གནས་ཚུལ་གཏོང་མཁན། རྨེའུ་དཀོན་རྒྱམ།
(བོད་ཀྱི་ལོ་རྒྱུས་ཐོག་གི་ཆབ་སྲིད་བཙོན་པའི་ལོ་ཡུན་རིང་ཤོས་དང་། ལྷོ་ཤར་ཨེ་ཤ་ཡའི་བཙོན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་དང་པོ། འཛམ་གླིང་ཆབ་སྲིད་བཙོན་པའི་ལོ་རྒྱུས་ཟིན་ཐོའི་ཁྲོད་ཨང་གསུམ་པ་བཅས་ཡིན།)
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལས་འཆར་གྱི་ཁོངས་སུ་ཡོད་པའི་ཆབ་སྲིད་བཙོན་པའི་མི་ཚེའི་ལོ་རྒྱུས་དེབ་ཕྲེང་ཉི་ཤུ་རྩ་གཅིག་པ་རྒྱལ་གཅེས་དཔའ་བོ་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་<<མི་ཚེའི་མྱོང་ཚོར།>>ཞེས་པའི་ལོ་རྒྱུས་ཀྱི་དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་ཆེད་དུ་གདན་ཞུ་བྱས་པའི་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་༸མི་དབང་སྐུ་ངོ་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བཀུར་འོས་སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ཚེ་རིང་མཆོག ལྷག་པར་དེ་རིང་དབུ་འབྱེད་ཞུ་རྒྱུའི་དཔེ་དེབ་འདིའི་དོན་གྱི་བདག་པོ་རྒྱལ་གཅེས་དཔའ་བོ་བགྲེས་སོང་སྟག་སྣ་འཇིགས་མེད་བཟང་པོ་མཆོག གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་རྣམ་པ་བཅས་ལ་ཕྲན་གྱིས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་རྣམ་པ་དང་། རྒྱུན་ལས་ལས་བྱེད་ཚང་མའི་ཚབ་ཞུས་ཏེ་ལྷན་རྒྱས་ལ་སེམས་དབུས་ནས་འཚམས་འདྲི་ཞུ་བ་དང་ཆབས་ཅིག
ཐོག་མར་དུས་ཚོད་ལ་བསྟུན་པའི་ཚོགས་པ་འདི་ངོ་སྤྲོད་མདོར་ཙམ་ཞུ་རྒྱུར། ཚོགས་པ་འདི་དང་ཐོག་རྒྱལ་གཅེས་ལྷག་བསམ་ཅན་གྱི་ཚོགས་མི་ཁ་ཤས་ཤིག་གིས་མ་སྐུལ་དང་བླང་གིས་སྤྱི་ལོ་༡༩༩༡ ལོའི་ཟླ་བ་ ༩ པའི་ཚེས་༢༧ ཉིན་བཞུགས་སྒར་དྷ་སར་དབུ་བཙུགས་པ་ནས་རིམ་པས་བཙན་བྱོལ་མིའི་སྒྲིག་འཛུགས་ཀྱིས་ཡོངས་སུ་ངོས་ལེན་ཡོད་པའི་ཚོགས་པར་གྱུར་པ་དང་། གནས་ཡུལ་རྒྱ་གར་གཞུང་ལ་ཡང་ཁྲིམས་དང་མཐུན་པའི་དེབ་སྐྱེལ་ཞུས་པ་སོགས་ཀྱི་བརྒྱུད་རིམ་ནས་ད་བར་མི་ལོ་ཉི་ཤུ་རྩ་གསུམ་ཙམ་སོང་བའི་དེ་རིང་གི་བར་ཚོགས་པ་འདིར་ཚོགས་མི་གྲངས་བདུན་བརྒྱ་ལ་ཉེ་བ་ཞིག་ཡོད་ཅིང་། ཚོགས་པའི་ངོས་ནས་འབྲེལ་ཆགས་ཚོགས་མི་རྒན་རྒོན་དང་ཉམ་ཐག་རིགས་ལ་འཚོ་སྣོན། ནད་གཅོང་ཚོར་སྨན་བཅོས་ཀྱི་རོགས་སྐྱོར། འབྲེལ་ཡོད་ཚོགས་མི་གཙོ་བོར་གྱུར་པ་མང་པོ་ཞིག་ལ་ཤེས་ཡོན་དང་ལག་ཤེས་ཆེད་སྦྱོང་སྤྲོད་རྒྱུ། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རྒྱུན་སྐྱོང་དང་། ཆབ་སྲིད་བཙོན་ཟུར་རྣམ་པ་སོགས་ཀྱི་ལོ་རྒྱུས་འཚོལ་བསྡུ་དང་དེབ་ཕྲེང་པར་སྐྲུན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ཉམས་ཞིབ། ཆབ་སྲིད་བཙོན་པ་གསར་ཕེབས་རྣམ་པར་སྣེ་ལེན་ཞུ་རྒྱུ་སོགས་ཀྱིས་མཚོན་སྤྱི་ཚོགས་ཀྱི་ཞབས་ཞུ་གང་ནུས་ཤིག་ཞུས་དང་ཞུ་མུས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་གང་ཙམ་ཡོད་པའི་ཚོགས་པ་ཞིག་ཏུ་གྱུར་ཐུབ་པ་འདི་ཡང་གཙོ་ཆེ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་ལམ་སྟོན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་ཀྱི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་ལ། ཐོག་མར་དབུ་འཛུགས་གནང་མཁན་གྱི་རྒྱལ་གཅེས་ལྷག་བསམ་ཅན་གྱི་ལས་བྱེད་རྣམ་པ་དང་། བར་དུ་མཇུག་སྣོན་གནང་མཁན། གཞན་ཡང་ཐོག་མཐའ་བར་གསུམ་དུ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་གྱི་སྒྲིག་འཛུགས་དང་ཚོགས་པ། མི་སྒེར་བཅས་ཚང་མར་དེ་རིང་གི་གོ་སྐབས་འདི་བཟུང་ནས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
སྐབས་སུ་བབས་པའི་ད་ཉིན་གྱི་དབུ་འབྱེད་བྱ་རྒྱུའི་དེབ་ཕྲེང་འདི་དང་འབྲེལ་བའི་སྐོར་ལ་ཚིག་རེ་གཉིས་ཤིག་ཞུས་ན། ༸རྒྱལ་བའི་བཀའ་དགོངས་སྤྱི་དང་། ཐོག་མའི་དམིགས་ཡུལ་ལྟར་ལས་གཞི་འདིའི་འོག་ནས་སྔ་ཕྱིར་དེབ་ཕྲེང་ཉི་ཤུ་རྩ་གཉིས་ཙམ་ཞིག་རྒྱ་ཆེའི་ཀློག་པ་པོ་ཚོའི་སྤྱན་ལམ་དུ་འབུལ་ཐུབ་པ་བྱུང་ཡོད་ཅིང་། དེ་དག་གིས་གཅིག་ནས་བཙན་རྒོལ་རྒྱལ་སྐྱོབ་ནང་ཞུགས་པའི་ཆབ་སྲིད་བཙོན་ཟུར་རྣམ་པའི་མི་ཚེ་དང་འབྲེལ་བའི་ལོ་རྒྱུས་རྣམས་ཁ་ཐོར་དུ་མ་ཕྱིན་པར་ཕྱོགས་གཅིག་ཏུ་ཉར་ཚགས་བྱ་རྒྱུར་དགེ་མཚན་བྱུང་ཡོད་ལ། གཉིས་ནས་འཛམ་གླིང་འདིར་མཚོན་ན་དུས་རབས་ཉི་ཤུ་པ་དེ་དམག་ཆེན་སྔ་ཕྱི་གཉིས་ཀྱིས་མཚོན་ཧ་ལམ་དམག་འཁྲུག་གིས་བསྐྱལ་བའི་དུས་ཚོད་དེའི་ནང་། རྒྱལ་ཁབ་ཆེ་བས་ཆུང་བར་ཐུབ་ཚོད་དང་བཙན་འཛུལ། རྒྱ་སྐྱེད་སོགས་མདོར་ན་རང་རྒྱལ་གཞན་ཕམ་ཁོ་ནའི་འཐབ་རྩོད་ཁྲོད་ཉེས་མེད་ཀྱི་མི་སེར་མང་པོ་ཞིག་ཀྱང་ཐག་ཞོར་འབྲེང་དྲུད་ཀྱི་ཚུལ་དུ་དམག་འཁྲུག་དང་མུ་གེའི་འོག་འདས་གྲོངས་སུ་སོང་ཡོད།
ཕྱོགས་མཚུངས་དུས་རབས་དེའི་ལོ་རབས་ལྔ་བཅུ་པའི་ཡས་མས་ནས་རྒྱ་ནག་གུང་ཁྲན་ཏང་གིས་ཀྱང་དྲག་ཤུགས་དང་འཇིགས་སྐུལ། བསླུ་བྲིད་བཅས་ཀྱི་འོག་ནས་བོད་ཆོས་ལྡན་གྱི་ཞིང་ཁམས་འདི་ཉིད་ཡོངས་སུ་ཁྲག་དྲི་བྲོ་བའི་ཡུལ་ལུང་ཞིག་ཏུ་བཟོས་པ་མ་ཟད། མི་རིགས་འདིའི་ཡོད་ཚད་ལ་གཏོར་བཅོམ་དང་རྩ་མེད་དུ་གཏོང་རྒྱུའི་སྟོང་བསམ་བཅངས་ནས་བྱ་ཐབས་ངན་རྒུ་སྤྱད་དང་སྤྱོད་མུས་ཡིན་ཞིང་། ཁ་སང་དེ་རིང་ལ་མཚོན་ནའང་བོད་པ་ཞིག་གིས་རང་གི་སྐད་ཡིག་རིག་གཞུང་དང་། མི་ཆོས་ཀྱི་ཐོབ་ཐང་ཚིག་རེ་གཉིས་གླེང་ནའང་རྒྱལ་ཁབ་ཀྱི་རྒྱབ་གཏོད་པ་དང་། ཁ་བྲལ་རིང་ལུགས་པ་སོགས་ཀྱི་མིང་འདོགས་སྣ་ཚོགས་འོག་བཙོན་འཇུག་གིས་འཛམ་གླིང་འདིའི་སྟེང་མཐོང་དཀོན་པའི་གདུག་རྩུབ་སྣ་རྒུའི་མནར་གཅོད་བཏང་དང་གཏོང་བཞིན་པའི་བདེན་དཔང་གི་དཔྱད་གཞིའི་ཡིག་ཆ་ཞིག་ཀྱང་ཆགས་ཡོད།
དེ་རིང་འདིར་ང་ཚོས་རྒྱ་ནག་གུང་ཁྲན་ཏང་གི་བཙོན་འོག་ཏུ་བཅུག་པའི་ཉེས་མེད་ང་ཚོའི་སྤུན་ཟླ་མང་པོ་ཞིག་ཡོད་པའི་ཁོངས་ནས་བཙོན་བཅུག་གི་དུས་ཡུན་རིང་ཤོས་ཡིན་པ་མ་ཟད། ལྷོ་ཤར་ཨེ་ཤ་ཡའི་ལོ་རྒྱུས་ནང་གི་ཟིན་ཐོ་དང་པོ་དང་། འཛམ་གླིང་ལོ་རྒྱུས་སྟེང་གི་བཙོན་པའི་ལོ་ཡུན་རིང་ཤོས་ཨང་གསུམ་པ་ཡིན་པའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བཙོན་ཆད་མི་ལོ་བཞི་བཅུ་ཞེ་གཅིག་དང་། ངལ་རྩོལ་བསྒྱུར་བཀོད་ལོ་ལྔ་བཅས་ཀྱི་ཁྲིམས་ཐག་བཅད་པ་ལས། བཙོན་ཁང་དུ་མི་ལོ་སོ་གཉིས་དང་ངལ་རྩོལ་བསྒྱུར་བཀོད་ལོ་ལྔ་བཅས་ཁྱོན་མི་ལོ་སུམ་ཅུ་སོ་བདུན་རིང་