གཡུ་ཚང་ལྷ་མོ་དོན་གྲུབ། ཨ་རི།
ཉིན་འདི་དག་ལ་བོད་དོན་གྱི་ཕྱོགས་ལ་བསམ་བློ་གཏོང་ཐེངས་རེར། རྒད་པོ་ང་སེམས་འཚབ་ཀྱིས་མནན་ཅིང་སེམས་སྡུག་གིས་མནར། ང་དགུ་ལོར་བཙན་བྱོལ་ལ་སླེབས་ནས་བཟུང་ད་ལྟ་བར་དུ་བོད་ལ་ལོག་རྒྱུར་རེ་བ་བརྒྱབ་ནས་བསྡད་ཡིན། འོན་ཀྱང་། དེ་རིང་སང་ཉིན། རྒད་པོ་ངའི་ལུས་ཀྱི་གནས་སྟངས་ལ་བལྟས་ན། ང་ཤི་རྒྱུར་ཅང་མི་འདུག མང་ན་ལོ་གཉིས་དང་ཉུང་ན་ཟླ་བ་ཁ་ཤས་ལས་ང་འཇིག་རྟེན་འདིེར་བསྡད་ཐུབ་རྒྱུའི་རེ་བ་མི་འདུག
ཐོག་མར་བཙན་བྱོལ་ལ་སླེབས་དུས། སོ་སོར་མཐོང་རྒྱ་དང་ཐོས་རྒྱ། ཉམས་མྱོང་སོགས་ཅི་ཡང་མེད་ན་ཡང་། མང་གཙོ་ཟེར་དུས་ཡག་པོ་ཞིག་རེད་བསམ་མྱོང་། ཚང་མ་ལ་ཐོབ་ཐང་འདྲ་མཉམ་དང་རང་དབང་འདྲ་མཉམ་ཡོད་པ། ཇི་འདྲའི་སྐྱིད་པ་ལ་བསམ། འོན་ཀྱང་། ངའི་མི་ཚེའི་ནང་ལ་རང་དབང་དང་ཐོབ་ཐང་ཕར་ཞོག སྨྲ་བརྗོད་རང་དབང་གཙང་མ་ཞིག་ཀྱང་བེད་སྤྱོད་གཏོང་ཐུབ་མ་སོང་། ལོ་ན་གཞོན་པའི་སྐབས་སུ། མཚམས་རེར་སེམས་ཤུགས་ཀྱི་དབང་གིས་སོ་སོའི་ཡོད་པའི་རང་དབང་དང་ཐོབ་ཐང་དེ་དག་བེད་སྤྱོད་གཏོང་རྒྱུར་བརྩོན་ལེན་བྱས། ཡིན་ན་ཡང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཁོངས་སུ་གསལ་བའི་རང་དབང་དང་འདྲ་མཉམ་ཟེར་བ་དེ་དང་དོན་དངོས་ཀྱི་རང་དབང་དང་འདྲ་མཉམ་ཟེར་བ་དེ་གཉིས་ཀྱི་བར་ན་ཁྱད་པར་ཆེན་པོ་འདུག དེའི་ཕྱིེར། ད་ལྟ་བར་དུ་རྒད་པོ་ང་ཁ་ཚུམས་ནས་བསྡད། གང་ལྟར། ད་ཤི་ཁ་འགྲོ་ཁར་རྒད་པོ་ངས་ཀྱང་སོ་སོའི་སྨྲ་བརྗོད་རང་དབང་དེ་བེད་སྤྱོད་གཙང་མ་ཐེངས་གཅིག་བྱེད་ན་འདོད། འོན་ཀྱང་། ངའི་སྨྲ་བརྗོད་རང་དབང་འདིས་བོད་མི་མང་པོ་ཞིག་གི་སེམས་ལ་དོ་ཕོག་འགྲོ་རྒྱུ་ཡིན་པའི་ཚོད་དཔག་སྔོན་ཚུན་ནས་ངའི་སེམས་ལ་ཡོད། ད་ནི་སྐད་ཆ་རེ་གཉིས་བློ་ཁོག་ཆེན་པོས་མ་བཤད་རང་བཤད་ཆགས་སོང་།
དེ་ཡང་༸གོང་ས་མཆོག་ནི་བོད་མི་རིགས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན་ཞེས་པའི་སྐད་ཆ་འདི་ང་ཚོའི་མགོ་ཐོག་ལ་སྡུག་འདི་འདྲ་ཞིག་སླེབས་པ་ནས་ཁ་ཐོག་ལྕེ་ཐོག་ལ་བླངས་པ་རེད་ལ། ད་ནི་ཕལ་ཆེར་ཁ་དཔེ་གསར་བ་ཞིག་ཏུ་འགྱུར་གྲབས་འདུག་མོད། དུས་རབས་ཕྱེད་ཙམ་འགྲོ་ལ་ཉེ་བའི་ང་ཚོའི་འཐབ་རྩོད་ཀྱི་བརྒྱུད་རིམ་ལ་ཕྱིར་འདང་ཤིག་བརྒྱབས་ན། དུས་རབས་ཕྱེད་ཀའི་རིང་རྒན་གཞོན་དབྱེར་མེད་དང་ཕོ་མོ་དབྱེར་མེད། སྐྱ་སེར་དབྱེར་མེད་ཀྱི་ཁ་ནས་མ་ཎི་ལྟར་བཟླས་དང་བཟློ་བའི་སྐད་ཆ་འདིའི་དོན་ལ་འང་ཕྱིར་འདང་ཤིག་བརྒྱག་དགོས་ཚོད་འདུག གང་ཡིན་ཟེར་ན། དུས་ད་ལྟ་༸གོང་ས་མཆོག་ནི་འཛམ་གླིང་སྤྱི་ནོར་དང་འཇིག་རྟེན་ཞི་བདེ་དེད་དཔོན་དུ་གྱུར་ནས་སའི་གོ་ལར་གཡས་བསྐོར་གཡོན་བསྐོར་གྱི་ཛ་དྲག་དང་བྲེལ་འཚུབ་ཀྱི་མཛད་འཕྲིན་ཅི་རིགས་པའི་གསེང་དུ་ཟུག་ཅིང་། བོད་མིའི་བདེ་དོན་གྱི་འཐབ་རྩོད་ཁོང་གི་རྩ་དོན་ཨང་གཉིས་པར་གྱུར་ཡོད་པས། ང་ཚོས་རང་ཉིད་མི་གསོན་པོ་ཞིག་གི་ཁ་ནས་ཐོན་པའི་སྐད་ཆ་འདི་ལྟར་ཡལ་དུ་འཇུག་རྒྱུ་ཡིན་ནམ།
ང་ཚོས་ཏཱ་ལའི་བླ་མ་ནི་བོད་མི་རིགས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན་ཟེར་བའི་རྒྱུ་མཚན་ཁོང་འཛམ་གླིང་སྤྱི་ནོར་རམ། འཇིག་རྟེན་ཞི་བདེའི་དེད་དཔོན་ཡིན་པས་རེད་ཟེར་རམ། ཁོང་སྲིད་ཞིའི་གཙུག་རྒྱན་ནམ་འགྲོ་བ་ཡོངས་ཀྱི་མགོན་པོ་ཡིན་པས་རེད་ཟེར་རམ། ཡང་ན་ཆོས་ཕྱོགས་ཀྱི་སྐད་ཆ་ལྟར་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡིན་པས་རེད་ཟེར་རམ། ངས་བསམ་ན་འདི་དག་ནི་བོད་མི་ས་ཡ་དྲུག་གི་བསམ་དོན་མ་རེད་མོད། དུས་དེ་རིང་ཕྱོགས་ངོས་གཞན་ཞིག་ནས་ཏཱ་ལའི་བླ་མར་ལྟོས་ན་གོང་གི་རྒྱུ་མཚན་འདི་དག་བགྲང་དགོས་པའམ་བགྲང་གིན་པ་ལྟ་བུ་ཞིག་ཆགས་འདུག་པས། ང་ཚོས་རང་གི་ཁ་ནས་ཐལ་བའི་སྐད་ཆ་འདིར་བསྐྱར་ཞིབ་ཅིག་བྱས་ཏེ། མདོ་དོན་སྐད་ཆ་འདི་སྤྱི་ལོ་༡༩༥༠ལོར་ཏཱ་ལའི་བླ་མས་རི་བོ་པོ་ཏཱ་ལ་རུ་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་ཁོང་ལ་རྒྱལ་ཁབ་དབུ་འཛིན་གྱི་མཚན་གནས་ཕུལ་བ་བཅས་ཀྱི་གནས་ལུགས་ཀྱིས་བཞེངས་བ་ངོ་འཕྲོད་པར་བྱས་ནས་ང་ཚོར་མཁོ་བའི་དབུ་ཁྲིད་ཏཱ་ལའི་བླ་མ་འཚོལ་དགོས་ཀྱི་འདུག ཁོང་གིས་ང་དགུ་ལོའི་དུས་ལོག་སྐབས་ཉམ་ཐག་བོད་མི་ཚོར་བཙན་བྱོལ་གྱི་གནས་ཡུལ་འདི་བཙལ་བ་དང་། བོད་མིའི་འཐབ་རྩོད་ཀྱི་ངོ་བོ་འཚེ་མེད་ཞི་བར་བསྒྱུར་བ། དྲུག་ཅུ་རེ་གྲངས་ནང་མང་གཙོའི་གསོལ་རས་གནང་བ། བརྒྱད་ཅུ་གྱ་གྲངས་ནང་བོད་དོན་བདེན་མཐའ་སེལ་བའི་ཐབས་ལམ་དབུ་མའི་ལམ་གྱི་སྲིད་ཇུས་བཏོན་གནང་པ་བཅས་ཧ་ཅང་རླབས་ཆེན་གྱི་དགོངས་གཞི་ཡིན་པ་ཚང་མས་ར་འཕྲོད་ཡོད་མོད། ངས་འདིར་ཁོང་གིས་དབུ་ཁྲིད་སྟངས་ལ་ཕྱོགས་ངོས་གཞན་ཞིག་ནས་བལྟ་དགོས་ཀྱི་འདུག་ཟེར་བ་ཡིན།
འོན་ཀྱང་། དེ་རིང་སང་ཉིན་བོད་རྒྱ་འབྲེལ་མོལ་ཟེར་བའི་ལམ་ཁ་ཞིག་འདིངས་ཀྱི་ཡོད་མོད།
ལམ་ཁ་དེ་ཡང་མཚམས་རེར་ཆད། མཚམས་རེར་མཐུད། གང་ལྟར། ཉེ་བའི་ཆར་འབྲེལ་མོལ་ཐེངས་བདུན་པ་ཟེར་བ་དེ་གྲུབ། གྲུབ་འབྲས་ནི་བློ་ཕམ་ཟེར་བ་དེ་ཡིན། དེ་ལ་ཁག་ཅི་ཡོད། དང་པོ་ནས་འབྲེལ་མོལ་བྱེད་སྟངས་དང་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་བཟང་ཐག་ངན་ཐག་ཆོད་པའི་ལས་གཞི་ཞིག་བརྩམས་མེད་པས་རྐྱེན་གྱིས་རེད། ད་དུང་འདི་ལྟར་ཕྱིན་ན། བོད་མི་རིགས་འདི་འཆི་ལམ་ལ་འདེད་རྒྱུ་མ་གཏོགས་གཞན་ལམ་ཁ་མེད། ད་ནི་དབུ་མའི་ལམ་ལ་བསྐྱར་ཞིབ་བྱེད་པའི་དུས་ལ་བབ་འདུག དབུ་མའི་ལམ་ཟེར་བ་འདི་བརྒྱུད་ནས་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་ཀྱི་མེད་པ་ཁ་ཇེ་གསལ་ནས་ཇེ་གསལ་རེད། ད་དུང་འདི་ལྟར་ཨུ་ཚུགས་བརྒྱབ་ནས་ཅི་བྱེད། དོན་དངོས་སུ་་བོད་ནང་གི་གཞིས་ལུས་བོད་མིའི་ཚོའི་སེམས་ཀྱི་རེ་སྒུག་དང་སྡུག་བསྔལ་ཅི་རེད།
ད་ལྟ་བར་གྱི་བཙན་བྱོལ་གྱི་ལོ་ངོ་བཞི་བཅུའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་བ་ཡིན་ན། ཏཱ་ལའི་བླ་མ་བོད་མིའི་ཆོས་སྲིད་ཀྱི་དབུད་འཁྲིད་ཡིན་ལབ་ཀྱི་ཡོད་རུང་། དོན་དངོས་སུ། ཁོང་གིས་སྲིད་ལས་ཆོས་ལ་ཤི་འཐམ་རོ་འཐམ་བྱས་ཏེ་ཆོས་དོན་གལ་ཆེ་བ་དང་སྲིད་དོན་དོན་ཆུང་བར་བརྩིས་ཡོད། ཁོང་གིས་སྔ་མོ་ནས་བོད་མིའི་རྩ་དོན་རང་ལ་བསམ་བློ་བཏང་། འགན་འཁྲི་བླངས་ནས་བོད་མི་མང་གི་སྣེ་འཁྲིད་ཡོད་ན། ད་ལྟ་བར་དུ་ལྷག་མི་སྲིད། འོན་ཀྱང་། ཁོང་གིས་སྲིད་ཀྱི་དོན་ཉུང་ཙམ་དང་ཆོས་ཀྱི་དོན་མང་ཙམ་བསྒྲུབས་པ་རེད། ཆོས་བ་རྣམ་དག་ཞིག་གི་ངོས་ནས་བརྗོད་ན་འདི་ནི་ཡང་དག་པ་ཞིག་ཡིན། ངའི་བསམ་པར། ཕྱོགས་ངོས་གཞན་ཞིག་ནས་བརྗོད་ན། ཁོང་ནི་ཆབ་སྲིད་ཀྱི་དབུ་འཁྲིད་ཡང་དག་ཞིག་ཀྱང་བྱེད་དགོས་རྒྱུ་ནི་ད་ལྟའི་བོད་ཕྱི་ནང་གི་གནས་སྟངས་ལ་བལྟས་ན་ཧ་ཅང་གལ་ཆེ།
ད་དུང་། ཉེ་བའི་འཛམ་གླིང་ལོ་རྒྱུས་ཁྲོད་ཀྱི་ཏཱ་ལའི་བླ་མའི་མཛད་འཕྲིན་ཁག་ལ་ཞིབ་ཀྱིས་དཔྱད་ན། ཁོང་གིས་འཛམ་གླིང་གི་དོན་མང་ཙམ་བསྒྲུབས་པ་དང་བོད་དོན་ནི་ཞོར་ལས་ལྟ་བུ་ཆགས་འདུག འཛམ་གླིང་མི་མང་གི་བདེ་སྡུག་གི་ཆེད་དུ་མི་རིགས་རིས་མེད་ལ་ཞབས་འདེགས་ཞུ་བ་ནི་ཧ་ཅང་བརྩི་བཀུར་ཞུ་དགོས་བ་ཞིག་རེད། འོན་ཀྱང་། རྒྱལ་ཁབ་ཤོར་བའི་མི་མང་ཞིག་གི་དབུ་འཁྲིད་ཡིན་པའི་ཆ་ནས་གླེང་ན། རང་གི་རྒྱལ་ཁབ་དང་མི་མང་དང་པོར་འཛིན་རྒྱུ་ནི་ཧ་ཅང་ནས་གལ་ཆེ། དེ་བས། འདིར་ཁ་གསལ་བོས་བཤད་རྒྱུ་ཞིག་ལ་བོད་མི་རིགས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་ཏཱ་ལའི་བླ་མ་ནི་བོད་མི་རིགས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་ཡིན་པ་ལས། འཛམ་གླིང་སྤྱི་ནོར་དང་ཞི་བདེ་དེད་དཔོན། སྲིད་ཞིའི་གཙུག་རྒྱན་དང་འགྲོ་བའི་མགོན་པོ། འདི་ཕྱིའི་སྐྱབས་གནས་སོགས་གང་ཡང་མིན། ཏཱ་ལའི་བླ་མ་ཉིད་བོད་མིའི་དབུ་འཁྲིད་ཡིན་མ་གཏོགས། མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དབུ་འཁྲིད་མིན། བོད་མིའི་དབུ་འཁྲིད་ཡིན་ན། བོད་མིའི་དབུ་འཁྲིད་ཀྱི་འགན་འཁྲི་གཙང་བཞེས་བྱེད་དགོས། བོད་མིའི་སྣེ་འཁྲིད་དགོས། ཞི་བའི་ལས་འགུལ་གྱི་སྣེ་འཁྲིད་ནས་རང་དབང་འཐབ་རྩོད་བྱེད་དགོས།
