ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས།
ལྷག་བསམ་མཚོན་བྱེད་ཁ་དོག་དཀར་པོ་ཞེས། །
གདོད་མའི་དུས་ནས་བོད་ཀྱི་ཡུལ་སྲོལ་གྲགས། །
ཚོང་རྭ་རྒྱས་པས་སྲོལ་ལུགས་ཉམས་རྒུད་འདི། །
དེང་གི་དུས་སུ་མདོ་ཁམས་ཡུལ་དུ་ཁྱབ། །
བཀྲ་ཤིས་ལྷ་རྫས་ཁ་དོག་དཀར་པོ་དང་། །
ཆོ་གའི་རིག་གནས་དར་མཚོན་སྣ་ལྔ་གཉིས། །
གཅིག་ཏུ་འཁྲུལ་ནས་གུས་ཞབས་མཚོན་པ་ནི། །
ཤིང་བཟོའི་ཆེད་དུ་མགར་ཆས་ཁྱེར་དང་མཚུངས།།
དེང་དུས་བོད་ཀྱི་དར་དཀར་རིག་གནས་ལ་བཤད་སྲོལ་དང་། གཏོང་སྲོལ་གཉིས་ཀ་ལ་ཉམས་རྒུད་ཅུང་ཟད་འགྲོ་བའི་རྣམ་པ་མཐོང་ནས་རྒུད་པ་ཉམས་གསོ་ཡོང་བའི་ཆེད་དུ་དཔྱད་རྩོམ་མདོར་བསྡུས་འདི་བྲིས་པ་ཡིན།
གཅིག བོད་ཀྱིས་དར་དཀར་གཏོང་སྲོལ་རྒྱ་ནག་ནས་དར་ཚུལ་བཤད་པ་ལ་དགག་པ།
བོད་ཀྱི་འཚོ་བའི་ནང་དུ་དར་དཀར་ནི་མེད་དུ་མི་རུང་བའི་ཕན་ཚུན་གུས་ཞབས་དང་། ལྷག་བསམ། མཛའ་བརྩེ་མཚོན་བྱེད་ཅིག་རེད། སྤྱིར་བཏང་བོད་མའི་འཚོ་བའི་ནང་དུ་དཀར་པོ་ལ་བཀྲ་ཤིས་པ་མཚོན་བྱེད་དང་། ནག་པོ་ནི་མི་དགེ་བ་མཚོན་གྱི་ཁ་དོག་ཏུ་བརྩི་སྲོལ་ཡོད་པ་རེད། མི་དང་མིའི་བར་འབྲེལ་བ་བྱེད་སྐབས་གང་དེ་དང་འབྲེལ་བ་བྱས་པའི་རྗེས་སུ་ལམ་འགྲོ་བྱུང་ན་དེ་ལ་མི་ཁ་དཀར་དང་། དེ་གང་འབྲེལ་རྗེས་ལམ་འགྲོ་མེད་པར་བྱུང་ན་མི་ཁ་ནག་ཟེར་སྲོལ་ཡོད་པ་དང་། མི་བསོད་ནམས་ཅན་ལ་ཐོད་དཀར་དང་། མི་བསོད་ནམས་མེད་པ་ལ་ཐོད་ནག་ཟེར། མི་གཞན་ཕན་ཅན་ལ་མི་སེམས་དཀར་ཅན་དང་། གཞན་གནོད་ཅན་ལ་མི་སེམས་ནག་ཅན་ཟེར། མདོར་ན། དུས་དང་རྣམ་པ་ཀུན་དུ་ཁ་དོག་དཀར་པོ་ནི་བཀྲ་ཤིས་པ་དང་། དགེ་བའི་ལས་མཚོན་བྱེད་དང་། ཁ་དོག་ནག་པོ་ནི་བཀྲ་མི་ཤིས་པ་དང་། མི་དགེ་བའི་དོན་མཚོན་བྱེད་ཡིན། །