འགྲོ་འདུག་གི་རང་དབང་ལྟ་ཞོག་རྟ་ཟོག་སེམས་ཅན་གྱི་བརྩི་མཐོང་ཙམ་ཡང་མེད་པའི་གདུག་རྩུབ་བཀོལ་སྤྱོད་འོག་སྡོད་དགོས་བྱུང་ཡང་། སྔ་ཕྱི་བར་གསུམ་དུ་མི་རིགས་ལ་བཅངས་པའི་འདུ་ཤེས་དང་། ལྷག་བསམ། ལྟ་བ་བཅས་ལ་གཡོ་བ་མེད་པའི་སྒོ་ནས་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་རྒྱུན་སྐྱོང་གནང་མཁན་ཆབ་སྲིད་བཙོན་ཟུར་གྲགས་ཅན་རྒྱལ་གཅེས་དཔའ་བོ་སྟག་སྣ་འཇིགས་མེད་བཟང་པོ་མཆོག་གི་<< མི་ཚེའི་མྱོང་ཚོར། >>ཞེས་པའི་དཔེ་དེབ་འདི་ཉིད་ཡོངས་སུ་ལེགས་གྲུབ་ཀྱི་དབུ་འབྱེད་ཐུབ་པར་རྒྱལ་གཅེས་པ་ཁོང་གིས་དབུས་ལས་གཞིའི་འདིའི་ཐོག་སེམས་ནུས་འདོན་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། ལྷག་པར་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་གྲགས་ཅན་ཁོང་གི་མི་ཚེའི་ལོ་རྒྱུས་ཀྱི་དེབ་ཕྲེང་འདིའི་རྩོམ་སྒྲིག་དང་། བདག་དབང་ཡོངས་རྫོགས་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པར་གནང་བ་དེ་ལ་ལོ་རྒྱུས་དོན་གྱི་བདག་པོ་རྒྱལ་གཅེས་དཔའ་བོ་སྐུ་བགྲེས་ཁོང་ལ་བཅོས་མིན་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
མཚམས་འདིར་གསལ་བཤད་དང་དགོངས་སེལ་ཞུ་དགོས་པ་ཞིག་ལ། སྤྱིར་འདི་ག་ཚོགས་པའི་ངོས་ནས་རྩོམ་སྒྲིག་ཞུས་པའི་དེབ་ཕྲེང་ཉི་ཤུ་རྩ་གསུམ་བར་ཐོན་ཟིན་ཡང་། དེ་རིང་གི་དེབ་ཕྲེང་འདི་ཉི་ཤུ་རྩ་གཅིག་པ་དེ་ཆགས་ཡོད། དེའི་རྒྱུ་རྐྱེན་ཞིབ་ཕྲ་དཔེ་དེབ་འདིའི་དོ་བདག་གི་གླེང་བརྗོད་དུ་གསལ་ཡོད་ལ། དེབ་ཕྲེང་འདི་ཉིད་རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱུ་རྐྱེན་རེ་གཉིས་ལ་བརྟེན་ནས་དུས་ལྟར་རྩོམ་སྒྲིག་མ་ཐུབ་སྟབས་འདིའི་མཇུག་གི་དེབ་ཕྲེང་ཉེར་གཉིས་པ་དང་། ཉེར་གསུམ་པ་གཉིས་པར་སྐྲུན་སྔོན་ལ་ཞུ་དགོས་བྱུང་བ་རེད། གཞན་ཡང་དེ་རིང་གི་དབུ་འབྱེད་བྱེད་བཞིན་པའི་དེབ་བདག་རྒྱལ་གཅེས་དཔའ་བོ་གང་ཉིད་ལ་འདི་ག་ཚོགས་པའི་ངོས་ནས་གང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཕྱག་དེབ་དེ་དུས་ལྟར་རྩོམ་སྒྲིག་དང་པར་སྐྲུན་མ་ཐུབ་པ་དེ་ལ་འགྱོད་སེམས་དང་བཅས་སེམས་དབུས་ནས་དགོངས་སེལ་ཞུ་རྒྱུ་ཡིན།