ཏཱ་ལའི་བླ་མ་ཡང་ནཱལ་སོ་་མན་རྡི་ལ་ནང་བཞིན་བཙོན་དུ་བཞུགས་དགོས་ཐུག་ཀྱང་རུང་།སེམས་དཔའ་ཆེན་པོ་གྷན་རྡི་ནང་བཞིན་མི་མང་དང་མཉམ་དུ་གོམ་བགྲོད་བྱེད་དགོས་ཀྱང་རུང་། ཨན་སོང་སེ་སྐྱིད་བཞིན་བཟང་བཙོན་དུ་བཞུགས་དགོས་ཀྱང་རུང་། ཏཱ་ལའི་བླ་མ་དངོས་སུ་འཐབ་རྩོད་ཀྱི་ལས་ལ་ཞུགས་དགོས། ད་ནས་བཟུང་ཏཱ་ལའི་བླ་མའང་བོད་དོན་གྱི་ཆེད་དུ་མཁའ་ལམ་བརྒྱུད་ནས་འཕུར་བ་ལས། ས་ལ་བབས་ནས་མི་མང་དང་མཉམ་དུ་བོད་དོན་གྱི་ཆེད་དུ་གོམ་བགྲོད་ལ་ཕེབས་དགོས། ད་ནས་བཟུང་ཏཱ་ལའི་བླ་མས་ཀྱང་བོད་དོན་གྱི་ཆེད་དུ་ཁྲི་ཐོགས་ནས་སྨོན་ལམ་རྒྱག་པ་ལས། ཐང་ལ་བབས་ནས་མི་མང་དང་མཉམ་དུ་བོད་དོན་གྱི་ཆེད་དུ་ཟས་བཅད་ངོ་རྒོལ་ལ་བཞུགས་དགོས། ད་ནས་བཟུང་ཏཱ་ལའི་བླ་མའང་ཕོ་བྲང་ནང་བོད་དོན་གྱི་ཆེད་དུ་སྐུ་མཚམས་ལ་བཞུགས་པ་ལས། ཕྱི་ལ་ཕེབས་ནས་མི་མང་དང་མཉམ་དུ་བོད་དོན་གྱི་ཆེད་དུ་བཙོན་ལ་བཞུགས་དགོས། ད་ནས་བཟུང་ཏཱ་ལའི་མས་བོད་དོན་ཨང་དང་པོ་དང་གཞན་དོན་ཨང་གཉིས་པར་འཇོག་དགོས། བོད་ཀྱི་དཀའ་ངལ་སེལ་རྒྱུ་ཨང་དང་པོ་དང་གཞན་གྱི་དཀའ་ངལ་སེལ་རྒྱུ་ཨང་གཉིས་པར་འཇོག་དགོས།
རྒྱུ་མཚན། ཏཱ་ལའི་བླ་མའི་གདུལ་ཞིང་བཙོན་ཁང་དུ་གྱུར་ཡོད་པས། ཏཱ་ལའི་བླ་མའི་མི་མང་ཉུང་ཤས་ད་དུང་ཡང་ས་མཐའ་ན་ཡོད་ལ། ཏཱ་ལའི་བླ་མའི་མི་མང་མང་ཤོས་ད་དུང་བཙོན་འོག་ཏུ་ཡོད།
ཏཱ་ལའི་བླ་མ་བོད་ཀྱི་དབུ་འཁྲིད་དངོས་གནས་བ་དེ་ཡིན་ན་། ཡིན་པའི་ཚོད་ཀྱིས་འགན་འཁྲི་ཐོད་དུ་བླངས་དགོས།
མི་རིགས་ཀྱི་འཐབ་རྩོད་དང་རང་དབང་ལ་དེ་བསྟུན་གྱི་ལམ་ཁ་དང་འགན་འཁྲི་ཞིག་ཡོད། ཉི་མ་དེ་རིང་ནས་བཟུང་ཏཱ་ལའི་བླ་མས་བོད་ཀྱི་དབུ་འཁྲིད་རང་ཡིན་པའི་ངོ་བོའི་ཐོག་ནས་བོད་དོན་ལས་འགུལ་སྤེལ་དགོས།
བོད་མིའི་རང་དབང་གི་ཆེད་དུ་ཞི་བའི་འཐབ་རྩོད་ཀྱི་ལས་ལ་ཞུགས་དགོས། ཏཱ་ལའི་བླ་མའི་སྐུ་ཚེའི་རིང་ལ་བོད་ཀྱི་གནད་དོན་སེལ་ན་དེ་གས་འགྲིག འཛམ་གླིང་ཞི་བདེའི་དེད་དཔོན་དང་འགྲོ་བའི་གཙུག་རྒྱན་མ་ཆགས་རུང་སྐྱོན་མེད།
བོད་ཀྱི་གནད་དོན་སེལ་མ་ཐུབ་ན་འཛམ་གླིང་ཞི་བདེའི་དེད་དཔོན་དང་འགྲོ་བའི་གཙུག་རྒྱན་ཡིན་ཟེར་བའི་སྐད་ཆ་དེ་ཡང་བོད་མིའི་སེམས་ནས་སྟོང་པ་ཆགས་འགྲོ་གི་རེད། ཡལ་འགྲོ་གི་རེད།
མཐའ་དོན། བོད་མི་ས་ཡ་དྲུག་གི་དབུ་འཁྲིད་ཏཱ་ལའི་བླ་མ་སྐུ་ཚེ་ཁྲི་ལོར་བརྟན་པ་དང་ཏཱ་ལའི་བླ་མའི་སྐུ་ཚེའི་རིང་ལ་བོད་དོན་བདེན་མཐའ་སེལ་ཐུབ་པར་ཤོག བོད་རྒྱལ་ལོ། བདེན་པ་རྒྱལ་ལོ།
རྒད་པོ་ཁྱོའི་རྩོམ་འདིས་དེ་རིང་གི་ངའི་ལག་སྣེའི་འཆར་གཞི་དཀྲུགས་སོང་། ཁྱོའི་སེམས་འཚབ་དང་སེམས་སྡུག་རྣམས་འགོས་ནད་ཅིག་ལྟར་ངའི་ཡ་ཁོག་ཧྲིལ་བོར་ཁྱབ་སྟེ་ང་ཡང་ན་འགོ་ཚུགས་སོང་། ཡིན་ནའང་ང་ད་རུང་ལོ་ཆུང་བས་ཤི་མི་འདོད། སྨན་ཞིག་ཅིས་ཀྱང་བཙལ་དགོས་ཀྱི་རེད།
རྒད་པོ་འདི་རྒད་པོ་ཞིག་ཡིན་ན་རྒད་པོའི་གཏམ་ལ་གོ་རྒྱུ་འདུག ༧རྒྱལ་བ་རིན་པོ་ཆེས་མི་མང་གི་མགོ་འཁྲིད་བཞིན་ཕེབས་རྒྱུ་དང་ལས་འགུལ་ནང་ཞུགས་རྒྱུ་ཟེར་བ་འདི་རྨི་ལམ་བཟང་པོ་ཞིག་རེད། སྐད་ཆ་སྙན་མོ་ཞིག་རེད། རེ་བ་རྣམ་དག་ཅིག་རེད། ཡིན་ན་ཡང་འགྲུབ་རྒྱུ་ཞིག་ཨེ་ཡོད། ༧རྒྱལ་བ་རིན་པོ་ཆེ་བོད་ཀྱི་བླ་མ་རེད། བླ་མ་དང་པོ་རེད།
སེམས་པ་བཟང་པོ་དང་སྐད་ཆ་རྫབ་ཆེན།
ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་གྱིས། །ཐར་བ་རང་ལ་རག་ལས་ཤེས་པར་གྱིས། །
བཅོམ་ལྡན་འདས་ཀྱིས་ཁོང་གི་རྗེས་འཇུག་དག་ལ་གདམས་པ།
ཉིད་ཀྱིས། “དོན་དངོས་སུ། ཁོང་གིས་སྲིད་ལས་ཆོས་ལ་ཤི་འཐམ་རོ་འཐམ་བྱས་ཏེ་ཆོས་དོན་གལ་ཆེ་བ་དང་སྲིད་དོན་དོན་ཆུང་བར་བརྩིས་ཡོད། “ཟེར།
གལ་སྲིད་ཉིད་ཀྱིས་ཁོང་གི་གླེགས་བམ་བཅུ་ཕྲག་བརྒལ་བར་བཞུགས་པའི་ཆབ་སྲིད་ལམ་སྟོན་དེ་དག་རེ་རེ་བྱས་ནས་ཅིག་བཀླགས་ཡོད་རྒྱུ་ན།
གལ་སྲིད་ཉིད་ཀྱིས་ཁོང་གིས་དཀྱིལ་ཡངས་པའི་ཐུགས་གསེང་དུ་རྒྱ་མཚོ་ལྟར་བསྐྱིལ་དང་སྐྱིལ་བཞིན་པའི་ཁ་བ་ཅན་གྱི་བདེ་སྡུག་གི་ཆེད་དུ་བསགས་པའི་ཐུགས་ངལ་གྱི་སྤྱན་ཆབ་འདི་གཅིག་དྲན་ཡོད་རྒྱུ་ན།
གལ་སྲིད་ཁོང་རྒྱ་མིའི་བཙོན་ཁང་དུ་གྲོངས་སོང་ན་ཉི་མ་དེ་རང་ནས་བཟུང་སྟེ་བོད་མི་ས་ཡ་དྲུག་གི་སེམས་ཁོང་གི་འགྲན་ཟླ་མེད་པའི་ཉི་མ་འོད་ཆེན་དེ་དུས་གཏན་དུ་ཡལ་སོང་བའི་ངེས་ཤེས་ཟབ་མོ་ཞིག་ཁྱོད་ལ་ཡོད་རྒྱུ་ན། ཉིད་ཀྱིས་འདི་ལྟར་ཁ་བདག་མེད་ནང་ནས་ཚིག་ཚོད་མེད་འདི་འདྲ་ཞིག་སྨྲ་མི་སྲིད་པའི་ཡིད་ཆེས་གཏིང་ཟབ་ཅིག་ཁོ་བོར་ལོས་ཀྱང་ཡོད།
ཡང་ཉིད་ཀྱིས། “ཁོང་གིས་སྔ་མོ་ནས་བོད་མིའི་རྩ་དོན་རང་ལ་བསམ་བློ་བཏང་། འགན་འཁྲི་བླངས་ནས་བོད་མི་མང་གི་སྣེ་འཁྲིད་ཡོད་ན། ད་ལྟ་བར་དུ་ལྷག་མི་སྲིད། “ཟེར།
གལ་སྲིད་ཉིད་ཀྱིས་མིག་རྒྱང་རིང་དུ་བསྲིངས་ཏེ་ཁོང་གིས་ད་བར་དུ་བོད་པ་མགོ་འཐོམ་འདི་དག་ཨ་མས་བུ་ཕྲུག་སྐྱོང་སྐྱོང་དང་དམིགས་བུས་ལོང་བ་འཁྲིད་འཁྲིད་གནང་ཡོད་པའི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་ཕྲན་བུ་ལས་ཀྱང་ཕྲན་བུ་ཞིག་ཡོད་རྒྱུ་ན།
གལ་སྲིད་ཉིད་ཀྱིས་དུས་ད་ལྟ་བར་དུ་ཁོང་གིས་ངའི་བོད་དང་བོད་མི་ཞེས་གསུང་སྐད་འགག་རག་བར་དུ་གླིང་ཆེན་དང་གླིང་ཆེན་བར་དང་རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་བོད་དོན་ཁྱབ་བསྒྲགས་གནང་དང་གནང་བཞིན་པ་འདི་དག་ཡོངས་སུ་རྩིས་མེད་རྡོག་རོལ་དུ་བཏང་མེད་རྒྱུ་ན།
གལ་སྲིད་ཉིད་ཀྱིས་ཁོང་གིས་བོད་དོན་བདེན་མཐའ་མ་གསལ་གོང་ལ་གལ་སྲིད་ང་ཤི་བ་ཡིན་ན་ཡང་ངའི་དབུགས་དེ་ལས་སླ་བོར་འགྲོ་ས་མ་རེད་གསུངས་པའི་གསེར་སྲང་འབུམ་གྱིས་གཞལ་བར་དཀའ་བའི་བཀའ་སློབ་འདི་དག་གོར་མ་བརྩེགས་པའི་ཐོས་འཛིན་གྱི་རྒྱབ་ཏུ་བསྐྱུར་མེད་ན།
གལ་སྲིད་ཉིད་ཀྱིས་བོད་དོན་བདེན་མཐའ་གསལ་རྒྱུ་འདི་ནི་རྒྱ་ནག་གཞུང་གིས་བརྒྱ་ཆའི་བརྒྱད་ཅུའི་འགན་ཁུར་ལེན་དགོས་པའི་ཆབ་སྲིད་ཀྱི་རྩ་དོན་འདི་དག་ལ་ངོས་འཛིན་གསལ་བོ་ཞིག་ཡོད་རྒྱུ་ན།
ཉིད་ཀྱིས་ང་ཚོའི་རླབས་ཆེ་བའི་དབུ་ཁྲིད་འདི་ལ་དེ་ལྟ་བུའི་གཞི་མེད་རྩ་བྲལ་གྱི་གླེང་འགེལ་ནག་པོ་ཞིག་བྱེད་མི་སྲིད་པའི་གདེང་སྤོབས་ཤིག་ང་ལ་ཡོད་དོ། །
མཐའ་དོན། ཁོང་བཙོན་ཁང་དུ་མ་ཕེབས་པའི་འཁང་ར་དང་ཁོང་སྐུ་ཚེ་བརྟན་པའི་ཁ་གཡང་འདི་གཉིས་ཀྱིས་ང་ལ་མི་བུ་གང་ཉིད་ཀྱི་ཀླད་རྩ་གཅིག་མ་ཚང་བའམ་ཡང་ན་རྩ་གཅིག་ལྷག་པ། དེ་མིན་ན་ཀླད་རྩ་འཁྲུགས་པ་མིན་ནམ་བསམ་པའི་དོགས་པ་ཞིག་ཀྱང་བསྐྱེད་དོ། །
གཅིག ཁོང་བཙོན་ཁང་དུ་ཕེབས་ན་ཁོང་གི་སྐུ་ཚེ་བརྟན་ནམ།
གཉིས། ཁོང་གི་སྐུ་ཚེ་བརྟན་དགོས་ན་ཁོང་བཙོན་ཁང་དུ་ཕེབས་ན་འགྲིག་གམ།
འདི་ནི་རྒད་པོ་ཧོན་ལོག་ཅིག་གི་སྐད་ཆ་དང་མི་འདྲ་བར་ན་གཞོན་ཀླད་ལོག་ཅིག་གི་སྟོང་བཤད་རང་རེད།
སེམས་པ་བཟང་པོ་དང་སྐད་ཆ་རྫབ་ཆེན།
ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་གྱིས། །ཐར་བ་རང་ལ་རག་ལས་ཤེས་པར་གྱིས། །
བཅོམ་ལྡན་འདས་ཀྱིས་ཁོང་གི་རྗེས་འཇུག་དག་ལ་གདམས་པ།
ཉིད་ཀྱིས། “དོན་དངོས་སུ། ཁོང་གིས་སྲིད་ལས་ཆོས་ལ་ཤི་འཐམ་རོ་འཐམ་བྱས་ཏེ་ཆོས་དོན་གལ་ཆེ་བ་དང་སྲིད་དོན་དོན་ཆུང་བར་བརྩིས་ཡོད། “ཟེར།
གལ་སྲིད་ཉིད་ཀྱིས་ཁོང་གི་གླེགས་བམ་བཅུ་ཕྲག་བརྒལ་བར་བཞུགས་པའི་ཆབ་སྲིད་ལམ་སྟོན་དེ་དག་རེ་རེ་བྱས་ནས་ཅིག་བཀླགས་ཡོད་རྒྱུ་ན།
གལ་སྲིད་ཉིད་ཀྱིས་ཁོང་གིས་དཀྱིལ་ཡངས་པའི་ཐུགས་གསེང་དུ་རྒྱ་མཚོ་ལྟར་བསྐྱིལ་དང་སྐྱིལ་བཞིན་པའི་ཁ་བ་ཅན་གྱི་བདེ་སྡུག་གི་ཆེད་དུ་བསགས་པའི་ཐུགས་ངལ་གྱི་སྤྱན་ཆབ་འདི་གཅིག་དྲན་ཡོད་རྒྱུ་ན།
གལ་སྲིད་ཁོང་རྒྱ་མིའི་བཙོན་ཁང་དུ་གྲོངས་སོང་ན་ཉི་མ་དེ་རང་ནས་བཟུང་སྟེ་བོད་མི་ས་ཡ་དྲུག་གི་སེམས་ཁོང་གི་འགྲན་ཟླ་མེད་པའི་ཉི་མ་འོད་ཆེན་དེ་དུས་གཏན་དུ་ཡལ་སོང་བའི་ངེས་ཤེས་ཟབ་མོ་ཞིག་ཁྱོད་ལ་ཡོད་རྒྱུ་ན། ཉིད་ཀྱིས་འདི་ལྟར་ཁ་བདག་མེད་ནང་ནས་ཚིག་ཚོད་མེད་འདི་འདྲ་ཞིག་སྨྲ་མི་སྲིད་པའི་ཡིད་ཆེས་གཏིང་ཟབ་ཅིག་ཁོ་བོར་ལོས་ཀྱང་ཡོད།
ཡང་ཉིད་ཀྱིས། “ཁོང་གིས་སྔ་མོ་ནས་བོད་མིའི་རྩ་དོན་རང་ལ་བསམ་བློ་བཏང་། འགན་འཁྲི་བླངས་ནས་བོད་མི་མང་གི་སྣེ་འཁྲིད་ཡོད་ན། ད་ལྟ་བར་དུ་ལྷག་མི་སྲིད། “ཟེར།
གལ་སྲིད་ཉིད་ཀྱིས་མིག་རྒྱང་རིང་དུ་བསྲིངས་ཏེ་ཁོང་གིས་ད་བར་དུ་བོད་པ་མགོ་འཐོམ་འདི་དག་ཨ་མས་བུ་ཕྲུག་སྐྱོང་སྐྱོང་དང་དམིགས་བུས་ལོང་བ་འཁྲིད་འཁྲིད་གནང་ཡོད་པའི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་ཕྲན་བུ་ལས་ཀྱང་ཕྲན་བུ་ཞིག་ཡོད་རྒྱུ་ན།