འོ་ན་བོད་དུ་དར་དཀར་པོས་དགའ་བསུ་དང་རྟེན་འབྲེལ་བྱེད་སྲོལ་འདི་ག་དུས་བྱུང་ཞེ་ན། དེང་དུས་བོད་རིག་པ་ཞིབ་འཇུག་པ་འགའ་ཞིག་གིས་བོད་ཀྱིས་དར་དཀར་གཏོང་སྲོལ་འདི་འགྲོ་མགོན་ཆོས་འཕགས་སྐབས་སུ་རྒྱ་ནག་ནས་དར་བ་རེད་ཅེས་བཤད་མཁན་བྱུང་འདུག་ལ། རྒྱ་རིགས་ཞིབ་འཇུག་སློབ་མའི་དཔྱད་རྩོམ་ནང་དུའང་དར་དཀར་རྒྱ་ནག་ནས་བྱུང་བས་ལུགས་འདི་རྒྱ་ནག་ནས་དར་བའི་བཤད་སྲོལ་ཡང་བྱུང་འདུག །
༡༽རྒྱ་ལུགས་དཀར་པོ་བཀྲ་ཤིས་པའི་ཁ་དོག་མིན་པའི་སྐོར། འོན་ཀྱང་རྒྱ་ནག་གི་ཡུལ་དུ་གནའ་དེང་གང་གི་དུས་ཡིན་ཡང་དཀར་པོ་ནི་བཀྲ་མི་ཤིས་པའི་བྱ་བ་གཤིན་ལས་སྐབས་སུ་གོས་དཀར་པོ་གྱོན་པ་དང་། མེ་ཏོག་དཀར་པོ་སྤྱོད་སྲོལ་ཡོད་པ་ལས་ཁ་དོག་དཀར་པོ་བཀྲ་ཤིས་པའི་མཛད་སྒོའི་ནང་དུ་སྤྱོད་སྲོལ་མ་མཐོང་། དེ་ལས་ལྡོག་སྟེ་དེང་དུས་ཀྱང་སྲོལ་རྒྱུན་ལ་ཤ་ཞེན་ཆེ་བའི་རྒྱ་རིགས་འགའ་ཞིག་ལ་དར་དཀར་གཏོང་ན་དགའ་པོ་བྱེད་ཅིང་མི་འདུག །གནའ་བོའི་ཡིག་ཚང་དུ་འཁོད་པ་ལྟར་ནའང་དཀར་པོ་མྱ་ངན་གྱི་ཁ་དོག་ཡིན་པར་གསལ་སྟེ། སྤྱི་ལོ་༡༧༧༧ལོར་ཆན་ལུང་ཁྲི་ལོ་ཞེ་གཉིས་པའི་ཞིང་རྩིས་ཟླ་བ་དང་པོའི་ཚེས་༢༣ཉིན། གོང་མ་ཆན་ལུང་གི་བཙུན་མོ་འདས་གྲོངས་ཕྱིན་སྐབས་བོད་ཀྱི་སྐུ་དྲག་རྣམས་ཀྱིས་མྱ་ངན་ཞུས་པའི་སྐོར།
“རྡོ་རིང་པཎྜི་ཏའི་རྣམ་ཐར་ལས། འདི་སྐབས་ཨམ་བན་རྣམ་གཉིས་སོགས་རྒྱ་དཔོན་རྣམས་རྒྱ་ལུགས་མྱ་ངན་གྱི་གྱོན་པ་དཀར་པོ་དང་། ཞྭ་མོ་ཇ་ལར་མེད་པ་གྱོན་ཞིང་། གུང་། བཀའ། མདའ། ཛ་སག་སོགས་གོང་མའི་མིང་དང་ཆོ་ལོ་འཛིན་པ་རྣམས་ཀྱང་དེ་དོན་ལྟར་བྱེད་དགོས་པ་ཨམ་བན་གཉིས་ནས་གསུང་འདུག་དོན་ལྟར་འདི་སྐབས་བོད་ཀྱི་མི་དྲག་རྣམས་ཞག་ཤས་བར་དབུ་ཞྭ་འབོག་དོ་དང་། ན་བཟའ་འགོ་སྣམ་དཀར་པོ་དང་། སྣམ་ཕྲུག་དཀར་པོ་ཞེ་གཅིག་གྱོན་བཞེས་མཛད་དགོས་པ་བྱུང་སོང་གཤིས། རྒྱ་ནག་གི་མྱ་ངན་ཆ་ལུགས་བོད་ཀྱི་རྟེན་འབྲེལ་ལེགས་ཆས་སུ་གྱུར་པའི་ཡ་མཚན་པ་ཞིག་བྱུང་། ”ཞེས་གསུངས། དེས་ན་རྒྱ་ནག་ནས་དར་དཀར་ཉོ་ཚོང་བྱུང་བའི་ལོ་རྒྱུས་འདི་ནི་རིག་གནས་ཀྱི་འབྲེལ་བ་མིན་ཞིང་། ཚོང་ལས་ཀྱི་འབྲེལ་བ་ཡིན་པ་ཤིན་ཏུ་གསལ།
༢༽འགྲོ་མགོན་ཆོས་འཕགས་ཀྱི་སྔོན་དུ་བོད་དུ་དར་དཀར་གཏོང་སྲོལ་ཡོད་པ། ཐོག་མར་ཡིག་ཆ་རྙིང་པའི་ནང་དུ་དར་དཀར་ཞེས་པའི་ཐ་སྙད་འདི།
《གསེར་འོད་གཡང་སྐྱབས་དར་དཀར་མ》ཞེས་པའི་དཔེ་རྙིང་འདིའི་ནང་ཡོད་འདུག དཔེ་རྙིང་དེ་ལས། “རིན་ཆེན་སྣ་ཚོགས་མཛེས་པར་བྱས།
སེམས་བསྐྱེད་ཡན་ལག་ཚང་བྱས་ནས། དར་དཀར་གཡབ་ཅིང་སྤྱན་འདྲེན་ན། ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས། ཆོས་རྣམས་ཀུན་ལ་མངའ་མཛད་པ། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་རྣམས། བཀྲ་ཤིས་སྐྱིད་རྟགས་གནས་འདིར་བྱོན། དར་དཀར་གཡབ་ཅིང་དུ་ལེན། ཐུགས་རྗེའི་བྱིན་རླབས་ཆེན་པོ་ཡིས། ཕྱྭ་དང་གཡང་དུ་བསྐྱབ་ཏུ་གསོལ།”ཞེས་སོགས་གསལ་ལོ། འདི་ནི་བཀའ་འདུས་ཞེས་པའི་དཔེ་ཆ་དེའི་ནང་ཡོད་རེད། དེ་ལ་གཟུངས་འདུས་ཡང་ཟེར་རེད། དེ་ནི་སངས་རྒྱས་ཀྱིས་གསུངས་པའི་བཀའ་ལས་གསང་སྔགས་ཀྱི་རྒྱུད་གཙོ་ཆེ་བའི་རིགས་རྣམས་ཕྱོགས་བསྡུས་བྱས་པ་ལ་རྒྱུད་ཅེས་པ་པུ་སྟི་གཅིག། མདོ་གཙོ་བོའི་རིགས་རྣམས་ཕྱོགས་གཅིག་བྱས་པ་མདོ་ཞེས་པ་པུ་སྟི་གཅིག རྒྱུན་དུ་རྐྱེན་དུ་བཟློག་རིམ་གྲོ་ལ་བེད་སྤྱོད་ཆེས་མང་བ། འོན་ཀྱང་སངས་རྒྱས་ཀྱི་བཀའ་ཡིན་མིན་དོག་གཞི་ཡོད་རིགས་ཕྱོགས་གཅིག་བྱས་པ་ལ་སྣ་ཚོགས་ཞེས་པའི་པུ་སྟི་གཅིག་བཅས་གསུམ་པོ་ཕྱོགས་བསྡོམས་བྱས་པ་ལ་བཀའ་འདུས་ཟེར་དེང་གྲོང་པའི་ཨ་མཆོད་འདོན་བྱ་གཙོ་བོར་ཞིག་རེད། འདི་ནི་ཕལ་ཆེར་བསྟན་པ་ཕྱིར་དར་གྱི་སྐབས་སུ་བོན་ཆོས་ནང་ཆོས་སུ་བསྒྱུར་པའི་དཔེ་ཆ་ཞིག་ཡིན་པར་འདྲ། བཅོམ་རིག་རལ་དང་། དབུས་པ་བློ་གསལ་སོགས་ཀྱིས་བཀའ་བསྟན་སོ་སོར་དབྱེ་བའི་སྐབས་སུ། དེའི་སྔོན་སངས་རྒྱས་ཀྱི་གསུངས་ཡིན་པར་བསྒྲགས་པའི་དཔེ་ཆ་མང་པོ་ཞིག་རྒྱལ་བའི་གསུང་རབས་ལས་ཕྱིར་བཏོན་ཡོད་པ་དཔེར་ན། གསོ་རིག་རྒྱུད་བཞི་ལྟ་བུ་རེད། འདིའི་ནང་དོན་དང་ཚིག་སྦྱོར་ལ་བརྟག་ན་ཕལ་ཆེར་བོན་གྱི་གཡང་འབོད་ནང་ཆོས་སུ་བརྫུས་པའི་རིགས་ཤིག་ཡིན་པར་འདྲ། །
གཞན་ཡང་《ལྷ་མོ་དཔལ་ཆེན་མོའི་གཡང་བསྐྱབ་》ལས། “གཡང་རྫས་སྐོར་ལ། གཡང་ཕོར་མར་ཁུས་གང་བ་དང་། །གཡང་སྒྱེ་གེ་ལུ་དཀར་པོ་དང་། །རྔ་མ་རྔ་ཚོས་བརྒྱན་པ་བཏགས། ཞེས་སོགས་རྫས་སྐབས་རྔ་མ་དཀར་པོ་དང་ཚོས་ཅན་དགོས་པར་བཤད་པ་དང་། གཡང་འབོད་སྐབས། དེ་རིང་གཟའ་སྐར་ཚེས་གྲངས་བཟང་། གཡང་རྫས་སྣ་ཚོགས་རི་ལྟར་སྤུངས། དར་དཀར་མདའ་དར་གཡབ་མོས་གཡབ། རོལ་མོ་སྙན་པའི་དབྱངས་ཀྱིས་འབོད།” ཞེས་སོགས་གཡང་གི་ལྷ་མོ་འབོད་པ་ལ་དར་དཀར་གྱིས་གཡབ་མོ་བྱེད་ཅིང་འདོད་སྲོལ་ཡོད་པ་འདི་དག་ཆེས་གནའ་བོའི་ལུགས་སྲོལ་ཞིག་ཡིན་པ་ཡིག་ཆ་དེ་དག་ལས་གསལ། །
གཞན་ཡང་ཁ་དོག་དཀར་པོས་བཀྲ་ཤིས་གཡང་འབོད་བྱེད་དེ་གནའ་བོའི་བོན་ལུགས་ཡིན་པའི་སྐོར།
ད་ལྟ་རྒྱལ་རོང་ཡུལ་དུ་རྟེན་འབྲེལ་བཟང་པོ་ཞེས་པའི་དམངས་སྲོལ་ཞབས་བྲོ་ཞིག་འཁྲབ་ཀྱི་ཡོད་པ་དེའི་དུས་སུ། བྲོ་དཔོན་གྱིས་གཡག་རྔ་དཀར་པོ་ཞིག་ཁྱེར་ནས་དེ་འཚམས་འཚམས་སུ་གཡུགས་དགོས་ཀྱི་ཡོད། བྲོ་དེའི་ལོ་རྒྱུས་བཤད་པའི་ཚེ་རྒྱལ་བ་གཤེན་རབ་མི་བོ་ཆེ་འཇིག་རྟེན་དུ་སྐུ་འཁྲུངས་སྐབས་ལ་ལས་དུང་བུས། ལ་ལས་རྔ་བརྡུང་།ལ་ལས་ཤན་བཏང་ཞེས་བཤད་ཀྱི་ཡོད། ཤན་བཏང་ཞེས་པ་ནི་བཀྲ་ཤིས་གཡག་རྔ་དཀར་པོ་གཡུག་གཡུག་བྱེད་དགོས་པ་ཅེས་བཤད། ཅེས་རྒྱལ་རོང་བ་བསོད་ནམས་དབང་གྲགས་ཀྱིས་བཤད་པ་མཁས་དབང་ཀརྨ་བདེ་ལེགས་ཀྱི་ཟིན་བྲིས་ལས་གསལ། འོན་ཀྱང་འདི་དག་དར་དཀར་པོ་གཡབ་ནས་ལྷ་གཡང་སྤྱན་འདྲེན་པའི་ལག་ཆ་ཞིག་ཡིན་པ་ལས་མིས་མི་ལ་དར་དཀར་གཏོང་པའི་སྐོར་བཤད་མི་འདུག