མཇུག་ཏུ་<< མི་ཚེའི་མྱོང་ཚོར། >>ཞེས་པའི་ལོ་རྒྱུས་དེབ་ཕྲེང་འདི་ཉིད་བརྒྱུད་རང་རིགས་ཕྱི་རབས་པ་རྣམས་ལ་མི་རབས་གོང་མའི་རྒྱལ་ཞེན་དང་། ལྷག་བསམ། མི་རིགས་ཀྱི་ལྟ་བ། གཞན་ཡང་རང་སྲོག་ཚད་ལ་འཛུགས་དགོས་ཀྱང་དགྲ་བོར་ནམ་ཡང་མགོ་མི་སྒུར་བ་དང་དཔའ་མི་ཞུམ་པའི་སྙིང་སྟོབས་ཀྱི་བསླབ་བྱ་བཟང་པོ་དེ་ཤ་སེང་རུས་སེང་དུ་ཐིམ་ཐུབ་པའི་རེ་བ་དང་། དྲང་བདེན་ལ་ཞེན་པའི་འཛམ་གླིང་མི་མང་ཚོས་བོད་དོན་ཐད་རྒྱ་ནག་གུང་ཁྲན་ཏང་གི་ངོ་ཚ་མེད་པའི་རྫུན་གཏམ་དང་གཡོ་ཇུས། མི་རིགས་ཆེན་པོའི་འདུ་ཤེས་ཀྱིས་དཀར་ནག་ཕྱིན་ཅི་ལོག་པའི་ཧམ་བཤད་སོགས་ཀྱི་དོན་ངོ་མ་གསལ་རྟོགས་ཐུབ་རྒྱུར་ཐུགས་ཕན་ཅུང་ཟད་གསོས་པའི་རེ་བ་དང་།
མཐའ་དོན་རྒྱལ་གཅེས་དཔའ་བོ་སྟག་སྣ་འཇིགས་མེད་བཟང་པོ་གང་ཉིད་སྐུ་ཁམས་བདེ་ཞིང་། སྐུ་ཚེ་ཡུན་དུ་བརྟན་པ་དང་། རྒྱལ་གཅེས་དཔའ་བོ་ཁོང་གིས་མཚོན་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་འབེན་ལ་འཇོག་མཁན་གྱི་རྒྱལ་གཅེས་དཔའ་བོ་རྣམ་པའི་བསམ་དོན་ཡིད་བཞིན་འགྲུབ་ནས་གཞིས་བྱེས་བོད་མི་གང་མགྱོགས་མཉམ་འཛོམས་ཡོང་བ་དང་། ཁམས་གསུམ་འགྲོ་བའི་༸མགོན་པོ་གང་ཉིད་ཕོ་བྲང་པོ་ཏཱ་ལའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མྱུར་དུ༸ཞབས་སོར་འཁོད་ཅིང་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པའི་སྨོན་ལམ་ཤུགས་དྲག་དང་བཅས།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས།
སྤྱི་ལོ་༢༠༡༤ ལོའི་ཟླ་བ་༡ ཚེས་༢༤ བཟང་པོར།
སྟག་སྣ་འཇིགས་མེད་བཟང་པོ་ཁོང་གི་ལོ་རྒྱུས་ཀྱི་དཔེ་དེབ་དེ་ལ་མཇལ་འདོད་ཤིན་ཏུ་ཆེ། དངོས་གནས་ཁོང་ལ་”མི་ཚེའི་མྱོང་ཚོར་”མ་འདྲ་བ་ཞིག་ཡོད་ངེས་ཡིན། མི་ལོ་སོ་བདུན་རིང་དགྱ་འོག་གི་མུན་དོང་ནང་བཞུགས་མཁན་ཞིག་གི་ངོས་ནས་དེ་བས་ཀྱང་མྱོང་ཚོར་ཁྱད་པར་བ་ཞིག་ཡོད་ལོས་དགོས།