གལ་སྲིད་ཉིད་ཀྱིས་དུས་ད་ལྟ་བར་དུ་ཁོང་གིས་ངའི་བོད་དང་བོད་མི་ཞེས་གསུང་སྐད་འགག་རག་བར་དུ་གླིང་ཆེན་དང་གླིང་ཆེན་བར་དང་རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་བོད་དོན་ཁྱབ་བསྒྲགས་གནང་དང་གནང་བཞིན་པ་འདི་དག་ཡོངས་སུ་རྩིས་མེད་རྡོག་རོལ་དུ་བཏང་མེད་རྒྱུ་ན།
གལ་སྲིད་ཉིད་ཀྱིས་ཁོང་གིས་བོད་དོན་བདེན་མཐའ་མ་གསལ་གོང་ལ་གལ་སྲིད་ང་ཤི་བ་ཡིན་ན་ཡང་ངའི་དབུགས་དེ་ལས་སླ་བོར་འགྲོ་ས་མ་རེད་གསུངས་པའི་གསེར་སྲང་འབུམ་གྱིས་གཞལ་བར་དཀའ་བའི་བཀའ་སློབ་འདི་དག་གོར་མ་བརྩེགས་པའི་ཐོས་འཛིན་གྱི་རྒྱབ་ཏུ་བསྐྱུར་མེད་ན།
གལ་སྲིད་ཉིད་ཀྱིས་བོད་དོན་བདེན་མཐའ་གསལ་རྒྱུ་འདི་ནི་རྒྱ་ནག་གཞུང་གིས་བརྒྱ་ཆའི་བརྒྱད་ཅུའི་འགན་ཁུར་ལེན་དགོས་པའི་ཆབ་སྲིད་ཀྱི་རྩ་དོན་འདི་དག་ལ་ངོས་འཛིན་གསལ་བོ་ཞིག་ཡོད་རྒྱུ་ན།
ཉིད་ཀྱིས་ང་ཚོའི་རླབས་ཆེ་བའི་དབུ་ཁྲིད་འདི་ལ་དེ་ལྟ་བུའི་གཞི་མེད་རྩ་བྲལ་གྱི་གླེང་འགེལ་ནག་པོ་ཞིག་བྱེད་མི་སྲིད་པའི་གདེང་སྤོབས་ཤིག་ང་ལ་ཡོད་དོ། །
མཐའ་དོན། ཁོང་བཙོན་ཁང་དུ་མ་ཕེབས་པའི་འཁང་ར་དང་ཁོང་སྐུ་ཚེ་བརྟན་པའི་ཁ་གཡང་འདི་གཉིས་ཀྱིས་ང་ལ་མི་བུ་གང་ཉིད་ཀྱི་ཀླད་རྩ་གཅིག་མ་ཚང་བའམ་ཡང་ན་རྩ་གཅིག་ལྷག་པ། དེ་མིན་ན་ཀླད་རྩ་འཁྲུགས་པ་མིན་ནམ་བསམ་པའི་དོགས་པ་ཞིག་ཀྱང་བསྐྱེད་དོ། །
གཅིག ཁོང་བཙོན་ཁང་དུ་ཕེབས་ན་ཁོང་གི་སྐུ་ཚེ་བརྟན་ནམ།
གཉིས། ཁོང་གི་སྐུ་ཚེ་བརྟན་དགོས་ན་ཁོང་བཙོན་ཁང་དུ་ཕེབས་ན་འགྲིག་གམ།
འདི་ནི་རྒད་པོ་ཧོན་ལོག་ཅིག་གི་སྐད་ཆ་དང་མི་འདྲ་བར་ན་གཞོན་ཀླད་ལོག་ཅིག་གི་སྟོང་བཤད་རང་རེད།
གཡུ་ཚང་ལྷ་མོ་དོན་གྲུབ་ཀྱི་བཤད་པའི་སྐད་ཆ་འདི་དག་མ་རེད་ཟེར་ལབ་མི་ཐུབ་ཀྱང་། ཡང་གནས་ཚུལ་གྱི་ཕྱོགས་གཞན་ཞིག་ནས་བལྟས་ན་འདི་ལྟར་རེད།
༡ རྒྱལ་བ་རིན་པོ་ཆེར་ཆེད་བསྟོད་འདི་དག་ཁོང་གིས་བརྩོལ་བ་བྱས་ནས་བསྒྲུབས་པ་མ་རེད། གཞན་གྱིས་ཁོང་ལ་ཕུལ་ནས་ཁོང་གི་ལས་འགུལ་གང་ཞིག་ལ་འབུལ་མཁན་ཚོའི་རེ་བ་མཚོན་པ་བྱས་ཡོད། གལ་ཏེ་མི་དེ་ཚོར་འདི་ལྟར་ཤོད་མཆོག་མ་ཡོང་ལབ་ན་གཏམ་བརྗོད་རང་དབང་འཕྲོག་་པ་རེད།
༢ རྒྱལ་བ་རིན་པོ་ཆེས་གནང་ཐུབ་པ་དེ་ཚོ་ཚང་མ་རྒྱས་ཤིང་ལེགས་པ་གནང་འཚར་སོང་། ད་བོད་མི་དམངས་ལ་རགས་ལུས་ཡོད། ཁོང་གུང་ལོ་༧༤ཡོལ་བ་རེད། རྒལ་ཡོལ་ལ་ཕེབས་ནས་ལྷོད་ཤིག་གེར་ཞུགས་ན་འགྲིག ཕྱི་རྒྱལ་ལ་ཁང་པ་ཉོས། ཚོང་ཁང་ཁ་ཤས་སྒོ་ཕྱེ། ཆོས་ཚོགས་ཁ་ཤས་བརྒྱབ་ནས་ཞུགས་ན་འགྲིག ཁོང་གིས་དེ་ལྟར་གནང་གི་མེད། བོད་འདི་བློས་གཏོང་མི་ཐུབ་པ་དང་། བོད་མི་དམངས་བློས་གཏོང་མི་ཐུབ་པར་མུ་མཐུད་ལོ་གཅིག་ལ་ཟླ་བ་བཅུ་གཅིག་ཕྱོགས་བཞིར་རྒྱུག ཆོས་བཤད། ཞི་བདེ་བཤད། ངོ་བསུས། བགོད་བསློང་ནས་བོད་ཀྱི་གནད་དོན་འདི་འཛམ་གླིང་གི་ཆབ་སྲིད་ཀྱི་སྡིང་ཆ་འདི་ནས་མི་འབུད་པའི་ཐབས་བརྒྱ་ཇུས་སྟོང་གནང་གི་འདུག ད་འདིས་མ་འགྲིག་པར་ཁྱོད་ཁ་བདེ་པོ་བཤད་ནས་འདི་འགྲིག་གི་མིན་འདུག དེ་འགྲིག་གི་མིན་འདུག་ཟེར་བཤད་བསྡད་ན་ཁྱོད་ངོ་ཚ་ཀྱི་མིན་འདུག་གམ།
བོད་ཀྱི་བླ་ཆེན་ས་སྐྱ་ཁྲི་ཆེན་ཡོད་རེད། ཁོང་ག་རེ་གནང་གི་འདུག རྙིང་མའི་བླ་མ་སྐད་གྲགས་ཅན་པད་ནོར་རིན་པོ་ཆེ་ཡོད་རེད། ཁོང་ག་རེ་གནང་གི་འདུག བཀའ་རྒྱུད་བླ་མ་སི་ཏུ་རིན་པོ་ཆེ་ཡོད་རེད། ཁོང་ག་རེ་གནང་གི་འདུག དེ་བཞིན་མི་འཇོན་པོ་ཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ཡོག་རེད། ཁོང་ག་རེ་གནང་གི་འདུག དེ་ཚོ་སྐྱག་པ་བཟའ་བཞིན་ཡོད་དམ།
རྒྱལ་བ་རིན་པོ་ཆེའི་ཁྲག་རེ་རེ་བཞིན་བོད་འདིའི་དོན་དུ་གཏོང་དགོས་པ་དང་། བོད་པ་མངས་ཆེ་བ་འད’ི་ཚོ་ཚོང་རྒྱབ། ཆོས་བཙོངས། མགོ་སྐོར་གཏོང་བཞིན་སྡོད་ཆོག་པ་འདུ་སུས་བཀའ་བཏང་བ་རས།
ཁོང་ནི་པར་རྒྱག་མཁན་དང་ལྡིང་ཆའི་སྟེངས་ལ་སྤྲོ་བ་ལྡན་པའི་ངོ་རིས་བསྟན་གནང་ཡང་། ནམ་རྒྱུན་སེམས་ནང་འཁུར་པོ་ལྗིད་པོ་ཞིག་བསྣམས་བཞིན་འདུག ང་ཁ་སྔོན་འགྲེས་སོང་ཁོང་མཇལ་བྱུང་། ངལ་དུབ་ཆེན་པོ་བྱུང་འདུག ད་རྒྱ་མིའི་སྲིད་གཞུང་གིས་བོད་པ་ཐར་པ་གཏོང་བ་མིན་འདུག་ག ད་དཔེ་བསགས་གྲབས་བྱེད་ཀྱིས། ད་ང་ཚོ་སྤུན་ཟླ་རྒྱ་མི་ཚོའི་སྙིང་རྗེ་དང་བསམ་ཤེས་ལ་ཐུག་འདུག ཁོང་ཚོས་ཡ་མ་བྱས་ན་ད་ཐབས་ཤེས་མིན་འདུག་ གང་འདྲ་གསུངས་བཞིན་སེམས་ལ་སྡུག་བསྔལ་ལྗིད་པོ་ཞིག་བསྣམས་ནས་མོ་ཊའི་ནང་འཛུལ་གནང་སོང་། དེའི་རྗེས་སུ་ཡང་ཐེངས་གཅིག་མཇལ་སྐབས། ཡན་སྐྱར་བཞིན་རས་འདི་སྤྲོ་སེམས་དང་ཡོངས་སུ་བྲབ་བཞིན་སྐྱོ་སྡུག་གིས་ཁེངས་ནས་འདུག
ཅིའི་ཕྱིར་འགྲེས་སོང་ཁོང་གིས་བོད་འདིའི་སྡུག་བསྔལ་ཚང་མ་ཁྱེར་དགོས་སམ། ཅིའི་ཕྱིར་ངེད་ཚོས་ཁོང་གི་འགན་འཁུར་འགའ་ལེན་མི་ཐུབ་བམ། ཅིའི་ཕྱིར་མི་ཁྱོད་ཀྱིས་ཁ་བདེ་པོ་བྱས་ནས་ཁོང་ལ་འདི་ལྟར་སྐྱོན་འཛུགས་བྱེད་ཀྱི་ཡོད་དམ། ཅིའི་ཕྱིར་ཁོང་གིས་བོད་འདི་བློས་གཏོང་ནས་ཁུ་སིམ་པའི་བྲག་ཕུབ་ཤིག་ལ་ཕེབས་ནས་སྒོམ་ལ་རོལ་མི་ཐུབ་པ། ཅིའི་ཕྱིར་ཁོང་གིས་ད་དུང་རེ་བ་རྒྱག་གི་ཡོད་དམ། བོད་རང་བཙན་ལ་རེ་བ་མེད། བོད་མི་འདི་རྒྱ་འོག་ནས་ཐར་བར་རེ་བ་མེད། འདི་ཁྱོད་ཀྱིས་ཤེས། ངས་ཤེས། མི་ཚང་མས་ཤེས་ཀྱི་ཡོད། ཡིན་ནའི་ཅིའི་ཕྱིར་ཁོང་གིས་མི་རྣམས་ལ་རེ་བ་ཞིག་སྤྲོད་ཀྱི་ཡོད་དམ། ཅིའི་ཕྱིར།
༡ རྒད་པོ་དེ་ཕལ་ཆེར་ཧོན་ལོག་ཡོད་པ་འདྲ། སྐད་ཆ་ཁ་ཤས་ཉོག་གཏམ་རེད་འདུག ༢ བོད་དོན་ཆེད་ཤི་ཕོད་ན་དེ་ནི་དཔའ་པོ་རེད་ལ་སེམས་ངལ་བྱས་ནས་ཅི་ཕན། ༣ ད་ལྟའི་བར་ཁོང་གིས་མི་མང་གི་དབུ་འཁྲྲིད་དེ་མ་ཕེབས་པར་གང་ན་ལྷག་འདུག
རྒད་པོའི་བསམ་ཚུལ་ལ་འཐད་མི་འཐད་ཀྱི་སྐད་ཆ་བཤད་རྒྱུ་མ་གཏོགས། རྒད་པོ་ཧོན་ལོག་ཡོད་མེད་དེ་ང་ཚོར་བབ་ཡོད་པ་ཞིག་མ་རེད། རྒད་པོའི་རེ་བ་ལྟར་རྒྱལ་བ་རིན་པོ་ཆེ་ལས་འགུལ་གྱི་ཁྲོད་དུ་ཞུགས་ན་བོད་དོན་ལ་འགྱུར་བ་ག་རེ་འགྲོ་སྲིད་དམ། ང་ཚོས་རེ་རེ་བཞིན་ཚོད་དཔགས་ཀྱིས་བརྡར་ཤ་གཅོད་དགོས་ཀྱི་འདུག
ང་ལ་མཚོན་ན་རྒྱལ་སྤྱིའི་ཐོག་ནསདམིགས་བསལ་གྱི་འགྱུར་བ་འགྲོ་རྒྱུ་རེད་བསམ་པ་མི་འདུག
བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་ཐོག་གི་གནད་དོན་ཞིག་ཏུ་གྱུར་ཡོད་པ་ལ་ང་ཚོ་སུས་ཀྱང་ཐེ་ཚོམ་མི་བྱེད། ཡིན་ནའང་ཕྱི་རྒྱལ་གསར་འགོད་པ་ཞིག་གིས་ཟམ་གདོང་རིན་པོ་ཆེ་ལ་ཁྱེད་ཀྱི་བསམ་པར་རྒྱལ་སྤྱིའི་ཐོག་ཏུ་བོད་ཀྱི་གནད་དོན་ལ་ད་ལྟ་ལས་ལྷག་གི་ངོས་ལེན་དང་རྒྱབ་སྐྱོར་ཐོབ་རྒྱུའི་རེ་བ་ཡོད་དམ་ཞེས་དྲིས་པ་ལ། ཟམ་གདོང་རིན་པོ་ཆེས་མང་ཚོགས་ལ་རྗེས་ནས་འདིའི་སྐོར་ལ་གནས་ཚུལ་འདི་འདྲ་ཞིག་གསུངས་འདུག གསར་འགོད་པ་དེས་ང་ལ་དྲི་བ་དེ་འདྲ་ཞིག་དྲིས་སྐབས། ངས་དེ་ལ་གློ་བུར་དུ་ལན་འདེབས་རྒྱུ་དཀའ་མོ་བྱུང་སོང་། རྒྱུ་མཚན་ནི་ང་ཚོས་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་ལ་མུ་མཐུད་ནས་ངོས་ལེན་ཇེ་ཆེ་དང་རྒྱབ་སྐྱོར་ཇེ་མང་དུ་འགྲོ་བའི་རེ་བ་བརྒྱག་གི་ཡོད་པར་བརྟེན། རེ་བ་ཡོད་པ་མ་རེད་ཅེས་བཤད་ན་མི་འགྲིག་ལ། ཡང་རེ་བ་ཡོད་པ་རེད་ཅེས་བཤད་ན་རེ་བ་ཇི་ལྟར་ཡོད་སྟངས་བཤད་རྒྱུ་དཀའ་མོ་རེད། དེར་བརྟེན་ངས་རྒྱལ་ཁབ་ཁ་ཤས་ཀྱི་ནང་དུ་ཡར་འཕར་ཞིང་རྒྱལ་ཁབ་ཁ་ཤས་ཀྱི་ནང་དུ་མར་ལྷུང་སྟེ་སྡོད་ཀྱི་རེད་མོད། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་ད་དུང་ཅུང་ཙམ་རྒྱབ་སྐྱོར་ཇེ་མང་དང་ངོས་ལེན་ཇེ་ཆེར་འགྲོ་བའི་གོ་སྐབས་ཡོད་པ་མ་ཟད། རེ་བའང་ཡོད་པ་རེད་ཅེས་ལན་བཏབ་པ་ཡིན་ཞེས་བཤད་འདུག
ཡིན་ནའང་ཁོང་གི་དྲིས་ལན་ངོ་མ་ནི་འདི་ལྟར་རེད། རྒྱལ་སྤྱིའི་ཁྲོད་དུ་བོད་ལ་རྒྱབ་སྐྱོར་མེད་པ་མ་རེད་མོད། རྒྱབ་སྐྱོར་མང་ཆེ་བ་ནི་མང་ཚོགས་ཀྱི་རྒྱབ་སྐྱོར་མ་གཏོགས་རྒྱལ་ཁབ་ཀྱི་ཐོག་ནས་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཡོད་མཁན་དཀོན་པོ་རེད། རྒྱ་བོད་གཉིས་ཀྱི་ཆབ་སྲིད་ཀྱི་རྙོག་དྲའི་ཐོག་ལ་ང་ཚོའི་སྲིད་གཞུང་གི་ངོས་ནས་དམིགས་བསལ་གྱིས་ལས་དོན་འདི་ལྟ་བུ་ཞིག་བྱེད་རྒྱུ་ཡིན་ཞེས་རྒྱལ་སྤྱིའི་མདུན་ལ་སྦས་གསང་མེད་པར་མར་ཐོན་ཡོང་མཁན་ཧ་ལམ་མེད་པ་ལྟ་བུ་ཆགས་ཡོད་ཅེས་གསུངས་འདུག