བོད་ཀྱི་ཡིག་ཆ་དག་ལས་གསལ་བའི་མི་ཡིས་མི་ལ་དར་དཀར་གཏོང་སྲོལ་བྱུང་བ་ནི། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་《ཇོ་བོ་རྗེའི་རྣམ་ཐར་》བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། པོད་ལྔ་པའི་ལྡེབ་༡༢༤པར་ལས། “མངའ་རིས་ཀྱི་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཐོག་མར་བསུ་བ་བྱེད་སྐབས། བསུ་བ་རྟ་པ་སུམ་བརྒྱ་ཙམ་ཞིག་གི་གོས་དཀར་པོ་འབའ་ཞིག་གྱོན། རྒྱན་ཆ་ཐམས་ཅད་དཀར་པོ་འབའ་ཞིག་བྱས། བློན་པོ་ཆེན་པོ་ལྷའི་དབང་ཕྱུག་དང་། ལྷའི་བློ་གྲོས་དང་། ལྷའི་ཤེས་རབ་དང་། ལྷའི་སྲིད་འཛིན་ཞེས་བྱ་བ་བཞི་ལ་དར་མདུང་དཀར་པོ་ཐོགས་པ་བཅུ་དྲུག་བཅུ་དྲུག་གིས་བསྐོར། གཞན་ཐམས་ཅད་ལ་ཡང་བ་དན་ཆུང་ཆུང་རེ་དང་། ཆུ་དར་གྱི་གདུགས་ཉི་ཤུ། པི་ཝང་གླིང་བུ་སྒྲ་སྙན་པ་མང་པོ་འཁྲོལ་བ་དང་བཅས་ཞེས་པ་ནས་ཕེབས་བསུའི་སྐོར་རྒྱས་པར་བཤད་མཐར། བློན་པོ་བཞིས་རས་དཀར་པོ་དཀར་སངས་པ་རེ་ཕྱག་རྟེན་དུ་ཕུལ་”ཞེས་བཤད་པ་དང་། ཡང་འབྲོམ་གཞོན་ནུ་བློ་གྲོས་ཀྱིས་མཛད་པ་《རྒྱལ་བའི་དབེན་གནས་ར་སྒྲེང་གི་བཤད་པ་ཉི་མའི་འོད་ཟེར་》ལྡེབ་བཅུ་གཉིས་པའི་སྲིབ་ངོས་ལས། “ཇོ་བོ་རྗེ་ལ་དགེ་བཤེས་སྟོན་པས་དར་དཀར་པོ་ཡུག་གཅིག་ཕུལ་སྟེ་དོན་ཚན་གསུམ་ཞུས་”ཞེས་གསལ་བ་ནི། སྤྱི་ལོ་༡༠༤༠ཙམ་ལ་བོད་ཀྱི་ཤེས་ལྡན་མི་སྣའི་ཁྲོད་དུ་མཇལ་དར་འབུལ་བའི་ལུགས་སྲོལ་ཡོད་པར་བཤད་པ་འདི་ད་སྔོན་ཡིག་ཐོག་ནས་དཔང་རྟགས་རྙེད་པ་སྔ་ཤོས་དེ་ཡིན། དེས་ན་འགྲོ་མགོན་འཕགས་པ་རྒྱ་ནག་པེ་ཅིང་ནས་ཕྱིར་བོད་དུ་ཕེབས་པའི་དུས་ནི་སྤྱི་ལོ་༡༢༦ལོ་ཡིན་ཞིང་། སྐབས་དེར་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་ལ་དར་དཀར་ཕུལ་ནས་ལོ་ཉིས་བརྒྱ་སུམ་ཅུ་ལྷག་ཕྱིན་འདུག