ཆབ་སྲིད་ཚོགས་པ་དགུ་བཅུ་གསུམ་གྱི་ལངས་ཕྱོགས་ལ་ཁྱད་མཚར་གྱི་འགྱུར་བ་ཕྱིན་ཡང་། བགྲེས་པོ་ཁོང་གི་བོད་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་མེད་པར་སྨོན།
བོད་ཀྱི་ལོ་རྒྱུས་ཐོག་གི་ཆབ་སྲིད་བཙོན་པ་རིང་ཤོས་ཟེར་བ་དེ་མ་རེད་ཅེས་ཞུས་པ་མིན། འོན་ཀྱང་བཙོན་ཁང་ནང་གྲོངས་སོང་བ་རྣམས་ནི་དེ་བས་ཀྱང་རིང་པོ་རེད། འདི་གནད་དོན་གཅིག་བྱས། དེ་ནས་ཕྱི་ལོག་ལ་ཐར་ཟིན་པའི་ཁྲོད་ཁོང་ཉིད་ལོ་ཡུན་རིང་ཤོས་དེ་ཡིན་པ་དང་མི་ལ་བོད་མི་རིགས་ཀྱི་བདེ་སྡུག་བདེན་དཔང་བྱེད་དུས་ཁོང་དང་ཁོང་ལྟ་བུ་ནི་ང་ཚོའི་དཔང་རྟགས་ངོ་མ་དེ་ཡིན། དེའི་ཆ་ནས་ལོ་རྒྱུས་འདི་དག་ཧ་ལས་པའི་གལ་ཆེན་ཡིན། འདི་དག་འབྲི་སྟངས་གཅིག་པུར་གྲོས་བསྡུར་རྫོགས་མཐའ་མེད་པ་བྱེད་དགོས་པ་དེ་བཤད་མ་དགོས་པ་རེད། གང་ལྟར་དེབ་དེ་དྲི་བ་དྲིས་ལན་ཡིན་སྟབས་དེ་ལ་བརྟེན་ནས་འབྲི་རྩལ་མཆོག་ཏུ་དགེ་བ་ཞིག་གིས་མ་འདྲ་བ་ཞིག་འབྲི་གི་རེད་བསམས་པ་དང་ཡིག་རིགས་མང་པོར་འགྱུར་རྒྱུར་རེ་བ་ཤིན་ཏུ་ཆེན་པོ་ཡོད། དེའི་འཕྲོར། དེབ་ཀྱི་མིང་བྱང་རེད། མིང་དེ་ཧ་ལས་པའི་གལ་ཆེན་རེད། མི་ཚེའི་མྱོང་ཚོར་ནི་སྤྱིར་བཏང་གི་མིང་ཞིག་རེད། འདི་ལ་འགྲེལ་བཤད་ཡང་བཤད་རྒྱབ་ན་མ་གཏོགས་མི་ཐུན་མོང་ལ་ཡོད་པའི་མི་ཚེའི་མྱོང་ཚོར་སྤྱིར་བཏང་བ་ཞིག་ལ་གོ་བ་ལས་ལོ་རྒྱུས་ནང་གི་ཆབ་སྲིད་བཙོན་པ་རིང་ཤོས་དང་གྲགས་ཅན་ཡིན་པ་སྟོན་མི་ཐུབ་པ་དེ་གསལ་བོ་རེད། འདི་དག་ནི་ལས་ཀ་བྱེད་མཁན་ཚོས་བསམ་བློ་གཏོང་དགོས་པ་དང་མཁས་པ་དང་ཆབ་སྲིད་པ་ཚོར་བཀའ་འདྲི་ཞུ་དགོས་པའི་ཡུལ་རེད། ཡིན་ནའང། འཁྱོང་མི་འདུག་བསམས། གལ་སྲིད་ཀླུ་མཁར་བྱམས་ཟེར་བ་དེའི་རིང་དེབ་འདི་འགྲུབ་་ཡོད་ན་ཏན་ཏན་དེབ་འདིར་མིང་འདི་འདྲ་ཞིག་འདོགས་ཀི་མ་རེད། དེ་ཚོ་ཉམས་མྱོང་རེད། སྐྱོན་རྒྱབ་པ་གེ་མིན། བསམ་ཚུལ་ཡིན། དགོངས་གཞིར་བླངས་ནས་ལམ་སྟོན་དུ་སྒོམ་ན་འགྲིག
དང་པོ་སྟག་སྣ་འཇིགས་མེད་བཟངས་པོ་ལགས་ཁོང་གི་ལོ་རྒྱུས་ཀྱི་དཔེ་དེབ་དེ་ལ་མཇལ་འདོད་ཤིན་ཏུ་ཆེ་ཞུ་རྒྱུ་དང་རྒྱལ་གཅེས་དཔའ་བོའི་ཁྱུ་མཆོགས་ཁོང་ལ་འཚམ་བྲི་ཞུ་རྒྱུ་མ་ཟས་ཁོང་སྐུ་ཚེ་རིང་བའི་སྨོན་ལམ་ཡོད།