག་ཟེར་བ་ངས་དེ་རིང་གསར་དུ་གོ་ཐོས་བྱུང་། རྒྱ་ནག་རྒྱལ་དར་མེར་བསྲེགས་གཏོང་བ་དེ་ང་རང་བཀའ་ཤག་ནང་ཡོད་སྐབས་ཀྱང་ཡག་པོ་མ་རེད་ཅེས་ལབ་མྱོང་། ད་ལྟ་ཡང་དེ་ག་རང་ཡིན། ང་ཚོས་ཁ་གཏད་བྱེད་སྐབས་མི་རིགས་ཤིག་གི་བརྩི་མཐོང་དང་མཚོན་རྟགས་ཡིན་པ་ཞིག་ལ་དམའ་འབེབས་བཏང་ན། འཚེ་མེད་ཞི་བའི་ལམ་དང་མཐུན་གྱི་མེད་པ་མ་ཟད། བྱེད་སྟངས་དེས་ང་ཚོའི་འཐབ་རྩོད་གནས་ཚད་དམའ་སར་ལྷུང་འགྲོ་ཡི་ཡོད་པ་རེད། དེ་ནི་མི་དཀྱུས་མ་ཞིག་འཁྲུག་པ་བརྒྱབ་པའི་བཟོ་འདྲ་བོ་ཙམ་ལས། མི་རིགས་དང་རྒྱལ་ཁབ་བར་གྱི་འཐབ་རྩོད་རྣམ་པ་ཅིག་སྟོན་ཐུབ་ཀྱི་མེད། ང་ཚོས་རྒྱ་ནག་རྒྱལ་དར་བསྒྲེངས་དགོས་རེད་ཟེར་གྱི་མེད། རྒྱ་ནག་རྒྱལ་དར་མེར་བསྲེགས་གཏོང་བ་དང་རྡོག་བརྫིས་བཏང་ན། དེ་བཟང་སྤྱོད་དང་མཐུན་པ་ཅིག་ལ་ངོས་འཛིན་ཞུ་གི་མེད། གོམ་བགྲོད་ནང་ཞུགས་མཁན་ཁོང་རྣམ་པས་བོད་དང་རྒྱ་ནག་གི་རྒྱལ་དར་ཁྱེར་གྱི་ཡོད་ན། ང་རང་སྒེར་ངོས་ནས་དེ་ལ་ངོ་རྒོལ་བྱ་འདོད་གང་ཡང་མེད། ངས་བལྟས་ན་ཁོ་རང་ལ་རྒྱབ་ལྗོངས་ཀྱི་དགོངས་པ་བཞེས་སྟངས་ཤིག་ཏན་ཏན་ཡོད་རྒྱུ་རེད། ཁོའི་ཀུན་སློང་དེ་གསལ་བོ་མ་ཤེས་བར་ང་ཚོས་ཡག་སྡུག་བཤད་ས་འགྲོ་གི་མ་རེད་༽ཅེས་ གསུངས་ཡོད་} ངོ་མ་རེད་ཨང་།
གང་ལྟར་གླིང་ཚ་ཁོང་ཁྱད་མཚར་ཅིག་གི་ངང་བརླག་སོང་།གླིང་ཚ་ལ་ཤ་ཚ་མཁན་གཞུང་སྒེར་སུ་ཡིན་ན་ཁོང་གླེང་སློང་བྱས་ཙམ་གྱིས་ཀྱང་འགྲིག་གི་མི་འདུག་སྙམ།གཙོ་བོ་ད་ཆ་ཁོང་གང་ན་ཡོད་བཙལ་གཅོད་བྱས་དགོས་རེད་མ་གཏོགས།གཅིག་བྱས་ན།ཁོང་ལ་དོ་སྣང་དང་ཤུགས་རྐྱེན་དེ་ཙམ་མེད་པའི་གོ་སྐབས་དང་བསྟུན།ལྷག་པར་མི་མང་ནང་དེ་ཙམ་སྦིར་གྲགས་མེད་སྐབས་སུ་དགྲ་ཕྱོགས་ནས་ཁོ་མེད་པ་བཟོ་མི་སྲིད་པ་མ་རེད།མེད་པ་བཟོ་ཐབས་ཀྱང་སྣ་ཚོགས་ཤིག་བཀོལ་སྲིད་པ་རེད།