གཉིས། དེང་དུས་ཁམས་དང་ཨ་མདོའི་ཡུལ་དུ་དར་དཀར་གྱི་རིག་གནས་ཉམས་རྒུད་འགྲོ་ཚུལ།
དེང་དུས་བོད་ཀྱི་དར་དཀར་རིག་གནས་གཏོར་བཤིགས་ཐེབས་པའི་སྐོར། དར་དཀར་ནི་ལྷག་བསམ་དང་རྟེན་འབྲེལ་མཚོན་བྱེད་ཅིག་ཡིན་པས་ཁ་དོག་དཀར་པོ་དཀར་གཙང་ཞིག་ཡིན་པར་སྨོས་མ་དགོས་པ་རེད། ཡིན་ནའང་དེང་དུས་དར་ཁ་དོག་སྣ་ཚོགས་དང་། དར་ཁྲ་སོགས་གཏོང་སྲོལ་བྱུང་བ་འདི་ནི་ཚོང་ལས་དང་འབྲེལ་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་གཏོར་བཤིགས་ཐེབས་པའི་སྣང་ཚུལ་ཞིག་རེད། གནས་ཚུལ་འདི་ནི་སྤྱི་ལོ་༡༩༨༠པའི་རྗེས་སུ་བྱུང་བ་ཞིག་རེད། ཇི་ལྟར་ཞེ་ན། དུས་དེར་སྔར་རིག་གནས་གསར་བརྗེའི་སྐབས་སུ་བོད་ཀྱི་རིག་གནས་རྙིང་པ་རྣམས་ཉམས་རྒུད་ཕྱིན་པ་རྣམས་ཉམས་གསོ་མཐར་ཕྱིན་པ་ཞིག་མ་བྱུང་པའི་སྐབས་དེར། དབུལ་བཅོས་ཕྱུག་འགྱུར་གྱི་སྲིད་ཇུས་ཀྱིས་ཚོང་ལས་དར་སྤེལ་གཏོང་བས། ཚོང་ལས་པ་རྣམས་ཀྱིས་ཁེ་ཚོང་ལ་དམིགས་ནས་དར་སྣ་ཚོགས་བཟོས་པ་དང་བོད་རིགས་གཞོན་ནུ་རྣམས་ཀྱིས་དར་དཀར་གྱི་མཚོན་དོན་མ་ཤེས་པ་གཉིས་འཛོམས་ནས་དར་སྣ་ཚོགས་བཏང་སྲོལ་འདིར་གསར་དུ་ཆགས་པ་ཞིག་རེད། དེས་ན་དེང་སང་དར་ཁྲ་འདི་ནི་དུས་རབས་དང་འབྲེལ་བའི་བོད་ཀྱི་དར་དཀར་རིག་གནས་ལ་གཏོར་བཤིགས་ཐེབས་པའི་སྣང་ཚུལ་ཞིག་རེད།
གསུམ། འབྱུང་ཁམས་སྙོམ་བྱེད་ཀྱི་ཆོ་གའི་རིག་གནས།