ངོ་མ་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ལ་འཛམ་གླིང་ཐོག་གི་རྒྱལ་ཁབ་སུས་ཀྱང་ཁྲིམས་ཐོག་ནས་ངོས་ལེན་མེད་པ་ནི་གསལ་བོ་ཡིན། ལྷག་པར་དུ་ད་ཆ་རྒྱ་ནག་གི་དཔལ་འབྱོར་ལོ་རེ་ནས་ལོ་རེར་འཕེལ་རྒྱས་དང་ཆབ་སྲིད་ཇེ་བརྟན་དུ་སོང་བ་ན། རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། དྲང་བདེན་བཅས་ཀྱི་ཐོག་ནས་ཁ་གཏད་གཅོགམཁན་གྱི་རྒྱལ་ཁབ་ཇེ་ཆུང་དུ་འགྲོ་བཞིན་པ་གསལ་བོ་རེད། ཡིན་ནའང་ཨ་མི་རི་ཀས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་འདི་གྲོགས་མེད་ཁེར་རྐྱང་དུ་མ་བཞག་པར་འདི་ལ་ཚོང་འབྲེལ་དང་དཔལ་འབྱོར་གྱི་འབྲེལ་བ་བྱུང་ན། འབྲེལ་བ་འདིའི་ཐོག་ནས་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་གུ་ཡངས་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་དད་མོས་རང་དབང་སོགས་གནད་དོན་མང་པོ་ཞིག་གི་ཐོག་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་རྙེད་ཀྱི་རེད་ཅེས་བཤད་ཀྱི་ཡོད་མོད། དེ་ལྟར་འབྱུང་མི་ཐུབ་པ་ད་ལོ་ར་སྤྲོད་བཏང་སོང་།
དེ་བས་༧རྒྱལ་བ་རིན་པོ་ཆེ་ལས་འགུལ་ཁྲོད་དུ་ཞུགས་ན་རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་གནད་དོན་ལ་འགྱུར་བ་ཅི་ཞིག་འགྲོ་རྒྱུ་ཡིན་པ་ངས་ཚོད་དཔགས་བྱེད་ཐུབ་ཀྱི་མི་འདུག མ་ཚར། མུ་མཐུད་ནས་འགོད་རྒྱུ་ཡིན།
རྒྱ་ནག་གི་ཕྱོགས་ནས་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཞིག་ཀྱང་རིག་མི་ཉན་པའི་སྐབས་འདིར། ཁོང་སྐུ་ངོ་མ་རྒྱ་ལག་ཏུ་ཆུད་ཚེ་རྩ་མེད་དམ་ཡང་ན་བཟང་བཙོན་དུ་འཇུག་རྒྱུ་ནི་བཤད་མི་དགོས་པ་ཞིག་རེད། འདི་ལ་བརྟེན་ནས་བོད་མི་ཚོས་སྲོག་གི་དམར་མཆོད་འབུལ་རྒྱུ་རེད་ལ། ནུབ་ཕྱོགས་སྲིད་གཞུང་ཚོས་རྒྱང་ནས་ཀི་རེ་བཏབ། མང་ཚོགས་ཀྱིས་མེ་ཏོག་གི་རི་རབ་བརྩིགས། གསར་འགོད་པ་ཚོས་སྟོན་ལས་ལས་རྒྱུ་མ་གཏོགས་གཞན་ཅང་བྱེད་རྒྱུ་ཨེ་ཡོད་བསམ།
བཙན་བྱོལ་ན་སྲིད་ཕྱོགས་ནས་གཞིས་ཆགས་སྲ་བརྟན་དང་རིག་གཞུང་སྲུང་སྐྱོབ་གཉིས་མ་གཏོགས་ལས་འགུལ་གཞན་ཅི་ཞིག་སྤེལ་རྒྱུ་ཡོད་དམ།
དེ་བས་མཐར་གཏུགས་ན། དབུ་མའི་ལམ་གྱི་ཐོག་ལ་འབབ་ཀྱི་འདུག ཁ་ཤས་ཀྱིས་གཞོན་ནུ་ཚོགས་པ་ཞེས་ངར་ངར་བྱེད་མོད། དེའི་ལོ་རྒྱུས་ལ་ཅིག་བལྟས་ཚེ། ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུ་བཅས་མི་རེ་ཟུང་ཞིག་མ་གཏོགས་ཕལ་ཆེ་བར་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་ཡོད་མཁན་དེ་འདྲ་མ་རེད། རྒྱ་རི་དང་བློ་བཟང་སྙན་གྲགས་སོགས་མཐོ་མཐོ་རྫིག་རྫིག་མང་པོ་ཞིག་གཞོན་ནུ་ཚོགས་པའི་གདོང་འབག་གོན་ཏེ་སྲིད་དོན་གྱི་འཆམ་བརྒྱག་མྱོང་མཁན་ཤ་སྟག་རེད།
རྒད་པོ་ལ་ཁག་ཅི་ཡོད། ང་ཕོ་གཞོན་ཞིག་ཀྱང་སེམས་ལ་སྡུག་ཆུ་བསགས་ནས་སྐྲན་ནད་དུ་འགྱུར་ཉེན་ཆེ། ན་ཚ་འདི་ཅི་ལྟར་བཅོས་དགོས་སམ།
རྒྱལ་བ་རིན་པོ་ཆེ་དགུང་ལོ་73རེད། ང་ཚོའི་མཉམ་དུ་ལོ་ཅི་ཙམ་ལ་བཞུགས་ཐུབ་བམ། ཁོང་གི་འཕྲོ་ན་ཡོད་པ་མང་པོ་ཞིག་རིན་པོ་ཆེའི་མིང་འཛིན་མཁན་མིན་ན་རིན་པོ་ཆེའི་བསམ་བློ་འཛིན་མཁན་དེ་འདྲ་ཤ་སྟག་རེད། བཙན་བྱོལ་སྤྱི་ཚོགས་སུ་དེང་རབ་ཤེས་བྱ་སྦྱོང་སའི་བོད་ཡིག་གི་ཚད་ལྡན་སློབ་གྲྭ་ཆེན་མོ་ཞིག་ད་བར་དུ་ཚུགས་མ་ཐུབ་པ་སུ་ལན་པ་རེད། བཙན་བྱོལ་དུ་རྒྱལ་ཁབ་ཀྱི་རང་བཙན་ཕར་ཞོག་བོད་ཡིག་གི་རང་སྐྱོང་ཙམ་ཡང་ལེན་ཐུབ་ཀྱི་མེད་པ་གསལ་བོ་ཡིན། འདི་ཚང་མ་རྒྱལ་བ་རིན་པོ་ཆེ་ལན་པ་རེད་ཟེར་རྒྱུ་ཡིན་ནམ།
རྒད་པོའི་སྙིང་གཏམ་དེ་ལ་མཆན་བཀོད་མཁན་་ ༡༡ པོ་དེ་རྣམས་ཚང་ལ་ཕལ་ཆེར་༸ཐྲྤཀླད་སྙིང་འཁྲེགས་བཟུང་རྨོངས་དད་ཅན་ཤ་གཏགས་རེག་འདུག བོད་མི་རྣམས་མང་ཆེ་བ་འདི་འདྲ་ཡིན་ན་བོད་རང་བཙན་པར་བཞག་དམངས་གཙོ་ཙམ་གྱི་ཡང་རེ་བ་མི་འདུག ཆོས་སྲིད་མཉམ་བསྲེས་གནང་ནས་སྲིད་ལ་མཐུད་བཤོར་འགྲོ་གི་ཡོད་པ་དེ་རྒད་པོའི་གཏམ་དོན་རེད། ཆོས་དང་འཇིག་རྟེན་ཁ་ཁ་སོ་སོ་རེད། ཅེས་བོད་ཀྱི་གཏམ་རྒན་ཁ་ཆེ་ཕ་ལུས་ཀྱང་བརྗོད་ཡོད་ལ། ལྷག་པར་འཛམ་གླིང་ཡར་མཐོན་རྒྱལ་ཁབ་ཚང་མས་ཆོས་དང་སྲིད་མཉམ་བསྲེས་མི་མཛད་པ་དེ་ལ་དོན་གནད་ཆེན་པོ་ཡོད། འདི་ཙམ་ཡང་གོ་བ་ལེན་ལ་ཐུབ་ན་རྒད་པོའི་སྙིང་གཏམ་ཁྱེད་ཚོས་གོ་ཐུབ་པའི་རེ་བ་མི་འདུག་ལ། བོད་རང་བཙན་དང་དམངས་གཙོ་བཅས་གང་ཡང་རེ་བ་མི་འདུག རྨོངས་དད་ཀྱིས་ཕུངས་པའི་སྤྱི་ཚོགས་དངོས་གནས་རེད་ཤག ད་དུང་ཡང་སྙིད་མ་བསད་པར་བསྡད་ཡོད་དམ། སངས་རྒྱས་ཟེར་བ་དེ་རྨོངས་དད་ལས་སངས་པ་ལ་ཟེར། གལ་ཏེ་ཁྱེད་ཚོ་རྒྱལ་བ་རིན་པོ་ཆེ་ལ་དངོས་ནས་དད་པ་ཡོད་ན་རྨོང་དད་དེ་བསྐྱུར་དགོས་ལ་རིགས་པ་ལྡན་པའི་ཆོས་ཤེས་དགོས་ཤིང་ཆབ་སྲིད་དེ་ཆོས་མ་ཡིན་པ་ཡང་ཤེས་དགོས།
མཐའ་མའི་དྲི་བ་འདི་སུ་ལ་ཕུལ་བ་ཡིན། ཁོང་ལན་སོང་མདོག་མདོག་བཤད་མཁན་གྲལ་རང་མིན་ནམ།
༡ རྒྱལ་བ་རིན་པོ་ཆེ་དགུང་ལོ་གཞོན་པའི་སྐབས་བཤད་དགོས་རྒྱུའི་སྐད་ཆ་ཞིག་དེ་སྐབས་མ་བཤད་པར་ཁོག་པའི་ནང་ད་བར་ཉར་ཉར་ཉར་ནས་མཐར་འཆི་ཁ་ཏག་ཏག་ལ་དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ཅི། ད་ཆ་རྒྱལ་བ་རིན་པོ་ཆེ་རྒས་ནས་མི་ཚང་མས་རྒྱལ་བ་རིན་པོ་ཆེས་སྐུ་ངལ་མང་ཟིག་གསོ་དགོས་ཀྱི་འདུག་ཅེས་ཁོང་གི་གཟུགས་ཁམས་ཀྱི་བདེ་ཐང་ལ་སེམས་ཁྲལ་བྱེད་བཞིན་པའི་སྐབས་འདིར་ཁྱོད་ཀྱིས་ཏག་ཏག་ལྡོག་ཕྱོགས་ཀྱི་སྐད་ཆ་བཤད་དགོས་དོན་ཅི།
སྔོན་མ་ནས་གཏམ་བརྗོད་རང་དབང་ཡོད་པ་རེད། དེའི་གོ་སྐབས་ལེན་མ་ཐུབ་པ་དང་བཤད་མ་སྤོབས་པ་དེ་རང་ཉིད་ལན་པ་ལས་གཞན་ཞིག་ལ་ཁག་དཀྲི་ས་ཡོད་མ་རེད།
༢ ཐོག་མ་ཞིག་ནས་སྲིད་དོན་རྐྱང་རྐྱང་ལ་འཇུས་བསྡད་ཡོད་ན་ད་མཚམས་ང་ཚོ་རྩ་མེད་ཆགས་ཚར་ཡོད་རྒྱུ་རེད་འདོད། སུ་གང་གིས་ཀྱང་བོད་དོན་ལ་ཡ་བྱེད་ཀྱི་མ་རེད།
༣ ང་ཚོས་ཆོས་དང་རིག་གཞུང་གཙོ་བོར་འཛིན་པ་འདི་ཡོངས་སུ་འོས་པ་ཞིག་རེད། འདི་ནི་ཆོས་དང་རིག་གཞུང་ཙམ་མིན་པར་འདི་ནི་ཆེས་རྣམ་དཔྱོད་ལྡན་པ་དང་ཕུགས་རྒྱངས་རིང་བའི་སྲིད་དོནཞིག་ཀྱང་ཅིའི་མ་ཡིན།
༤ ད་ལྟ་རྒྱ་ནག་གིས་ཀྱང་བོད་སྐོར་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་བྱེད་པར་ཡོང་སྐབས་བོད་ཀྱི་ཆོས་རིག་དང་འབྲེལ་ནས་ཡོང་གི་ཡོད་པ་དེ་ཉིད་ཀྱིས་ཀྱང་མཁྱེན་ཡོད་རྒྱུ་རེད། སྲིད་དོན་བཤད་ཡོང་ན་སུ་གང་ཡང་དགའ་གི་མ་རེད། སུ་གང་གིས་ཉན་གྱི་མ་རེད།
འཆི་ཁ་གཏམ་མ་མང་། ཉལ་ཁ་ཇ་མ་མང་།
འཛམ་གླིང་ལ།
དམངས་གཙོ་ཟེར་བ་འདི་བསམ་ཚུལ་ཞིག་ལ་སྦྱར་ནས་བཤད་ཡོང་ན། ངས་དེ་བསམ་ཚུལ་མི་མཐུན་པ་མང་བོ་ཞིག་ལ་གོ་ཡི་ཡོད། བསམ་ཚུལ་མི་མཐུན་པ་རྣམས་གོང་གི་རྒད་པོ་དེ་བཞིན་འཆི་རག་བར་ཁོག་ལ་ཉར་ནས་མ་བསྡད་པར་ཤུགས་ཆེན་པོས་དགག་གཞག་མེ་ལྕེ་མཆེད་མཆེད་བྱེད་ཐུབ་པ་དེ་དམངས་གཙོའི་ཁྱད་ཆོས་ཡོད་ན་མེད་ན་ཞིག་མ་རེད་དམ།
མགོན་པོ་ཕྱག་གཉིས་ལགས་ཁྱེད་ཀྱི་བཀའ་མོལ་དེ་ཤིན་ཏུ་ནས་བདེན་མོད། གོང་གི་མཆན་བཀོད་པ་ལཐ་བུའི་མི་དེ་ཚོ་ནས་ག་རེ་གནང་འདུག་གཤམ་གྱི་གསར་འགྱུར་འདིར་གཟིགས་མཛོད།
རྡ་རམ་ས་ལའི་དམངས་གཙོ་ནི་རྐང་པ་གསུམ་ཅན་གྱི་ཞབས་སྟེགས་རྐང་པ་བཞི་པ་གཏམ་བརྗོད་རང་དབང་གི་དེབ་དང་དུས་དེབ་གསར་ཤོག་བཅས་རྩ་མེད་གཏོང་མཁན་ཞིག་རེད། ཅན་དི་གར་གྱི་མ་འཁྱོག་དྲང་ཐིག ལྡི་ལིའི་ཟླ་གསར། རྡ་སའི་དམངས་གཙོ་བཅས་གསར་ཤོག་ཁག་ཅིག་དང་། ཉི་ཧོང་ཁང་དཀར་ཚུལ་བསྐལ་གྱི་བོད་ཀྱི་རྒྱལ་རབས། མོ་གྷོ་གཙང་པ་པི་ཟུར་ཇོ་ལགས་ཀྱི་དེབ། འབེ་ཀོབ་ལི་ཐང་ཨ་ལོ་ཆོས་མཛད་ཀྱི་དེབ་སོགས་མང་པོ་ཞིག་རྩ་མེད་གཏོང་རྩིས་དང་བཏང་ཟིན་པ་དང་། མང་གཙོ་རྐང་པ་གསུམ་ལྡན་གྱི་ཞབས་སྟེགས་སྟེང་བོད་མི་བདེ་པོ་རང་མེད་མཁན་དེ་རྣམས་གནས་སྐབས་བཟོ་བཅོས་ཁང་བདེ་ལེགས་སྨན་ཁང་ནང་བོད་གཞུང་བདེ་པོ་དང་ལེགས་པོ་ཡིན་ཚུལ་བརྗོད་མཁན་དུ་བཅོས་ཀྱི་ཡོད་ཅེས་རྐང་པ་བཞི་པས་ཟེར།
རྐང་གསུམ་ཚོགས་པ་ནས་ང་ཚོས་རྐང་པ་བཞི་པ་དེ་གསུམ་དང་གཅིག་གི་འོས་བསྡུར་ནས་མང་གཙོ་ཡང་དག་པའི་ལམ་ལུགས་ཐོག་ནས་མེད་པར་བཟོ་རྩིས་ཡོད་པའི་བགྲོས་ཆོད་བརྟན་པོ་བཞག་ཡོད་ཟེར་ཡང་། དེ་ལ་རྐང་པ་བཞི་པས་རྐང་པ་གསུམ་པོ་དེ་ཁོ་ནས་བོད་མི་དམངས་བསྡོད་པའི་ཞབས་སྟེག་བདེ་པོ་ཤིག་ཡོང་ཐབ་མེད་སྟབས། རྐང་པ་བཞི་པ་ང་ལ་ནམ་ཞིག་སྔ་ཕྱི་མ་གཏོགས་བོད་མི་དམངས་ནས་རྒྱབ་སྐྱོར་འཐོབ་རྒྱུ་ཡིན་པས་དེ་མཚམས་ངས་མང་ཉུར་བསྡུར་བའི་མང་གཙོ་ཙམ་མ་ཡིན་པར་མི་དམངས་ཀྱི་གཞུང་དེང་རབས་ཅན་ངོ་མ་དེ་བསྐྲུན་པར་ཕར་ཡང་བོད་མི་དམངས་ལ་ལེགས་སྐྱེས་བཟང་པོ་འབུལ་རྒྱུ་ཡིན་ཟེར་བའི་གསར་འགྱུར་འདུག་པ་དང་། ཞར་དུ་ཁ་བརྡ་ཡང་གནས་སྐབས་རིང་ཟབ་ཟབ་མ་གནང་ཚེ་བདེ་ལེགས་སྨན་ཁང་དུ་གཏོང་ཐོའི་ནང་འཁོད་ཟིན་ཚུལ་འཁོད་འདུག གསར་འགྱུར་ནང་བོད་མི་རྩོམ་པ་པོ་གྲགས་ཅན་འོད་ཟེར་ཡང་རྒྱ་གར་ནང་བསླེབས་ཚེ་ཁོང་གི་་བརྗོད་རང་དབང་དེ་ལ་རྡ་སའི་ཁྲིམས་བཟོ་ལྷན་ཚོགས་ནས་ཁྲིམས་གཞི་གསར་པ་ཤིག་གཏན་འབེབ་གནང་ཆར་བཅས་ཀྱང་གསལ།