ཁྱེད་རང་ཚོས་ད་བར་དུ་གླིང་ཚ་གར་ཡལ་ནག་མེད་ཀྱི་ལམ་འདི་ལས་གཞན་པའི་མོག་མོག་ཞིག་ཤལ་སྒོའི་ནང་ནས་ཚོས་བར་འདོད་ཡོད་དམ། ལྐུག་པ་རེད།
པན་ཆེན་ལགས་ལག་ལ་མ་རག་ས་ཞིག་ནས་གླིང་ཚ་རྙེད་པའི་རེ་བ་ཆེན་པོ་མེད་དོ།
རྩོམ་བདག་གིས་རྩོམ་འདི། དུས་བབ་དྲ་བའི་བསམ་ཚུལ་སྡེ་ཚན་དུ་བཞག་ན་ཡག་པོ་འདུག་དྲན་བྱུང་། མདུན་ངོས་རང་ནས་རྒྱུན་རིང་ཙམ་ཞིག་ལ་འདུག་ཐུབ་པས་ཡིན།
འོ། ཁ་སང་དེ་རིང་གཉིས་ལ། བདག་གིས་ཆེད་དུ་རྩོམ་འདི་ལ་ཐེངས་མང་བལྟས་ཡིན་ཏེ། སྐད་ཆ་ངར་བ་ཞིག་གི་འགོ་སློང་མཁན་གཅིག་ཀྱང་བྱུང་མ་སོང་། ངོ་མ་ཡིད་སྐྱོའི་གནས་རེད།
གླིང་ཚའི་བསྐོར་གནས་སྐབས་མ་གླེང་པའི་རྒྱུ་མཚན་རྟེན་རྟེན་ཡོད་གྱི་རེད་བསམ། གང་ཡིན་ཞུས་ན་ལོ་སྔོན་མ་ས་གྲག་གནམ་སྒྲག་བྱེད་ནས་མཐར་བལ་པོའི་རྩོན་ཁང་ནང་དུ་ལྷག་ནས་གཞུང་རྒེར་གཉིས་ལ་དཀའ་ངལ་ག་ཚོད་འཕྲོད་སོང་
འདི་དག་ལ་བལྟས་ན་བཙན་བྱོལ་ནང་གི་གཞུང་སྒེར་གྱི་ཚོགས་པ་ཡོངས་ཀྱིས་འདི་དག་གི་ཆེད་དུ་རྡ་སའི་གཡས་གཡོན་དུ་མར་མེ་ཁྲོམ་སྐོར་རེ་དང་གཙུགས་ལགས་ཁང་དུ་མཆོད་འབུལ་རེ་བྱེད་རྒྱུ་ལས་གཞན་འདོད་པ་གང་ཡང་མེད་པ་བལྟན་ཡོད།
དྲ་གྲོགས་རྣམ་པ་ལགས། གཞན་གཞན་རེད། རང་རང་རེད། ཐོག་མར་རང་ཉིད་ནས་འགོ་རྩོམ་དགོས་ཞེས་པའི་སྐད་ཆ་དེ། དེང་སྐབས་རྙིང་པ་འདྲ་ཞིག་ཡིན་ཤས་ཆེ་སྟེ། དེའི་དངོས་ཡོད་ཉམས་ལེན་ནམ་ཡང་ནུབ་པ་ཡོད་ནི་མ་རེད། གང་ཡིན་ཟེར་ན། དེ་གནས་ལུགས་ཅིག་ཡིན་སོང་བའི་དབང་གིས་རེད། རང་གི་འདང་རྒྱག་ཚང་མ་གཞན་བརྟེན་ཡིན་དགོས་འདུག་ན། མི་དེའི་མི་གཞི་རྩ་བ་ནས་བརླག་ཚར་རེད།
ཚེ་རིང་ལགས།གླིང་ཚའི་ཆེད་གཞུང་གིས་ཅི་གང་བྱས་མྱོང་ཡོད་པ་མ་རེད།གཞུང་སྒེར་གཉིས་ལ་དཀའ་ངལ་འཕྲད་པ་ཟེར་དུས་གཞུང་གིས་རོགས་པ་དང་ཐུགས་ཁྲལ་ཆེན་པོ་ཅིག་བྱས་མདོག་རེད་མོད།གཞུང་གིས་མགོ་བདེ་རྐྱང་འཁྲབ་ནས་བསྡད་རྒྱུ་མ་གཏོགས་ཅི་གང་བྱས་མེད་པ་རེད།དངོས་གནས་བྱས་ན་གཞུང་གིས་ཅིག་བྱེད་དགོས་རེད།གླིང་ཚས་གཞུང་གི་སྲིད་ཇུས་སྒྲུབ་བཞིན་རེད་པ།
འོ་ལགས་སོ་ བཀྲིས་རྒྱལ་མཚན་དེ་འདྲ་ཡིན་ན་ཅང་ཞུ་རྒྱུ་མེད་ ཡིན་ནའང་ལོ་སྔོན་མ་བལ་པོའི་བཙོན་ཁང་ནས་ང་ཚོའི་གཞུང་གིས་རོག་རམ་གང་ཡང་མེད་པའི་ངང་ནས་གློད་པ་ཞིག་ཨེ་རེད་ ཁྱེད་རང་ལ་ཁམ་པ་ཡོད་ན་དེའི་བསྐོར་གསལ་བཤད་གཅིག་གནང་རོག་ཞུ།
ཚེ་རིང་ཞེས་པ་འདི་ཁ་ཕོ་ཆེ་བ་ལ། རང་ཉིད་ཀྱིས་གང་ཡང་མི་འཇོན་པར་གཞན་སྟེང་ལ་འདྲ་མི་འདྲ་ལབ་གྱིན་འདུག་ག བུ་ཡིན་ན་ཁ་ཕོ་ཆེ་བ་ལས་བོད་དོན་ལ་ཅིག་འགུལ་དང་ཁྱོད་ལའང་ལས་འགན་གཡོལ་དུ་མེད་པ་ཞིག་ཡོད་པ་རེད།
འཁྱམས་པོ་ལགས་ ངས་རང་གིས་བསམ་ཚུལ་ཙམ་ལས་ཁ་ཕོ་ཆེ་གང་ཡང་ཞུ་རྒྱུ་མ་བྱུང་ འོ་ན་འདིར་བཤད་མཁན་ཚང་མ་འཇོན་པོ་དང་གནོད་ཡོད་ཅན་ཀྱང་ཡིན་ན་ དང་པོ་ཁྱེད་རང་ནས་བོད་པའི་རྩ་དོན་ཆད་དུ་ད་བར་དུ་ལས་དོན་ཅི་འདྲ་ཞིག་དཔེལ་ཡོད་ མ་འོང་པ་ལས་དོན་གང་འདྲ་དཔེལ་འཆར་ཡོད་གཅིག་གསུང་ན་མ་རྟོག་ཡིད་ཆེས་དཀའ་
གླིང་ཚས་བོད་པ་ཚང་གི་ཆེད་ཡོད་ཚད་བློས་གཏོང་བྱས་པ་རེད། ང་ཚོས་ཁོ་མ་ཤེས་ཁུལ་གྱིས་ཁུ་སིམ་མེར་བསྡད་ན་མི་འགྲིག་གི
མི་འགྲིག་པ་སུས་ཡིན་རུང་བཤད་ནི་རེད་དེ། འགྲིག་པ་ཞིག་བྱེད་མཁན་སུ་ཡང་མི་འདུག དེ་གནད་དོན་རེད། དཀའ་ངལ་རེད། ཞབས་འདྲེན་རེད། ངོ་ཚ་རེད་་་་་་།