འོ་ན་གནའ་བོའི་དུས་སུ་བོད་ལ་དར་སྣ་ཚོགས་སྤྱོད་པའི་སྲོལ་མེད་དམ་ཞེ་ན། ལྷག་བསམ་དང་རྟེན་འབྲེལ་མཚོན་བྱེད་དུ་དར་སྣ་ཚོགས་སྤྱོད་སྲོལ་མེད་པ་ནི་ཟུར་བལྟས་ལེབ་མཐོང་རེད། ཡིན་ནའང་བན་བོན་གྱི་ཆོས་ཀྱི་ཆོ་གའི་ནང་དུ་གཏོར་མདོས་ཀྱི་རྫས་སུ། ནམ་མཁའ། སྐུ་རྟེན། ལྗང་བུ། མདའ་བཀྲ འཕང་ཁྲ་སོགས་གདོས་ཐག་སྣ་ཚོགས་བྲན་ནས། འབྱུང་བ་ལྔའི་ཁམས་སྙོམས་པོར་བྱེད་པའི་ཆེད་དུ་སྐུད་པ་དཀར་སེར་དམར་ལྗང་སྔོན་པོ་བཅས་པོ་ལྷན་ཏུ་བེད་སྤྱོད་པ་དང་། འབྱུང་བ་ལྔའི་བཅུད་འགུགས་ནས་མིའི་ཚེ་སྲོག་གི་གསོས་སུ་བཏབ་པའི་ཆེད་དུ་དར་ཁ་དོག་སྣ་ལྔའི་མདའ་དར་གཡབ་ནས་ཚེ་ཉམས་པ་གསོ་བ་དང་། གས་པ་སྦྱོར་བ་དང་། ཆད་པ་མཐུད་སོགས་ཀྱི་ཆོ་གའི་ཡོ་བྱད་ཀྱི་དར་ཚོན་ཁ་དོག་སྣ་ལྔ་སྤྱོད་དེ་དང་། དམངས་ཁྲོད་ཀྱི་འཚོ་བའི་ནང་གི་ལྷག་བསམ་མཚོན་བྱེད་ཀྱི་དར་དཀར་པོ་བེད་སྤྱོད་གཏོང་བ་དེ་གཉིས་མཚོན་དོན་སོ་སོར་ཐ་དད་པ་ཞིག་རེད།
འབྱུང་བཞིའི་བཅུད་བསྡུས་ནས་ལུས་ཀྱི་ཚེ་བཅུད་གསོ་བའི་ཆོ་ག་ལ། ཧཱུཾ། མདའ་དར་ཤར་དུ་གཡུག་པའི་ཚེ། རླུང་གི་བཅུད་རྣམས་བསྡུས་པ་ལས།འཇའ་ཚོན་ལྗང་གུ་འོད་དུ་འབར། དེ་དབུས་རླུང་གི་ལྷ་མོ་ནི། ཞལ་གཅིག་ཕྱག་གཉིས་མདའ་དར་ལྗང་། བུམ་བ་འཛིན་ཅིང་གར་འཁྱུག་འཁྱུག ལྗང་འོད་འབར་བའི་བྲོ་ཁྲིག་ཁྲིག མདའ་དར་ལྷོ་རུ་གཡུག་པའི་ཚེ། མེ་ཡི་བཅུད་རྣམས་བསྡུས་པ་ལས། འཇའ་ཚོན་དམར་པོ་འོད་དུ་འབར།དེ་དབུས་མེ་ཡི་ལྷ་མོ་ནི། ཞལ་གཅིག་ཕྱག་གཉིས་མདའ་དར་དམར། བུམ་པ་འཛིན་ཅིང་གར་ཁྱུག་ཁྱུག དམར་འོད་འབར་བའི་བྲོ་ཁྲིག་ཁྲིག ཞེས་སོགས་འབྱུང་བའི་བཅུད་རྣམས་བསྡུས་པའི་ཆོ་ག་མང་པོ་ནས་འདིའི་ནང་དོན་གསལ་པོ་བསྟན་ཡོད་པ་རེད། །འོ་ན་འབྱུང་བའི་བཅུད་གསོ་བའི་ཆེད་དུ་དར་ཁ་དོག་མི་འདྲ་བ་གཏོང་ནའང་སྐྱོན་མེད་ཅེ་ན། ལྷག་བསམ་མཚོན་བྱེད་ལ་དཀར་པོ་ངེས་པར་བོད་ལུགས་ཡིན་པ་དང་། མདོས་ཆོག་ལུགས་ཀྱི་མིའི་ལུས་ཁམས་ལ་འབྱུང་བ་ལྔའི་ཁམས་སྙོམས་བྱེད་དུ་དར་ཁ་དོག་སྣ་ཚོགས་པ་གཏོང་བའི་དབང་དུ་བྱས་ན་ངེས་པར་དུ་ཁ་དོག་ལྔ་པོ་ལྷན་ཏུ་གཏོང་དགོས་པ་ལས། ཡ་གཅིག་གཏོང་ན་འབྱུང་བ་ཆ་མི་སྙོམས་པར་བྱེད་པའི་རྟེན་འབྲེལ་ཏུ་མི་འགྱུར་རམ།
