འབའ་སྲས།
པུར་རྒྱལ་དབང་ཐང་རྒས་པའི་མེ་ལོང་དུ།།
ཤ་གཟུགས་བདུད་ཀྱི་ཁ་རླངས་ཆགས་པའི་སྙིགས །
རིན་ཆེན་རང་ལུས་བསྲེགས་པའི་མེ་ལྕེའི་རས།།
གཙང་མར་འདག་ལ་ཕྱིས་པའི་མཛད་པ་ཆེ།།
འཁོར་བའི་སྐྱེས་ཀྱིས་སེམས་པ་མ་གཡོས་ཤིང་།།
བུ་དང་གཉེན་གྱི་མཛའ་བས་མ་བསྡམས་པར།།
གངས་ཅན་སྐྱེས་རྒུ་མ་ལུས་བདེ་བའི་ཕྱིར།།
རང་སྲོག་བློས་བཏང་སེམས་དཔའ་ཆེན་པོའི་གཤིས།།
སྦལ་པ་རྡོ་ཟན་རྨས་པའི་ཁྲག་ཐིགས་ཀྱིས།།
རང་དབང་བུམ་པར་འཁྱིལ་བའི་འོ་མ་དཀར།།
དམར་པའི་དུག་ཏུ་བསྒྱུར་བ་བཟློག་པའི་ཕྱིར།།
སྤོབས་པ་ངང་བའི་གཤོག་ཟུང་མཁའ་ལ་རྒྱངས།།
མདའ་ཕྲན་གྲི་ཆུང་ལག་ཏུ་མ་བཟུང་བར།།
དགྲ་ཟླ་ཉེ་བར་འཇོམས་པའི་འཐབ་རྩོད་དུ།།
སྲོག་གི་མེ་ལྕེ་བསྒྲོན་པའི་སྙིང་སྟོབས་ཀྱིས།།
དཔའ་རྒོད་མཚོན་འཕྱར་དག་ལ་རྒྱབ་ཀྱིས་བརྟེན།།
རྡོ་ལྕགས་འདྲེས་པའི་མེ་རི་འབར་བ་ཡིས།།
རྒྱ་མཚོ་ཆེན་པོ་སྐམ་པར་ནུས་པ་བཞིན།།
དལ་འབྱོར་ལུས་ཀྱི་མེ་དཔུང་སྦར་བས་ན།།
དགྲ་ཟླ་སྐྲག་པའི་སྙིང་རབ་གཡོ་བ་ཐོས།།
སུས་ཀྱང་རྒྱབ་ཏུ་སྐུལ་སློང་མ་བྱས་པར།།
རང་ཉིད་རང་གིས་བསྒྲོན་པའི་འཐབ་རྩོད་འདི།།
བཙན་པོའི་གདུང་རྒྱུད་བོད་ལས་གཞན་དག་ཏུ།།
མང་དུ་བྱུང་བའི་དེབ་ཐེར་མཐོང་བ་དཀོན།།
གངས་ཅན་བོད་ལ་རང་དབང་བདེ་སྐྱིད་དང་།།
རྩ་བའི་བླ་མར་མཇའ་བའི་ལས་དབང་ཙམ།།
མེད་པས་འུ་ཐུག་རང་ལུས་བསྒྲོན་པའི་མེ།།
འཛམ་གླིང་མུན་པ་སེལ་པའི་འོད་དུ་འབར།།
གཞན་དུ་དགྲ་ཟླ་གཞོམ་ལ་དྲག་ཆོས་ཀྱིས།།
འཇིགས་ཤིང་རྩུབ་པའི་རྒོལ་བ་སྣ་ཚོགས་རྩོམ།།
འཚེ་མེད་འཐབ་རྩོད་རང་ལུས་བསྒྲོན་པའི་ལུགས།།
བྱང་ཆུབ་སེམས་ལྡན་དཔའ་བོ་ཁོ་ནར་ངེས།།
ཤ་ཁྲག་གདོས་བཅས་ལྕགས་ཀྱི་མེ་རི་བཞིན།།
རབ་ཏུ་འབར་བའི་ཀློང་དུ་རང་དབང་དང་།།
ཞི་བདེའི་དར་ཆ་བསྒྲེངས་པའི་དུས་མཐའི་སྲོག །
ཉམ་ཐག་བོད་པ་འཚོ་བའི་སྨན་དུ་བྱིན།།
ཞུམ་པ་མེད་པའི་སྲོག་གི་ཀ་བ་ཡིས།།
དམར་པོ་མེ་ལྕེ་འབར་བའི་རྒྱན་མཚན་འཕྱར།།
མི་ཡི་གཟུགས་སུ་བྱོན་པའི་ཕུང་བོ་ཡིས།།
བསྐལ་བར་མི་འཇིག་ལོ་རྒྱུས་རྡོ་རིང་བཞེངས།།
སྲོག་གིས་འཐབ་ཀྱང་འཚེ་བར་མི་འགྱུར་ཞིང་།།
རང་དོན་བརྩད་ཀྱང་གཞན་ལ་མི་གནོད་པ།།
བོད་ཀྱི་དཔའ་རྒོད་ཚོ་ཡི་ཚེ་སྲོག་གིས།།
འཚེ་མེད་མེ་ཡི་དཀྱིལ་འཁོར་ས་ལ་བྲིས།།
སྐུ་ལུས་མེ་ཆེན་འབར་བའི་འོད་སྣང་གིས།།
གངས་ལྗོངས་ས་ལ་འཐིབས་པའི་མུན་པ་གནག །
ཉེ་བར་སེལ་ཞིང་ཞི་བདེ་རང་དབང་གི །
ལོངས་སྤྱོད་ཀུན་ལྡན་བོད་ཡུལ་བདེ་གྱུར་ཅིག །