གཡང་སྐྱབས་རྒྱལ་ལགས།
འདི་ནི་ཁྱེད་ཀྱིས་བཤད་པའི་བོད་མི་ཚོས་འབར་ཞུན་བཟོ་གྲྭ་འཛིན་ཐུབ་མི་ཐུབ་ཀྱི་ཐོག་ནས་འཕྲོས་པའི་སྐད་ཆ་ཞིག་ཡིན་མོད། ཡིན་ནའང་ངས་སྐད་ཆ་འདི་རྒད་པོ་མ་ཤི་གོང་ལ་ཁོའི་རྣ་ལམ་དུ་འཇོག་འདོད་ཆེ། རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཀྱི་ལས་འགུལ་ཁྲོད་དུ་ཞུགས་རྒྱུ་གང་ཤེས་མ་གཏོགས། ཆབ་སྲིད་ཀྱི་ཕྱོགས་ལ་ཕུགས་རྒྱང་རིང་པོའི་སྲིད་ཇུས་དང་ལག་ལེན་དགོས་རྒྱུ་རྒད་པོས་བཤད་པ་ལྟར་ད་དུང་འཕྱི་མེད།
ང་ཚོས་ད་བར་དུ་ཕྱི་རྒྱལ་ཚོར་ཆོས་གསུངས་ནས་བསྡད་པ་རེད། རྒྱལ་བ་རིན་པོ་ཆེ་ལ་ཕྱི་རྒྱལ་གྱི་ཆོས་སྲིད་གཉིས་ཀྱི་བླ་དཔོན་ངོ་ཤེས་མང་པོ་ཡོད། ཡིན་ནའང་ཆབ་སྲིད་ཀྱི་ཐོག་ལ་སླེབས་དུས་ང་ཚོ་ཁེར་རྐྱང་རེད་ལ། རྒྱལ་བ་རིན་པོ་ཆེ་ཡང་སྐུ་རྐྱང་རེད། མིན་ན་མདའ་ཚན་པས་ཨ་རིའི་སྲིད་འཛིན་གྱི་ཁ་ན་བོད་ཀྱི་སྐོར་སྦྲང་མའི་སྦྲང་སྐད་ཙམ་ཡང་མི་འདུག་ཅེས་ངར་དགོས་དོན་མེད་ལ། དགེ་ཆོས་ཀྱིས་ཀྱང་སྦུའུ་ཧྲི་ཡིས་བོད་ཅེས་པའི་ཚིག་དེ་ཁའི་ཟུར་ནས་ཡང་གླེང་མ་སོང་ཞེས་སྐྱོ་དོན་མི་འདུག ངས་བཅར་འདྲི་དེ་མཐོང་མ་སོང་མོད་དེ་འདྲ་ཞིག་ཡིན་སྲིད། ངའི་མཐོང་ཚུལ་ལ་སྦུའུ་ཧྲིས་ཁ་ཡག་བཤད་མི་ཤེས་ལ། ཆབ་སྲིད་ཀྱང་འཁྲབ་མི་ཤེས། དེ་བས་བོད་ཀྱི་སྐོར་མ་་བཤད་པ་ལ་དམིགས་བསལ་གྱིས་ཡ་མཚར་མ་སོང་ལ། བློ་ཡང་ཕམ་མ་སོང་། ཡིན་ནའང་དབྱིན་ཇི་ཚོས་ལོ་བརྒྱ་ལྷག་གི་རིང་ལ་ང་ཚོར་བློ་ཐག་ཉེ་ཁུལ་གྱིས་ཐེངས་མང་པོ་བཙོངས་ཚར་མོད། ཡིན་ནའང་ད་དུང་ཡང་ཁ་འཇམ་ཞི་འཇམ་གྱིས་ད་ལོ་རྒྱལ་བ་རིན་པོ་ཆེ་ཚང་ལ་ང་ཚོས་བོད་ལ་རྒྱབ་སྐྱོར་བྱས་པ་འདང་གི་འདུག་གམ་ཞེས་དྲིས་དུས། ༧རྒྱལ་བ་རིན་པོ་ཆེས་ཐད་ཀར་འདང་གི་མི་འདུག་ཅེས་གསུངས་འདུག སྦུའུ་ཧྲི་ཡིས་ཁ་ཁོག་མེད་པར་༧རྒྱལ་བ་རིན་པོ་ཆེ་ཁོང་གི་ཕོ་བྲང་དུ་གདན་འདྲེན་ཞུ་བཞིན་ཡོད་ལ། ནུབ་ཕྱོགས་ཀྱི་འགོ་འཁྲིད་མང་པོ་ཞིག་གིས་འདི་ཙམ་ཡང་བྱེད་ནུས་ཀྱི་མེད། དེར་བརྟེན་ང་ཚོས་རྒད་པོའི་སྐད་ཆ་སྟེ་སྲིད་དང་པོ་དང་ཆོས་གཉིས་པ་ཞེས་པ་འདིའི་ཐོག་ནས་བགྲོ་གླེང་རྒྱུན་རིང་བྱེད་རྒྱུ་གལ་ཆེ།
གཡང་སྐྱབས་རྒྱལ་གྱིས་བཤད་པ་ལྟར། བོད་དུ་བོད་མི་རང་ངོས་ནས་ཐ་ན་འབར་ཞུན་གྱི་བཟོ་གྲྭ་ཞིག་ཀྱང་འཛུགས་མི་ཐུབ་པའི་གནས་སྟངས་འདི་ལ་བསམ་ནས། ང་ཚོ་ལ་ཐུན་མོང་མ་ཡིན་པ་ཅི་ཙམ་མང་པོ་ཞིག་ཡོད་ནའང་ང་ཚོས་རང་ཉིད་ནི་ཚན་རིག་ལག་རྩལ་དང་བཟོ་ལས་ཀྱི་ཐད་ནས་རྒྱལ་ཁབ་གཞན་པ་དང་བསྡུར་ན་ཅི་ཙམ་རྗེས་སུ་ལུས་ཡོད་པ་ཤེས་ཐུབ།
ང་ཚོ་ལ་ཤེས་རིག་མེད་པ་མིན། ང་ཚོའི་དགོན་པ་ཁག་ཏུ་ང་ཚོའི་ཤེས་རིག་གི་སྙིང་བཅུད་བསྡུས་ཡོད་ལ། ལོ་ངོ་བརྒྱ་ཕྲག་གི་རིང་ལ་དགོན་པ་རུ་ཡི་གེ་བསླབས་ཤིང་དང་ཤེས་རིག་སྦྱངས་ཏེ། དགེ་བཤེས་ཐོན་པ་རྣམས་ང་ཚོའི་སྤྱི་ཚོགས་ཀྱི་ཁ་ལོ་བ་དང་འཛུགས་སྐྲུན་པ་ཡིན། ཡིན་ནའང་ང་ཚོས་རང་ཉིད་སྐྱོབ་མཁན་དུ་བཀུར་བའི་བླ་མ་དང་སྤྲུལ་སྐུ་ཡང་ན་དགེ་འདུན་པ་མང་ཆེ་བས། དུས་རབས་མང་པོའི་རིང་ལ་བོད་མང་ཚོགས་ལ་མཐར་ཐུག་གི་བདེ་བ་སྟེ། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཇི་ལྟར་ཐོབ་སྟངས་ལ་འཆད་རྩོད་རྩོམ་གསུམ་བྱས་ནས་བསྡད་པ་མ་གཏོགས། ཞིང་ལ་ཆུ་འདྲེན་པ་དང་། ཆུ་ལ་ཟམ་པ་འཛུགས་པ། ལམ་ལས་པ་བཅས་མང་ཚོགས་ཀྱི་ཁ་ཡོད་ལག་ཡོད་ཀྱི་དཀའ་སྡུག་ཇི་ལྟར་སེལ་སྟངས་ལ་བསམ་བློ་གཏོང་མཁན་མང་པོ་བྱུང་མེད། དེར་བརྟེན་དེང་སྐབས་བོད་དུ་མི་ཁ་ཤས་ཀྱིས་བོད་འདི་ཉིད་ཡར་རྒྱས་སུ་འགྲོ་མ་ཐུབ་པའི་རྒྱུ་རྐྱེན་འཚོལ་སྐབས། དེ་ནི་ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་བག་ཆགས་ལ་ཐུག་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
བོད་ཡར་རྒྱས་སུ་འགྲོ་མ་ཐུབ་པ་ནི་སངས་རྒྱས་ཆོས་ལུགས་གཅིག་པུས་ལན་པ་རེད་ཅེས་བཤད་མི་ཐུབ་མོད། ཡིན་ནའང་བོད་ཀྱི་ཆབ་སྲིད་ནི་ལོ་མང་པོའི་རིང་ལ་བླ་མ་དང་ཡང་ན་ཆོས་པ་ཁག་གིས་བསྐྱངས་པའི་ཕྱིར། ཁོང་ཚོའི་ཆོས་ཕྱོགས་ཀྱི་མཛད་རྗེས་ཏེ། དཔེར་ན་དགོན་པ་ཅི་ཙམ་བཞེངས་ནས་བསྟན་པ་དར་སྤེལ་དང་རྒྱུན་འཛིན་བྱས་པ་དང་། ཡང་སྲིད་ཕྱོགས་ཀྱི་མཛད་རྗེས་ཏེ། བཟོ་ལས་དང་ཞིང་ལས། འབྲོག་ལས་བཅས་རྒྱུ་འབྱོར་བའི་ཐད་ནས་མང་ཚོགས་ཀྱི་བདེ་སྡུག་ལ་ལྟ་རྟོག་ཅི་ཙམ་བྱས་པ་གཉིས་ཕན་ཚུན་བསྡུར་ཚེ། དུས་རབས་མང་པོའི་རིང་གི་བོད་ཀྱི་ཆབ་སྲིད་ནི་ཆོས་ཕྱོགས་གཙོ་བོར་བཟུང་སྟེ། དམག་དོན་དང་དཔལ་འབྱོར་ཡར་རྒྱས་ལ་སྣང་མེད་གཏོང་རྒྱུ་མང་དྲགས་པར་བརྟེན། ཚད་འདིར་ལྷུང་བ་རེད།
ཡིན་ནའང་ཆོས་པ་ཡོད་ཚད་ཀྱིས་ང་ཚོར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ཁོ་ན་བསྟན་པ་རེད་ཅེས་བཤད་ན་ག་ལ་འགྲིག གཤམ་དུ་ངས་གྲུབ་ཆེན་ཐང་སྟོང་རྒྱལ་བོ་དང་འབྲེལ་ནས་གནས་ལུགས་ཤིག་འདྲེན་རྒྱུ་ཡིན་པས་ཏོག་ཙམ་བཟོད་སྒོམ་གནང་རོགས།
གྲུབ་ཆེན་ཐང་སྟོང་རྒྱལ་བོ་ལྟ་བུས་ང་ཚོར་མི་ཡུལ་དང་ལྷ་ཡུལ་གཉིས་བར་གྱི་ལམ་རིམ་པ་སྣ་ཚོགས་བཤད་རྒྱུའི་ཚབ་ལ། ཁོང་སྐུ་དངོས་ཀྱིས་ཡར་ཀླུང་གཙང་པོའི་ཐོག་ལ་ལྕགས་ཟམ་ལས་ཏེ། ཉིན་ལམ་ཁ་ཤས་ཀྱི་རིང་ལ་ཆུ་བསྐོར་ནས་འགྲོ་བའམ། ཡང་ན་གཙང་པོ་བརྒལ་མི་ཐུབ་པའི་དཀའ་ངལ་སེལ་ཐབས་བྱས་ཡོད། དེར་བརྟེན། ང་ཚོས་ བོད་ཡར་རྒྱས་སུ་འགྲོ་མ་ཐུབ་པའི་རྒྱུ་རྐྱེན་ནི་ཆོས་ལུགས་ཁོ་ནར་ཁག་བཞག་ན་མི་འགྲིག་པ་ཤེས་ཐུབ།
ཐང་སྟོང་རྒྱལ་བོས་འཛུགས་སྐྲུན་བྱས་པའི་ལྕགས་ཟམ་དེ་རྣམས་བཟོ་དབྱིབས་ཀྱི་ཆ་ནས་བཤད་ན་བར་སྣང་དུ་ལྕགས་ཐག་གིས་དཔྱངས་པའི་དཔྱང་ཟམ་ཡིན་པ་དང་། དེ་ཡང་རིང་ཚད་དང་ཞེང་ཚད་སྣ་ཚོགས་ཡོད་པ་འདྲ། ལྕགས་ཟམ་འདི་དག་ལས་ཁག་ཅིག་ནི། ཐང་སྟོང་རྒྱལ་བོ་ཁོང་རང་ཉིད་ཀྱིས་ཐད་ཀར་བཀོད་འདོམས་དང་འགན་འཁུར་ཏེ་ལས་པ་ནི་དཔེར་ན་ལྷ་ས་སྐྱིད་ཆུའི་ལྕགས་ཟམ་ལྟ་བུ་ཡིན་པ་དང་། ཡང་ཇུས་འགོད་དང་བཀོད་འདོམས་ཁོང་རང་ཉིད་ཀྱིས་བྱས་ཏེ། གནད་འགག་གི་སྐབས་སུ་མ་གཏོགས་ལས་ཀའི་རིམ་པ་གཞན་རྣམས་ཁོང་གི་མངའ་འོག་གི་མིས་ལས་པ་ནི་དཔེར་ན་ཆུ་བོ་རིའི་ལྕགས་ཟམ་ཞེས་པ་དེ་ལྟ་བུ་དང་། ཡང་ཁོང་གིས་རང་གི་སློབ་མ་ཚོ་མངགས་ཏེ་ལས་པ་ནི་དཔེར་ན་ཡར་ལུང་ཉ་མགོ་གྲུ་ཁའི་ལྕགས་ཟམ་ཟེར་བ་ལྟ་བུ་ཡིན་པ་རེད། ཁོང་གིས་ལས་པའི་ལྕགས་ཟམ་དེ་དག་ལས་ཁག་ཅིག་དབུས་གཙང་གི་ས་ཆ་ཁུག་ཀྱོག་ཁག་ཏུ་དེང་སང་ད་དུང་ཡང་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད་ཟེར།
བཤད་སྲོལ་ཁག་ཅིག་ལྟར་ན། ཐང་སྟོང་རྒྱལ་བོས་སྐབས་དེར་ལྕགས་ཟམ་ལས་དོན་ནི། ཐེངས་ཤིག་ཁོང་ཚལ་གུང་ཐང་ཟེར་བའི་ས་ཆ་དེ་ནས་ལྷ་སར་འགྲོ་བའི་ལམ་ཁར་ལྷ་གདོང་གྲུ་ཁ་ཟེར་བ་དེར་གྲུ་ལ་བསྡད་པ་རེད་ཟེར། ཡིན་ནའང་གྲུ་དཔོན་ལ་གླ་སྟེར་རྒྱུ་མེད་པས་གྲུ་དཔོན་གྱིས་ཁོའི་མགོ་ལ་གྲུ་ཁེམ་གྱིས་བརྒྱབ་སྟེ་ཆུ་ནང་དུ་གཡུག་པར་ཁོང་ཤིན་ཏུ་བློ་ཕམ་ཞིང་། ཉམས་ཐག་མང་ཚོགས་མང་བོས་ཆུ་བརྒལ་རྒྱུར་རྒྱུན་དུ་འདི་ལྟར་དཀའ་སྡུག་མྱངས་བཞིན་པའི་གནས་སྟངས་ལ་སེམས་ནས་མ་བཟོད་པར་དཀའ་ཁག་དེ་སེལ་ཐབས་སུ་ཟམ་པ་མང་པོ་འཛུགས་རྒྱུའི་བསམ་བློ་འཁོར་བ་རེད་ཟེར།
ཐང་སྟོང་རྒྱལ་བོ་ནི་སྤྱི་ལོ་ ༡༣༦༡ ལོར་སྟོད་དབུས་གཙང་གི་གཙང་ཕྱོགས་ཏེ་དེང་སང་ངམ་རིང་རྫོང་ཟེར་བ་དེར་སྐུ་འཁྲུངས་ཤིང་། ཆུང་དུས་ནས་བྱང་སྡིངས་ཟེར་བའི་དགོན་པ་རུ་རབ་བྱུང་བསྒྲུབས་པ་དང་། ས་སྐྱ་རུ་དམ་པའི་ཆོས་ལ་ཐོས་བསམ་བཅས་བྱས་ཏེ། རིམ་བཞིན་རྒྱ་གར་དང་བལ་ཡུལ་བཅས་སུ་ཕེབས་ཏེ་ལོ་བཅོ་བརྒྱད་ཀྱི་རིང་ལ་སྔགས་རྙིང་མས་མཚོན་པའི་སངས་རྒྱས་ཀྱི་བསྟན་པ་ལ་སྦྱངས། ཁོང་ནི་འདི་ལྟར་ཆོས་པ་རྣལ་མ་ཞིག་ཡིན་ནའང་། མང་ཚོགས་ཀྱི་བདེ་སྡུག་སེལ་བའི་ཆེད་དུ་ཆུ་ལ་ཟམ་པ་འཛུགས་རྒྱུའི་ལས་སུ་ཞུགས། སྐབས་དེར་ཁོང་རང་ཉིད་དབུས་གཙང་དང་ཁམས། མོན་ཡུལ་བཅས་སུ་སོང་སྟེ་ལྕགས་ཀྱི་གཏེར་ཁ་བཙལ་བ་དང་ལྕགས་རིགས་བསྡུ་གསོག་བཅས་བྱས་ཏེ། ལྷ་སའི་སྐྱིད་ཆུའི་ཁར་འཁྱེར་ཡོང་ཡང་། སྐྱིད་ཆུ་ཁའི་དཔོན་པོ་སྡེ་པ་སྐྱིད་ཤོད་པ་ཟེར་བ་དེས་ཐང་སྟོང་རྒྱལ་པོ་ལ་ཐག་པ་ཙམ་གྱི་རོགས་ཡང་མ་བྱས་པའི་ལོ་རྒྱུས་འདུག
གོང་གི་འདི་དག་ནི་ཞོར་འཕྲོས་ཙམ་ཡིན་པ་མ་གཏོགས་བཤད་འདོད་ཀྱི་གནས་ལུགས་ངོ་མ་འདི་ལྟར་ཡིན། ཁོང་གིས་ལྕགས་ཟམ་དེ་དག་ལས་རྒྱུར་དཀར་ཐིག་སློང་རྒྱུའི་ཆེད་དུ། སྟོད་དབུས་གཙང་ཕྱོགས་ཀྱི་ཨ་ལྕེ་ལྷ་མོ་ཞེས་པའི་རྣམ་ཐར་འཁྲབ་སྲོལ་དེ་གསར་གཏོད་བྱས་པར་བརྟེན། གྲུབ་ཐོབ་ལྕགས་ཟམ་པ་ཞེས་པའི་ཁོང་གི་མིང་འདི་དང་འབྲེལ་ནས་དེང་སང་ཨ་མི་རི་ཀར་ལྕགས་ཟམ་པ་ཞེས་པའི་བོད་ཀྱི་གླུ་གར་ཚོགས་པ་ཞིག་ཚུགས་ཡོད་མོད། ཡིན་ནའང་ཁོང་ཚོའི་ཤུགས་རྐྱེན་ནི་ཐང་སྟོང་རྒྱལ་བོའི་ལྕགས་ཟམ་འཛུགས་སྐྲུན་བྱེད་པའི་བཟོ་ལས་ཡར་རྒྱས་ཀྱི་སྙིང་སྟོབས་དེ་མིན་པར། ལྕགས་ཟམ་འཛུགས་སྐྲུན་གྱི་མཐུན་རྐྱེན་འཚོལ་རྒྱུའི་ཆེད་དུ་ཨ་ཅེ་ལྷ་མོའི་ཟློས་གར་གསར་གཏོད་བྱས་པའི་གླུ་ལེན་གར་རྩེད་ཀྱི་རྩེད་འཇོའི་རྣམ་པ་དེ་ཡིན་པ་ཤེས་ཐུབ། འདི་ནི་ལྕགས་ཟམ་པ་རོལ་དབྱངས་ཚོགས་པ་ཙམ་མིན་པར་བོད་གཞུང་དང་མང་ཚོགས་ཀྱི་བོད་རང་དབང་འཐབ་རྩོད་ཀྱི་ལག་ཆ་ཛ་དྲག་ཤོས་ཏེ། རིག་གཞུང་སྲུང་སྐྱོབ་ཟེར་བ་དེའི་མཚོན་རྟགས་རེད། བཙན་བྱོལ་དུ་ང་ཚོ་རྩ་བ་ལ་མི་འཇུ་བར་ཡལ་ག་ལ་འཇུ་བའི་གཤིས་ངན་ཞིག་འདུག
དཔེར་ན་དེང་སང་བཙན་བྱོལ་སྤྱི་ཚོགས་སུ་ཆབ་སྲིད་ཀྱི་ལས་འགུལ་རྣམས་གཞས་ཞབས་བྲོ་འཁྲབ་སྟོན་དང་། བརྟན་བཞུགས་འབུལ་བ། རིམ་གྲོ་སྒྲུབ་པ། སྐུ་འདྲ་བཞེངས་པ་བཅས་ཀྱིས་ཚབ་བྱེད་བཞིན་ཡོད་པ་ཀུན་གྱིས་མཐོང་གསལ་རེད། འདི་ལྟར་བསྡད་ཚེ། བཙན་བྱོལ་གྱི་གཞས་གཏོང་མཁན་གྱི་ལྕགས་ཟམ་པ་ཚོ་བོད་དུ་བཤར་བཞིན་པའི་རྒྱ་མི་ལྕགས་ལམ་པ་ཚོའི་ངོ་ཡར་མི་ཡོང་བ་གསལ་བོ་ཡིན་པས་རྒད་པོའི་སྙིང་རླུང་སྟོད་ལ་འཚངས་པར་ཁག་ཅི་ཡོད།
མ་ཚར།
རྒད་པོར་སྙིང་རླུང་ཡོད་པ་བདེན་པ་དང་། །
སྙིང་རླུང་སྟོད་དུ་འཚངས་པ་དེ་བས་བདེན། །
ཡིན་ཡང་སྙིང་རླུང་ལངས་ལུགས་མ་ཤེས་ན། །
རྒད་པོས་མི་ཚེ་གཅིག་ལ་སྨན་ཟོས་ནས། །
འཆི་ཁར་སྨན་དང་དུག་གཉིས་ནོར་ཉེན་ཡོད། །
ལྕགས་རྒྱ་འགྲམ་ནག་ལ།
ང་ཚོས་ཆོས་དང་རིག་གཞུང་ལ་འབྲེལ་བ་མེད་པའི་སྲིད་དོན་ཟེར་ནས་འཕར་མཆོངས་རྒྱབ་ནས་ཕྱིན་འགྲོ་སའི་ས་ཆ་ཞིག་ཡོད་མ་རེད། རང་ཉིད་འགྲོ་སྐྱོད་བྱེད་སྐབས་ཀྱི་རྐང་འོག་གི་ས་དེ་ཁོ་ན་མ་གཏོགས་གང་ཡང་མེད་པ། གཅིག་ནས་བཙན་བྱོལ་བ་ཡིན་པ་དང་། གཉིས་ནས་དཔལ་འབྱོར་གྱི་སྟོབས་ཤུགས་མེད་པ། གསུམ་ནས་དམག་དོན་གྱི་སྟོབས་ཤུགས་མེད་པ་བཅས་ཀྱིས་སྲིད་དོན་ཟེར་ནས་མ་འདྲ་བ་ཞིག་བྱེད་རྒྱུ་གང་ཡང་ཡོད་མ་རེད། ང་ཚོའི་རང་གི་ལག་ནང་གི་བདེན་པ་དེ་གཅིག་པོ་འཁྱེར་ནས་གཞན་ལ་སྟོན་གྱིན་སྟོན་གྱིན་འགྲོ་བ་ལས་གཞན་མེད།
སྐད་ཆ་རྫིག་པོ་བཤད་རྒྱུ་དང་མཁས་མདོག་བསྟན་ནས་གཞན་ལ་ཚོགས་གཏམ་གཏོང་རྒྱུ་དེ་སུས་ཡིན་ན་ཡང་འཇོན་གྱི་རེད། གལ་སྲིད་སྲིད་དོན་ཟེར་ནས་མཆོངས་འགྲོ་ས་ཞིག་ཡོད་ནའང་ཕར་གོམ་པ་གཅིག་མཆོངས་པ་དང་ཁྱེད་རང་འདྲེད་བརྡར་ཤོར་ནས་མར་ལྷུང་རྒྱུ་ཡིན་པ་ངེས་གཏན་རེད། དེ་ནས་གཞན་མང་པོ་ཞིག་གིས་ཁྱེད་རང་ལ་ལྐུགས་པ་ཟེར་ནས་ཚོགས་གཏམ་གཏོང་རྒྱུ་ཡིན་པ་རེད།
ལོ་མང་པོ་ཞིག་གི་སྔོན་ནས་སྐད་ཆ་འདི་འདྲ་མང་པོ་ཞིག་བཤད་ཡོང་གི་ཡོད་རེད། ཕྱི་རྒྱལ་ཁག་ན་ཡོད་པའི་བོད་ཀྱི་བླ་ཆེན་དེ་ཚོས་བོད་ཀྱི་རྕ་དོན་ཆེད་ཕྱག་ལས་གནང་གི་མི་འདུག་མདོག་མདོག་ཅིག ད་ལྟ་གཅིག་བལྟས་ཡོང་ན། བོད་རིག་པའི་མཁས་དབང་ཕྱི་རྒྱལ་བ་དེ་དག་དང་བོད་དོན་ལ་ཕྱག་ལས་གནང་མཁན་མང་པོ་ཞིག་ཆོས་ཚོགས་ཁག་ནས་ཡོང་གི་འདུག གཞན་བོད་མིར་དགའ་བོ་ཡོད་པ་མང་པོ་ཞིག་ཡོད་པ་འདི་དག་ཀྱང་ཆོས་ལ་བརྟེན་ནས་ཡོང་གི་འདུག གཞི་ནས་ཆོས་ཁོ་ན་གསུངས་ནས་འགྲོ་བ་འདི་རྨང་གཞི་བརྟན་པའི་སྲིད་དོན་ཞིག་ཀྱང་ཡིན་པ་ང་ཚོར་ངེས་ཤེས་སྟེར་གྱི་མི་འདུག་གམ།
ང་ཚོར་ད་ལྟ་གཙོ་བོ་རྒྱལ་སྤྱིའི་ཐོག་མི་དམངས་ནང་རྒྱབ་སྐྱོར་ཐོབ་ཀྱི་ཡོད་རེད། དེ་ཡང་གཙོ་བོ་བོད་ནང་འདྲ་མཉམ་མེད་པ་དང་། འགྲོ་བ་མིའི་ཐོབ་ཐང་མེད་པ། ང་ཚོའི་འཐབ་རྩོད་ལ་བདེན་པའི་རྒྱབ་རྩ་ཡོད་པ་བཅས་ལ་བརྟེན་ནས་རྒྱབ་སྐྱོར་ཐོབ་ཀྱི་ཡོད་རེད་སྙམ།
ངས་བལྟས་ན། རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་བ་ལ་བོད་ལས་མཁས་པ་ཞིག་དང་བོད་ལས་འཇོན་པ་ཞིག་ཕལ་ཆེར་ཨེ་ཡོད་སྙམ། སྔོན་མ་ཞིག་ལ་ཐའེ་ཝན་གྱི་སྲིད་འཛིན་ལིའི་ཏིང་ཝུའུ་ཡིན་པ་ཡོད། ཁོའི་སྐད་ཆ་བཤད་པ་ཞིག་དྲན་སོས་ཀྱི་འདུག ང་ཚོ་ལ་རང་གི་རྒྱལ་ཁབ་ཡོད། རང་གི་གཞུང་ཡོད། རང་ལ་ས་ཆ་ཡོད། ཡིན་ན་ཡང་། རྒྱལ་སྤྱིའི་ཐོག་ང་ཚོ་ལས་བཙན་བྱོལ་བོད་གཞུང་ལ་གྲུབ་འབྲས་དང་རྒྱབ་སྐྱོར་མང་ང་ཐོབ་ཡོད་པ་རེད་ལྟ་བུ་ཞིག་གསུངས་པ་དེ་བདེན་པ་མིན་པ་མ་རེད།
ལོ་ཤས་སྔོན་ནས་རྒྱ་ནག་གཞུང་གིས་ཀྱང་། བཙན་བྱོལ་བོད་གཞུང་གི་ལས་འགུལ་སྤེལ་སྟངས་ལ་རྗེས་ཟློས་ཀྱིས། ཕྱི་ཚུལ་དུ་རིག་གཞུང་འགྲེམས་སྟོན། གླུ་གཞས་འཁྲབ་སྟོན། བླ་ཆེན་དེ་འདྲར་ཆོས་གསུངས་འཇུག་པ་སོགས་ལ་བརྟེན་ནས་ཆབ་སྲིད་དྲིལ་བསྒྲགས་བྱེད་ཀྱི་མི་འདུག་གམ། དེ་ལྟར་བྱེད་དོན་ཡང་དེ་སྔོན་རྒྱལ་སྤྱིའི་ཐོག་ཁོ་ཚོས་སྲིད་དོན་སྤེལ་སྟངས་ལ་ཕམ་ཉེས་རིམ་མཐུད་དུ་བྱུང་པས་ཡིན་པ་རེད།
ད་ལྟ་རྒྱ་བོད་གཉིས་ཀྱི་ལས་འགུལ་སྤེལ་སྟངས་ཀྱི་ངོ་བོ་འདྲ་ན་ཡང་། དོན་སྙིང་རྦད་དེ་ལོགས་ཀ་ཡིན་པ་རེད། ང་ཚོས་ཆོས་དང་རིག་གཞུང་བཤད་སྤེལ་གྱི་གོ་སྐབས་ལ་བརྟེན་ནས་བདེན་པའི་གནས་ཚུལ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གིས་བོད་ཀྱི་ཆོས་རིག་གི་མིང་ཐོག་ནས་སྲིད་དོན་འཁྲབ་ཀྱི་ཡོད་པ་རེད། དེ་བས་ཁོ་ཚོར་མུ་མཐུད་དུ་ཆབ་སྲིད་དྲིལ་བསྒྲགས་ཐད་ཕམ་ཉེས་འབྱུང་རྒྱུ་ཡིན་པ་ངེས་ཅན་རེད།
ང་ཚོས་གཞུང་ལ་སྐྱོན་བརྗོད་བྱས་ན་ཡག་པོ་རེད། ཡིན་ན་ཡང་སྦོམ་བཤད་བྱས་ནས་འབབ་ས་གང་ཡང་མེད་པ་ཞིག་བཤད་བསྡད་ན་ཆོ་མི་འདུག སྐྱོན་རེ་རེར་མཛུབ་མོ་བཙུགས་ནས་སྟོན་དགོས་ཀྱི་འདུག སྐྱོན་བརྗོད་ལས་ཀྱང་གལ་ཆེ་བ་གཞན་ཞིག་ནི། ཐབས་ལམ་གསར་པ་སྟོན་རྒྱུ་དེ་རེད། ཁྱེད་རང་ལ་རང་དབང་འཐབ་རྩོད་ཆེད་ཐབས་ལམ་གསར་པ་ཞིག་ཡོད་ན་དེ་དོན་ཚན་རེ་རེ་བྱས་མར་པང་བསྒྲིགས་ནས་བྲིས་ཤོག་དང་དེ་ནས་ང་ཚོས་དེའི་ཐོག་བགྲོ་གླེང་བྱེད་ཆོག་གི་རེད།
རྗེས་མ་རང་དབང་ཐོབ་དུས་ཆོས་སྲིད་གཉིས་ཁ་ཁ་བྱེད་དགོས་པའི་སྐོར་ཞིག་རྒྱལ་བ་རིན་པོ་ཆེས་ཀྱང་སྔོན་མ་ཞིག་ལ་ཅིག་གསུངས་ཡོད་པ་རེད་བསམས་སོང་། དེ་མིན་ད་ལྟ་བཙན་བྱོལ་སྐབས་ཆོས་རིག་གཉིས་ང་ཚོའི་སྲོག་ཡིན་པ་རེད། ཤིང་སྡོང་ཞིག་ལ་མཚོན་ན་རྩ་བ་ཡིན་པ་རེད།
ཚིག་ཇེ་ཉུང་དང་དོན་དག་ཇེ་གསལ་ལ་གཏོང་། ང་ཚོ་འབབ་ས་དབུ་མའི་ལམ་ལས་ཨེ་ཡོད་ཅེས་གོང་དུ་བཤད་ཟིན་ལ། རྒྱལ་སྤྱིའི་ཐོག་ཏུ་ད་ལྟའི་གནས་སྟངས་ལས་ལྷག་གི་རྒྱབ་སྐྱོར་ཐོབ་རྒྱུ་མེད་ལུགས་ཀྱང་ངས་ཐེངས་ཁ་ཤས་ལ་ཕྱི་སྲིད་ཀྱི་ཐོག་ནས་ཁྱོད་ལ་དཔེ་མཚོན་དང་བཅས་ཐད་ཀར་བཤད་པ་ཡིན། ཆོས་གལ་ཆེན་པོ་མ་རེད་ཟེར་གྱི་མེད། ཆོས་ཕྱོགས་ཀྱི་མཛད་པ་འཕྲིན་ལས་ཧ་ཅང་རྒྱས་ཡོད་པ་འདི་སྲིད་ཕྱོགས་སུ་བེད་སྤྱོད་གཏོང་སྟངས་ཀྱི་སྐོར་བཤད་ཀྱི་ཡོད། སྲིད་ཕྱོགས་སུ་བེད་སྤྱོད་ཇི་ལྟར་གཏོང་སྟངས་ཀྱི་སྐོར་ངས་ ཁྱེད་ལ་ཐད་ཀར་མགོན་པོ་ཕྱག་གཉིས་ལགས།
དམིགས་བསལ་གྱི་གནས་སྟངས་རེ་ཟུང་མ་གཏོགས། སྤྱིར་བཏང་ཕྱི་སྲིད་ནི་སོ་སོའི་འཕྲལ་ཡུན་གྱི་ཁེ་ཕན་ལ་ཐུག་ཡོད་པ་འདྲ། གཙོ་བོ་ང་ཚོའི་སྲིད་སྐྱོང་བ་ཚོས་ཕྱི་སྲིད་ཀྱི་ཐོག་ནས་ཁེ་ཕན་ཟ་ཤེས་རྒྱུ་གལ་ཆེན་པོ་རེད་མ་གཏོགས། ཨ་རི་ལ་བོད་ཀྱིས་རེ་བ་བརྒྱག་རྒྱུ་ཡོད་པ་མ་རེད་ཟེར་བ་དེ་འདྲ་བཤད་ཀྱི་མེད། དཔེར་ན་ཨ་རིའི་སྲིད་འཛིན་བརྒྱུད་དེ་བོད་གཞུང་གི་ངོས་ནས་པེ་ཅིན་དུ་ཆོས་རིག་ལས་ཁུངས་ཞིག་འཛུགས་རྒྱུའི་སྐད་ཆ་བཤད་ཡོད་ན་ག་འདྲ་འདུག རྒྱ་བོད་གཉིས་ཀྱི་གྲོས་མོལ་གྱི་སྐབས་འདིར་རྒྱལ་སྤྱིའི་ཕྱི་སྲིད་ལ་བརྟེན་ནས་བོད་ཕྱོགས་ནས་ཆ་རྐྱེན་ནམ་རེ་བ་ཆུང་ཙག་དཔེར་ན། སློབ་གསོ་དང་ཚོང་དོན་གྱི་ལས་གཞི་འགའ་རེ་བོད་དུ་འཛུགས་རྒྱུའི་གྲོས་འགོ་བཏོན་ནས་རྒྱ་ནག་ལ་འདིའི་ཐོག་ནས་འགན་འཁུར་རེ་སྤྲད་ན་ཅི་མ་རུང་བསམ། རྒྱ་ལོ་དོན་འགྲུབ་ཀྱིས་དེ་སྔ་ཏིན་ཞའོ་ཕིན་ལ་གྲོས་མོལ་གྱི་སྔོན་འགྲོ་ལྟ་བུར་རྒྱ་གར་ནས་བོད་དུ་དགེ་རྒན་གཏོང་རྒྱུའི་སྐད་ཆ་བཤད་པ་མ་རེད་དམ་ཞེས་བཤད་པ་མ་ཟད།
ད་དུང་ ཁྱེད་རྣམ་པར་རྒྱ་བོད་འབྲེལ་མོལ་འདིའི་ཐོག་ལ་ལྟ་ཚུལ་ག་རེ་འདུག རྒྱ་ནག་གིས་སོར་གང་གློད་རྒྱུ་མིན་པ་ཇེ་གསལ་ནས་ཇེ་གསལ་རེད། ད་ང་ཚོས་ག་རེ་བྱེད་དགོས་ཀྱི་འདུག་ཅེས་ཀྱང་དྲིས་ཡོད།
ཉོག་རིང་འདི་འདྲར་ལན་འབྲི་རྒྱུར་སུན་ཆེ་ཡང་ཨུ་ཚུགས་ཀྱིས་ཐར་ཐོར་ཅིག་བྲིས་པ་ཡིན་ལ་མ་ཀློག་ཀྱང་ཆོག
དང་པོ་ཁོང་ཨ་མདོའི་གྲོང་གསེབ་ཀྱི་ཕྲུ་གུ་བསམ་མེད་ཅིག་ཡིན་དུས། བོད་པ་ཚོ་ཕར་སོང་ནས་ཁྱེད་རྒྱལ་བ་རིན་པོ་རེད་ཟེར་ནས་རང་དབང་མེད་པར་དབུས་ལ་ཁྲིད། ཁྲི་ཁར་བཞག པོ་ཏྰ་ལའི་ནང་བཅུག་པ་རེད། དེ་ནས་དགོངས་ལོ་བཅུ་དྲུག་ཙམ་ད་ལྟའི་འཛིན་གྲྭ་བདུན་པའི་སློབ་ཕྲུག་ཅིག་གི་ཆེ་ཆུང་ཙམ་ལས་མེད་དུས། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་དབུགས་ཆད་ནས་ཤི་ཁར་ཐུག་ཅིང་། རྒྱ་དམར་པོའི་འོག་ཏུ་འཇིག་བཞིན་པའི་བོད་ཀྱི་ལས་འགན་ལྗིད་པོ་དེ་མགོ་ལ་བཞག་པ་མ་ཟད། ཁྱེད་ང་ཚོའི་དཔྲལ་བའི་མིག་དང་ཁོང་གི་སྙིང་ཡིན་ཞེས་བོད་པ་ཚོས་ཕར་ལ་ནན་ཚུགས་ཀྱིས་སྦྱར་བ་མ་གཏོགས། ཁོང་གིས་ང་རྒྱལ་བའི་ཡང་སྲིད་ཡིན། ངས་ཆོས་སྲིད་གཉིས་ཀྱི་འགན་ཁུར་ཐུབ་ཅེས་དང་བླངས་བྱས་པ་མ་ཡིན་པས། བོད་པ་ཚོས་དེང་སྐབས་ཁོང་ལ་ཁྱེད་ང་ཚོའི་དཔྲལ་བའི་མིག་དང་ཁོང་གི་སྙིང་ནང་བཞིན་བརྩི་གི་ཡོད་ཅེས་ཕར་ཡུས་བཤད་ན་འགྲིག་གི་ཡོད་པ་མ་རེད། གལ་སྲིད་ནོར་འཁྲུལ་ཞིག་ཤོར་ཡོད་པ་བདེན་ན། ནོར་འཁྲུལ་བཟོ་མཁན་དང་བྱེད་རྒྱུ་འབེལ་བོ་དེ་བོད་མི་ཚོ་ཡིན་པ་ལས། ཕྲུ་གུ་ལྷ་མོ་དོན་གྲུབ་ཀྱིས་ཉེས་པ་གང་ཡང་བསགས་མེད་པ་ཤེས་དགོས།
༧རྒྱལ་བ་རིན་པོ་ཆེ་ལ་འཛམ་གླིང་ཞི་བདེ་དེད་དཔོན་ཞེས་པའི་མཚན་དང་གསེར་གྱི་རྟགས་མའང་གོང་བཞིན་མི་གཞན་གྱིས་ཁོང་ལ་ཕུལ་བ་ལས། ཁོང་གི་ཧབ་ཐོས་བྱས་པ་མ་ཡིན་པས་འགྲིག་མེད་ན་མཚན་དང་རྟགས་མ་ཕུལ་མཁན་གྱི་ལན་པ་རེད། ཁོང་ཚོར་ཁ་མཆུ་བརྒྱག་རོགས། འཛམ་གླིང་སྤྱིའི་བདེ་སྡུག་ཨང་དང་པོར་བྱེད་པ་ནི་ཁོང་ལ་བོད་པའི་སྤྱི་ཚོགས་ནང་བོད་དོན་ཆེད་བེད་སྤྱོད་གཏོང་རྒྱུའི་སྟོབས་ཤུགས་གང་ཡང་མེད་ཙང་། དེ་ནི་བོད་དོན་གྱི་སྟོབས་ཤུགས་རྒྱ་བསྐྱེད་དང་དཔང་རོགས་རྒྱ་བསྐྱེད་བྱེད་ཀྱི་ཡོད་པ་རེད་བསམ། མ་གཞི་གཞན་དོན་བསྒྲུབ་ན་རང་དོན་ཞོར་ནས་འགྲུབ་ཡོང་ཟེར་སྲོལ་དེའང་བདེན་སྲིད།
གོང་དུ་ཞུས་པ་ལྟར་ཁོང་ལ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཁལ་ལྗིད་པོ་དེ་འགལ་དུས་ནས། བོད་ནི་ཀེན་སར་གྱི་ནད་པ་ནང་བཞིན་ཤི་རྒྱུ་ལས་ལྷག་མེད་པ་ཤེས་གསལ་ཡིན་ཙང་། གཡོ་སྒྱུས་ཚོས་པའི་སྐུ་དྲག་ཚོས་ཤི་རོ་དང་འདྲ་བའི་བོད་ཀྱི་རོ་ཀོག་དེ་ན་སོ་མ་སྨིན་པའི་རྒྱལ་བ་རིན་པོ་ཆེ་ལ་ཕུལ་བ་ལས། གལ་སྲིད་བོད་གྱི་སྲིད་འབྱོར་གཉིས་ལ་རེ་བ་ཕྲན་བུ་ཡོད་ན། སྐུ་དྲག་སེམས་ནག་ཚོས་ཁོང་ལ་ཆོས་སྲིད་གཉིས་ཀྱི་སྐུ་དབང་ཕུལ་རྒྱུའི་ཚབ་ལ་དུག་ཕུལ་བསད་ཡོད་ཤག་རེད། པོ་ཏྰ་ལའི་ནང་དུ་དུག་གིས་ཆབ་སྲིད་སྐྱོང་སྟངས་ཞིག་ཡོད་པ་མིན་ན། རྒྱལ་བ་སྐུ་ཕྲེང་བརྒྱད་པ་ཨེ་ཙིའི་ན་ཚས་གྲོངས་པ་དང་། དེ་ནས་རིམ་བཞིན་སྐུ་ཕྲེང་བཅུ་གཉིས་བར་དུ་གཅིག་ནས་གཅིག་ལ་ཨེ་ཙིའི་ན་ཚ་འགོས་ནས་གྲོངས་པ་ཡིན་དགོས་ཀྱང་དེ་འདྲ་ནི་ཡིན་མདོག་ཁ་བོ་མི་འདུག དེའི་ཕྱིར་ ༡༩༥༠ ལོར་ཁོང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་ཞེས་ཆེན་པོ་དང་རྫིག་པོ་ཞིག་ཡོད་པ་དང་། ད་ལྟ་ཁོང་གི་དབུ་ཁྲིད་འོག་ཆེན་པོ་དང་རྫིག་པོ་དེ་ཉམས་རྒུད་དང་རྩ་བརླག་ཏུ་འགྲོ་བཞིན་པ་འདྲ་བོ་དེ་འདྲ་ནམ་ཡང་མ་གསུངས་ན་ཡག
ཁོང་ལ་ཤི་ཁར་ཐུག་པའི་བོད་འདིར་དབུགས་མཐུད་བརྒྱག་སྤྱད་ཀྱི་ལག་ཆ་གང་ཡང་ཡོད་པ་མ་རེད། དཔེར་ན་དམག་བརྒྱག་དགོས་ཟེར་ན་བོད་མི་ཚོར་ཤ་ཟ་སྤྱད་ཀྱི་གྲི་དང་གོས་བཙེམ་བྱེད་ཀྱི་ཁབ་ལས་མེད་པ་ཤེས་གསལ་རེད། དཔལ་འབྱོར་གྱི་ཕྱོགས་ནས་ཀྱང་ད་དུང་ཡང་བོད་གཞུང་གི་ལས་བྱེད་ཚོའི་ཟླ་ཕོག་ཙམ་གྱང་བོད་གཞུང་དང་བོད་མིས་ངོས་ནས་ཐབས་ཤེས་མ་འགྲིག་པར། ལོ་ལྟར་ཁོང་གི་ཕྱག་དངུལ་ནས་གསོལ་རས་གནང་གི་ཡོད་ཚོད་འདུག དེ་ལྟར་བསམ་ན་ཁོང་ནི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དང་ལྟོ་གོས་གནང་མཁན་གྱི་ཕ་མ་རེད་མི་འདུག
གལ་སྲིད་བོད་ལ་སྲིད་འབྱོར་མི་གསུམ་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཡོད་བཞིན་དུ་ཁོང་གིས་ཡང་དག་ཅིག་བཀོལ་སྤྱོད་དང་དབུ་ཁྲིད་གནང་ཐུབ་ཀྱི་མེད་ན། གཞི་ནས་ང་ཚོས་ཁོང་ལ་དགག་བརྒྱག་ཐེར་འདོན་དང་གནས་དབྱུང་གཏོང་ཆོག འོན་ཀྱང་ང་ཚོས་ཁོང་ལ་དད་པ་དང་རེ་བ། ལས་འགན་གསུམ་ཕུལ་བ་ལས་སྟོབས་ཤུགས་གང་ཡང་ཕུལ་ཡོད་པ་མ་རེད། རྒྱལ་རིན་པོ་ཆེ་ལ་ཕན་ཐོགས་ན་མ་ཐོགས་ན་བེད་སྤྱོད་གཏོང་རྒྱའི་ལག་ཆ་ཆོས་ལུགས་གཅིག་པོ་ལས་མེད་ལ། རྒྱ་ནག་གིས་ཞེད་སྣང་བྱེད་ས་མཐར་ཐུག་དེའང་བོད་ཀྱི་ཆོས་དང་རིགས་གཞུང་དང་། དེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་བོད་མའི་དབུ་ཁྲིད་རྒྱལ་བ་རིན་པོ་ཆེ་ཡིན་ཚོད་འདུག དེའི་ཕྱིར་དྲིན་ཆེན་གྱི་བླ་མ་ཁོང་ལ་ཐུགས་རྗེ་ཆེ་ཞུ་མི་འདོད་ཀྱང་བཙོན་ཁང་དུ་འགྲོ་དགོས་པ་རེད་ཟེར་རྒྱུར་ཡ་ང་ཞིག་མི་འདུག་གམ།
པན་ཆེཎ་སྣང་བ་མཐའ་ཡས་དང་གུང་ཐང་བསྟན་པའི་སྒྲོན་མེ། མཁན་པོ་འཇིགས་མེད་ཕུན་ཚོགས་སོགས་སྐྱེས་ཆེན་ཚོའི་ལོ་རྒྱུས་ལ་གཟིགས་དང་། ཁྱེད་དངོས་གནས་བོད་སེམས་ཅན་ཞིག་ཡིན་ན་ཁོང་བཙོན་དུ་མ་ཚད་པར་དགའ་འོས་པ་ལས། བཙོན་ཁང་ལས་ཐར་ནས་འཛམ་གླིང་སྤྱི་དང་ལྷག་པར་བོད་མི་རིགས་ཀྱི་ཆེད་དུ་ཕུལ་བྱུང་གི་མཛད་རྗེས་བཞག་འཇོག་བཞིན་པར་ཡིད་མི་དགའ་དོན་ཅི་ཡིན་ནམ། པཎ་ཆེན་རིན་པོ་ཆེས་ཀྱང་ཁོང་བཙོན་ཁང་དུ་བཅུག་ནས་བོད་མི་རིགས་ཀྱི་ཆེད་དུ་ཕྱག་གནས་གནང་རྒྱུའི་དུས་ཚོད་གསེར་འདྲ་བོ་ཆུད་ཟོས་སུ་སོང་བར་ཐུགས་འགྱོད་ཆེ་ཤོས་འདུག་ཅེས་གསུངས་པ་ལ་ལྟོས།
ཡང་རྒྱལ་བ་རིན་པོ་ཆེ་རྒྱ་གར་གྱི་གྲོང་གསེབ་ཁག་ལ་ཞི་བའི་གོམ་འགྲོད་དང་ལྡི་ལིའི་རྒྱ་མིའི་དོན་གཅོད་ཁང་སོགས་ཀྱི་མདུན་དུ་ཟས་བཅད་ངོ་བརྒྱལ་གནང་ནས་དུས་ཚོས་ཆུད་ཟོས་བཏང་བ་ལས། གནམ་གྲུའི་ནང་ནས་འཛམ་གླིང་གི་གྲོང་ཁྱེར་གནད་ཆེ་ཁག་གི་མང་ཚོགས་དང་། རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོར་མཇལ་ཁྲིད་གནང་སྟེ་གྲངས་ཉུང་ནུས་མེད་ཀྱི་བོད་མི་ལ་རྒྱོབ་རོགས་བཙལ་ན་གྲུབ་འབྲས་མི་ཆེའམ། ཞི་བའི་གོམས་འགྲོད་དང་ཟས་བཅད་ངོ་རྒོལ་སོགས་ནི་བོད་མི་ཕལ་བ་ཚོས་ཀྱང་ལས་སླ་བའི་ངང་ནས་བྱེད་ཐུབ་པ་ཤ་སྟག་རེད། མ་གཞི་ཁོང་སྐྱབས་བཅོལ་དུ་ཕེབས་། སྐྱབས་བཅོལ་དུ་བཞུགས་དོན་གྱང་བོད་ཀྱི་ཆེད་དུ་མ་རེད་དམ། བསམ་ཚུལ་འདི་ནི་ངོ་ཚ་མ་ཤེས་པ་རང་རེད།
མཐའ་དོན་ཁྱེད་རང་གིས་ཤེས་དགོས་པ་ཞིག་ལ། འཛམ་བུ་གླིང་ཚང་མས་ལམ་དབུ་མིའི་སྲིད་ཇུས་མ་འགྲིག་པའི་དབང་གིས་བོད་ཀྱི་འཐབ་རྩོད་རྩ་བརླག་ཏུ་འགྲོ་རྒྱུ་རེད་ལབ་ཀྱི་ཡོད་མ་རེད། དེང་སྐབས་བོད་དོན་ལ་རེ་བ་མེད་པ་འདྲ་བོ་གླེང་མཁན་མང་དུ་འགྲོ་གི་ཡོད་པ་དང་། དེ་ཡང་གཙོ་བོ་༧རྒྱལ་བ་རིན་པོ་ཆེ་དགོངས་ལོ་བགྲེས་པོ་ཆགས་འགྲོ་གི་འདུག་ཅེས་བྲེལ་བྲེལ་ཟིང་ཟིང་བྱེད་བཞིན་པ་རེད། འོན་ཀྱང་ཁྱི་ལ་ལས་རིག་ནས་ཟུག ཁྱི་ལ་ལས་མ་རིག་ནས་ཟུག་ཅེས་པའི་དཔེ་ལྟར། ཁྱེད་རང་གིས་མི་ཚོས་སེམས་ཁྲལ་བྱེད་དོན་དང་སེམས་ཁྲལ་བྱེད་ས་གང་ཡིན་མ་མཐོང་སྒོ་ནས་སྐད་བརྒྱག་གི་ཡོད་པ་རེད། གལ་སྲིད་ཁོང་གི་སྐུ་ཚེ་ཞབས་པད་བརྟན་པ་ཡིན་ན་རྒྱ་དམར་སྲིད་དབང་ལ་ཆགས་འཇིགས་ཡོང་རྒྱུ་ཡིན་པ་ཉག་ཅིག་རེད།
ལམ་དབུ་མ་ལ་བསྐྱར་ཞིབ་གནང་མི་ཆོག་གསུངས་ཡོད་པ་མ་རེད། མདོ་དོན་ལམ་དབུ་མ་གལ་ཆེ་ཤོས་མ་ཡིན་པར། གལ་ཆེ་ཤོས་རྒྱལ་བ་རིན་པོའི་སྐུ་ཚེ་ཆགས་ཡོད་པ་རེད།
རྗེས་མ་ནས་ཉོག་རིང་མ་ཡིན་པའི་གནད་བསྡུས་རེ་འབྲི་རོགས།
རྒྱལ་ཁབ་མེད་པ་ཞིག་ལ་ཕྱི་སྲིད་ཟེར་རྒྱུ་ཞིག་གང་ན་ཡོད། ཅིག་ཡོད་ན། བདེན་པ་ཕྱི་ལ་སྒྲོགས་པ་དེ་ཕྱི་སྲིད་རེད། བདེན་པ་ཞུ་གཏུགས་བྱེད་པ་དེ་ཕྱི་སྲིད་རེད། ཆོས་རིག་ཕྱི་ལ་སྤེལ་བ་དེ་ཕྱི་སྲིད་རེད། ཕྱི་དྲིལ་ལས་ཁུངས་དེ་ཕྱི་སྲིད་རེད།
བོད་ནང་དུ་ཆོས་རིག་གི་བསྟི་གནས་སྟོང་ཕྲག་མང་པོ་ཡོད་པ་དེས་ནུས་པ་མ་ཐོན་ས་ཞིག་ནས་བོད་གཞུང་གིས་པེ་ཅིང་དུ་ཆོས་རིག་ལས་ཁུངས་ཤིག་བཙུགས་ནས་ནུས་པ་གང་ཞིག་ཐོན་གྱི་ཡོད་རེད། རྒྱ་བོད་འབྲེལ་མོལ་ལས་ཁུངས་ཤིག་གམ་བོད་དོན་ཞུ་སྐུལ་ལས་ཁུངས་ཤིག་འཛུགས་པའི་གོ་སྐབས་ཡོང་སྲིད།
ཆོས་རིག་རྐྱང་བའི་ཐོག་ནས་གཞིས་བྱེས་གཉིས་མཉམ་འབྲེལ་གྱིས་ལས་གཞི་གསར་བ་རེ་མགོ་འཛུགས་ཐུབ་ན་ཕན་ཐོགས་ཡོད་རྒྱུ་རེད་སྙམ།
རྒྱ་བོད་འབྲེལ་མོལ་ཐད་ཆད་མཐུད་ཆད་མཐུད་བྱས་ནས་འགྲོ་རྒྱུ་ཡིན་པ་འདྲ། རྗེས་མ་ཞིག་ལ་མ་ཆད་པར་མུ་མཐུད་དེ་འགྲོ་བའི་གོ་སྐབས་ཤིག་བྱུང་དུས་རེ་བ་ཞིག་གི་མགོ་གཞི་ནས་ཚུགས་ཀྱི་རེད་སྙམ།
མདོར་དེད་ན་ང་ཚོའི་དཀའ་རྙོག་གི་ཐུག་ས་གཙོ་བོ་དེ་རྒྱ་མི་ལྟ་བ་རྙིང་པ་མཁྲེགས་འཛིན་པ་སྐོར་ཞིག་ལ་ཐུག་ཡོད་པ་འདྲ། དེ་ཚོ་བརྗེ་བོ་མ་རྒྱབ་བར་ཁག་པོ་རེད། ད་དེ་ཚོ་རྐུབ་ཀྱག་ནས་གཡུག་རྒྱུ་དང་དེ་ཚོའི་རྗེས་འཇུག་པ་ཚང་མ་མགོ་འབུར་མ་བཅུག་པའི་ཐབས་ཤེས་འདྲ་ཡོད་དམ། རྒྱ་ནག་དམངས་གཙོའི་འགོག་རྡོའང་འདི་འདྲ་སྐོར་ཞིག་ལ་ཐུག་ཡོད་པ་འདྲ། ད་ཨོ་ལིམ་ཕིག་ཚར་ཆུག ཞི་མོལ་བརྒྱད་པ་ལ་སྒུག་སྡོད། དེ་ནས་ང་ཚོས་ཅིག་ལྟ་ད།
དེ་ནས་གནས་སྐབས་ང་ཚོས་ཞི་མོལ་མཚམས་འཇོག་གི་ཡིན་ན། ང་ཚོས་ཆ་རྐྱེན་ཞིག་བཏོན་ནས་མཚམས་འཇོག་དགོས་ཀྱི་རེད་སྙམ། དེ་ནི་ཞིབ་འཇུག་ཞིབ་ཚགས་བྱས་ནས་དམངས་གཙོ་དང་མི་རིགས་རང་དབང་གི་འགོང་པོ་དེ་ཚོའི་མིང་ཐོ་ཞིག་བཏོན་ཏེ། དེ་ཚོ་གོ་གནས་ནས་བརྗེ་བོ་མ་བརྒྱབ་བར་བོད་རྒྱ་ཞི་མོལ་བྱེད་རྒྱུ་མཚམས་བཞག་པ་ཡིན་པའི་ཡོངས་བསྒྲགས་བྱེད་དགོས་པ་དེ་རེད།
ང་ཚོའི་རང་དབང་འཐབ་རྩོད་ཀྱི་ལམ་ཁ་དེ་མུ་མཐུད་དེ་ཀྱག་ཀྱོག་དང་འབར་འབུར་མང་པོ་ཞིག་ཡོད་པ་འདྲ། ད་ང་ཚོ་བཙན་བྱོལ་ལ་ཡོང་བ་ནང་བཞིན་ནུར་དགོས་ས་ནས་ནུས། ཀོག་དགོས་ས་ནས་ཀོག ཡར་ལངས་ནས་འགྲོ་ཐུབ་ས་ནས་ཡར་ལངས་ནས་ཕྱིན། རྒྱུག་ཐུབ་ས་ནས་རྒྱུག་དེ་འདྲ་བྱས་འགྲོ མཐར་ཐུག་ང་ཚོ་དམིགས་སར་སླེབས་གི་རེད།
ངའི་གོང་གི་འདི་ལྕགས་རྒྱ་འགྲམ་ནག་ལ་བསམ་ཚུལ་བརྗེ་ལེན་བྱས་པ་ཡིན། ད་རུང་ངས་མ་མཐོང་བ་ཞིག་ལ།རྒྱལ་བ་རིན་པོ་ཆེའི་ཆོས་ཕྱོགས་ཀྱི་མཛད་པ་འཕྲིན་ལས་ཧ་ཅང་རྒྱས་ཡོད་པ་འདི་སྲིད་ཕྱོགས་སུ་བེད་སྤྱོད་གཏོང་སྟངས་ཀྱི་སྐོར་ང་ལ་དྲི་བ་ཞིག་བཀོད་འདུག
འདི་ཆོས་ཕྱོགས་གཅིག་པོའི་མཛད་འཕྲིན་ཡིན་རྒྱུ་མ་རེད། ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་ཡིན་རྒྱུ་རེད། ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁྱེར་ནས་སྲིད་ཕྱོགས་ལ་བེད་སྤྱོད་གཏོང་སྟངས་ཤིག་ཡོད་ན་ཁྱེད་ཚོས་ཐོངས་དང་། ཆོས་སྲིད་གཉིས་ཀྱི་མཛད་པ་མར་གཅོག་བྱེད་ཅིག་མིན་ན་ཡག་པོ་རེད།
གུས་པའི་མཆན་བུ་གོང་མ་དེ་ཐད་ཀར་གཡུ་ཚང་ལྷ་དོན་གྱི་མ་རྩོམ་དེ་ལ་ཡིན། ཞོར་ལ་”ཕྲན་བུའི་ཤེས་ཡོན་ཉེན་ཁ་ཆེ་”ཞེས་པའི་དབྱིན་དཔེ་དེའང་དྲངས་ན་འདོད་སོང་།
ང་ཚོས་ནང་བའི་རྒྱལ་ཁབ་ཅིག་སླར་གསོ་བྱེད་ཀྱི་ཡོད་སྟབས། ནང་ཆོས་ནི་རྩོད་གཞི་གཙོ་བོ་དང་རྩོད་སྤྱད་གལ་ཆེན་ཞིག་ཡིན། ང་ཚོར་ཆབ་རྐྱང་བའི་ཆེད་དུ་ཚོང་དང་དམག་དཔུང་། མི་འབོར་སོགས་འདང་ངེས་མེད།
ཆོས་ཕྱོགས་མཛད་འཕྲིན་འབྲི་ལོང་མ་བྱུང་།
གཡུ་ཚང་ལྷ་མོ་དོན་གྲུབ་ལ
ཁྱེད་ཀྱིས་པྲིས་པའི་གཏན་ནི་རྒད་པོ་འཆི་ཁ་སྨན་ཟ་བ་ལས་དུག་ཟ་ཡ་ཉེན་ཁ་ཆེ།
་ངས་ལྟོས་ན་ཁྱོད་ཤི་ལ་ཉེས་པས་རྒད་པོ་ཞིག་མིན་ལ་ཕོ་གཞོན་ནང་སྟོང་ཕྱི་སྟོང་གཅིག་གི་སྐད་ཆ་ཡིན་པ་འདྲ།
ཁྱེད་ལ་འབྲེལ་བཤད་མང་པོ་འབྲི་མི་འདོད་ལ་བྲིས་ཡང་ཉན་འདོད་ཀྱི་བློའང་ཁྱེད་ལ་མེད།
གལ་དེ་ཁྱེད་རང་ཆོ་ལ་འབྲི་ཡ་མེད་ན་ཁ་ཚུམས་ནས་སྡད་ན་ཡག
མགོན་པོ་ཕྱག་གཉིས་ལ།
ཁྱེད་ཀྱིས་ཐད་ཀར་བསམ་ཚུལ་བཤད་པར་ཐུགས་རྗེ་ཆེ། ཆ་རྐྱེན་འདོན་རྒྱུ་གལ་ཆེན་པོ་རེད་བསམ། ང་ཚོས་ཁ་ནས་ཐེ་ཝན་དོན་གཅོད་ཅེས་བཤད་ཀྱི་ཡོད་པ་མ་གཏོགས་མིང་ཐོག་ནས་ཆོས་རིག་ལས་ཁུངས་རེད་ལ། དེ་བཞིན་དུ་བཙན་བྱོལ་བོད་གཞུང་ཡང་རྒྱ་གར་གཞུང་གི་ངོས་ནས་ཏཱ་ལའི་བླ་མའི་འཛིན་སྐྱོང་ཡིག་ཚང་རེད། གང་ལྟར་མིང་གལ་ཆེན་པོ་མིན་པར་ལག་གི་ལས་ཀ་གལ་ཆེན་པོ་རེད།
དེང་སང་གི་ཆབ་སྲིད་ཟེར་ན་ཕྱི་གསལ་ནང་གསལ་ཡོང་རྒྱུ་དཀའ་མོ་རེད། ཕལ་ཆེ་བ་ལྐོག་གི་གཡོ་སྒྱུ་རེད། ཡིན་ནའང་ཟམ་གདོང་རིན་པོ་ཆེས་ཐེངས་ཤིག་ང་དགེ་སློང་གི་སྡོམ་པ་བརྩི་མཁན་ཞིག་ཡིན་པ་ཙམ་གྱིས་ཆབ་སྲིད་སྐྱོང་བར་ད་ཕན་བར་གྱི་བཀའ་བློན་ལས་ཐོག་གི་རིང་འདིར་དམིགས་བསལ་དཀའ་ངལ་གང་འཕྲད་མ་སོང་ཞེས་བཤད་སོང་མོད། ཡིན་ནའང་རྒྱལ་བ་རིན་པོ་ཆེ་ཡིས་རྒྱ་བོད་གཉིས་ཀྱི་བར་ལ་ཅི་ཙམ་ལྷག་བསམ་རྣམ་དག་བྱས་རུང་གྲུབ་འབྲས་ཐོན་དཀའ་བ་འདི་ལ་བརྟེན་ནས་རྒད་པོ་ཐེ་བའི་ང་ལྟ་བུའི་མི་ཁ་ཤས་ཀྱིས་འདིར་སེམས་ཀྱི་ན་ཚ་བཤད་ཀྱི་ཡོད།
དཀོན་མཆོག་ཟེར་མཁན་དེས་རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་བཞིན་དུ་ཡང་ཁ་སང་ཤིན་ཅང་དུ་ཧན་གསུམ་བསད་ཤག ཁ་ཆེ་དེ་རྣམས་ངོ་མ་ངར་བ་རེད། འཁང་ར་དང་དམོད་པ་ནང་ལ་གཏོང་མཁན་ཚོས་རང་དབང་རང་བཙན་གྱི་ཆེད་དུ་ལས་ཀ་གང་བྱས་ཡོད། ཡང་ན་ག་རེ་བྱེད་འཆར་ཡོད་ཅེས་འདྲི་གི་འདུག
རྒྱལ་བ་རིན་པོ་ཆེ་ལ་དགའ་བ་དང་རྒྱལ་བ་རིན་པོ་ཆེའི་འཚེ་མེད་ཞི་བའི་ལྟ་བ་བསྲུང་མི་ཐུབ་པ་འདི་དཀོན་མཆོག་ཙམ་མིན་པར་བོད་མི་མང་དག་ཅིག་གི་སེམས་ཀྱི་འགལ་བ་རེད། དེ་བཞིན་དུ་མདའ་ཚན་པས་ཀྱང་ཨ་རིའི་སྲིད་འཛིན་གྱི་ཁ་ན་བོད་ཀྱི་སྐོར་སྦྲང་མའི་སྦྲང་སྐད་ཙམ་ཡང་མི་འདུག་ཅེས་དང་དགེ་ཆོས་ཀྱིས་ཀྱང་སྦུའུ་ཧྲི་ཡིས་བོད་ཅེས་པའི་ཚིག་དེ་ཁའི་ཟུར་ནས་ཡང་གླེང་མ་སོང་ཞེས་ཨ་རིའི་སྲིད་འཛིན་གྱིས་བོད་དོན་མ་གླེང་བ་ལ་རེ་ཐག་ཆད་པའི་བརྡ་སྟོན་བཞིན་དུ་རྒྱལ་སྤྱིའི་རྒྱབ་སྐྱོར་དང་རོགས་རམ་ལ་རེ་བ་བྱེད་ཀྱི་འདུག
འདི་དག་ནི་ཁྱེད་ཅག་ཙམ་མིན་པར་ང་རང་ལའང་སེམས་ཀྱི་འགལ་བ་འདུག་པས། སེམས་ཀྱི་འགལ་བ་འདི་ལ་བདག་བརྒྱབ་སྟེ་རང་སེམས་ལ་དྲི་བ་འདྲི་དགོས་རྒྱུ་གལ་ཆེ།
འདི་ལྟར་བསམ་ཚུལ་བཤད་པ་ཙམ་གྱིས་དགེ་ལེགས་ལྟ་བུས་ཁ་ཚུམས་ཞེས་བཤད་ཡོང་གི་འདུག གལ་སྲིད་ཁོང་ལ་དབང་ཆ་དང་ཆ་རྐྱེན་ཡོད་ཚེ། ཁོའི་བསམ་ཚུལ་ལས་ལྡོག་ཟླ་བཤད་མཁན་ཚོའི་ཁ་དབང་འཕྲོག་རྒྱུ་གསལ་བོ་རེད།
ཁ་བརྡའི་དྲ་ཚིགས་འདི་ནི་བོད་ཡིག་འབྲི་མཁན་ཁག་ཅིག་གི་སེམས་ཀྱི་མེ་ལོང་ལྟ་བུ་ཞིག་ཏུ་གྱུར་འདུག མེ་ལོང་འདི་ནས་ང་ཚོས་ཡག་བཙོག་ཅི་རིགས་མཐོང་ཐུབ་ཀྱི་འདུག ཁ་བརྡ་རྒྱལ་ལོ། བོད་རྒྱལ་ལོ། རྒྱ་ནག་གི་རང་དབང་རྒྱལ་ལོ། བདུན་ཕྲག་ཁ་ཤས་ཀྱི་རྗེས་ནས་མཇལ་ཡོང་།
ཡང་པེ་ཅིན་དུ་བོད་དོན་ཆེད་སྐད་འབོད་བྱས་ཤག ངོ་མའི་ཡག་པོ་རེད། ཨོ་་་་་་ཁ་ཆེ་དེ་རྣམས་ངར་བ་རེད་ཟེར་བ་དེས་དབུ་མའི་ལམ་ལ་ཡིད་ཆེས་འགག་དགོས་ན། དེ་ལས་ལྷག་པའི་ལམ་སྟན་བྱས་དང་ཡིད་རངས་ཡོད་པས་ངུ་ཆེ་དགོས།
གཡུ་ཚང་ལྷ་མོ་དོན་གྲུབ་ལགས།
ཉིད་ཀྱི་ཞལ་འདམས་འདི་ལ་ཐུགས་རྗེ་ཆེ་ཞུ། ཏཱ་ལེ་བླ་མ་ཁོང་གིས་དབུ་མའི་ལམ་ལེགས་འགྲུབ་འབྱུང་ཆེད། མི་
དམངས་མཉམ་དུ་རྔམ་སྟོན་ཁྲོམ་སྐོར་ལ་དངོས་སུ་ཞུགས་དགོས། ཟས་བཅད་ངོ་རྒོལ་བྱེད་དགོས། འདི་ལྟར་བྱས་ན་བོད་མི་ཡོངས་ཀྱིས་ཆིག་སྒྲིལ་གྱི་སྟོབས་ཤུགས་ཀྱིས་རྒྱ་ནག་གིས་དངོས་ཡོད་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་ཞིག་བོད་ལ་སྟེར།
གྲོགས་པོ་ཚོ།
བསམ་བློ་ཞིག་ཐོངས་དང་། ཏཱ་ལེ་བླ་མ་དངོས་སུ་ཞི་བའི་ངོ་རྒོལ་ལ་ཞུགས་དུས། བོད་མི་སུ་ཞིག་གིས་སྣང་མེད་དུ་འཇོག་ཐུབ། དེས་བོད་ཕྱི་ནང་གཉིས་ཀར་ཆབ་སྲིད་ལས་འགུལ་གྱི་མེ་རི་འཆེད་ཐུབ།
མེ་རི་ཡིན་ན་མེ་རོ་ཡིན་ན་ཁྱོད་ཟས་བཅད་ངོ་རྒོལ་བྱས་ཨེ་མྱོང་། ངོ་མའི་བོད་དོན་ཆེད་སེམས་ཤུགས་ཡོད་ན་ལྐོག་ནས་བཀོད་པ་འཐེན་ནས་འདུག་དགོས་ཡ་ཡོད་མ་རེད། ཁྱྱོད་རང་གྲལ་འདི་ཁ་གདངས་ཡོང་དུས་ཁོག་རིག་གི། བོད་ཕྱི་ནང་གཉིས་ཀར་ལས་འགུལ་གྱྱི་མེ་རི་མ་མཆེད་པར་གང་ཟིག་ན་ལྷག་འདུག
མེ་རོ་བསམ་བློ་ཐོངས་དང། པཎ་ཆེན་རིན་པོ་དངོས་སུ་བཙོན་ཁང་དུ་ཡོད་ཀྱང་བོད་མིས་སྣང་མེད་བཞག་འདུག་པ་ནང་བཞིན། གལ་སྲིད་༧གོང་ས་མཆོག་དངོས་སུ་ངོ་རྒོལ་ནང་ཞུགས་ཀྱང་ཁྱེད་རང་འདྲ་བོས་སྣང་མེད་འཇོག་རྒྱུ་ཡིན་པ་ཐག་ཆོད། མ་གཞི་ཁོང་གིས་ཆུ་ཚོད་སྐར་ཆ་རེ་རེ་ལའང་བོད་ཆེད་ཕྱག་ལས་གནང་གི་རེད། གཙོ་བོ་༧གོང་ས་མཆོག་སྐུ་རྐྱང་གིས་རྒྱ་མིས་ཁ་གཏད་གཅོག་བཞིན་པ་རེད། བོད་ནང་གི་མི་ཚོས་སྙིང་སྟོབས་ཆེན་པོས་སྐུ་མདུན་ལ་རྒྱབ་སྐྱོར་གནང་གི་ཡོད་ཀྱང་རྒྱ་མིའི་དྲག་གནོན་འོག་ནས་འགུལ་ཐུབ་ཀྱི་ཡོད་པ་མ་རེད། ཁྱེད་རང་འདྲ་བོ་ཕྱི་ལོག་གི་བོད་པ་མང་ཆེ་བ་ཁ་གསོན་པོ་དང་ལག་ཤི་བོ་རྐྱང་རེད་མི་འདུག་གམ།