ཞེས་བོད་ཀྱི་གནའ་བོའི་སྲོལ་ལུགས་ལ་རྒྱུས་མངའ་ཅུང་ཟད་ཡོད་པའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་སྤྱི་ལོ་༢༠༡༥ལོའི་ཟླ་བ་༣པའི་ཚེས་༡༠ཉིན། རྒྱ་ནག་ཁྲེན་ཏུའི་གྲོང་གི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་བོད་ཀྱི་དར་དཀར་རིག་གནས་ཉམས་རྒུད་གསོ་བ་ལ་ཅུང་ཟད་ཕན་པའི་ལྷག་བསམ་གྱིས་སྤྲིངས་པའོ། །
མཁས་དབང་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་དཔྱད་རྩོམ་སྤུས་ལེགས་ཞིག་བྲིས་གནང་བར་བཀའ་དྲིན་ཆེ་དེ་མིན་འགའ་ཞིག་གིས་རང་ཉིད་ཀྱི་ཆོས་ལུགས་རྒྱ་གར་ནས་དར་བའི་རྒྱུ་མཚན་གྱིས་ཁ་བཏགས་རྒྱ་གར་གྱི་བུད་མེད་རྣམས་ཀྱི་མགོ་ལ་གྱོན་པའི་རས་དེ་ཀས་བྱུང་ཚུལ་དང་ཡང་འགའ་ཞིག་གིས་དངུལ་མདའ་གཡང་ལ་དགའ་བའི་རྒྱུ་མཚན་གྱིས་རྒྱ་ནག་ནས་དར་བར་འདོད་པ་སོགས་ནི་བོད་ཀྱི་རིག་གནས་གཏོར་བཤིག་གཏོང་བའི་ཐབས་ལམ་ལས་གཞན་རྒྱུ་མཚན་མེད། བཀའ་དྲིན་ཆེ་ཁྱེད་ལ་རེ་བ་ཡོད།
་་་་་་་་་་་ འདི་ནི་ཕལ་ཆེར་བསྟན་པ་ཕྱིར་དར་གྱི་སྐབས་སུ་བོན་ཆོས་ནང་ཆོས་སུ་བསྒྱུར་པའི་དཔེ་ཆ་ཞིག་ཡིན་པར་འདྲ། ་་་་་་་་་་་་་་
དར་དཀར་དང་། ཁ་བཏགས་གཉིས་དོན་གཅིག་གམ། མི་གཅིག ལགས།
མཁས་དབང་ཐུབ་བསྟན་ཕུན་ཚོགས་དང་། ར་སེར་དཀོན་མཆོག་རྒྱལ་མཚན། ཞོགས་དུང་གསུམ་ས་ཕྱོགས་གང་དུ་བཞུགས་ཀྱང་ཅོ་རིས་གུས་ཞབས་ཡོད། བུ་ཁྱོད་ཚོའི་ཡོན་ཏན་ལ་སེམས་པ་ཤོར་ནས་ཡོད། སྐུ་ཚེ་བརྟན་པའི་སྨོན་ལམ་ཡོད།
པེ་ཅིང་ཁ་ཆེའི་བཟའ་ཁང་གི་ཟ་གྲོགས་ཐུབ་སྟན་ཕུན་ཚོགས་ལ་སེམས་ཤུགས་ཞིག་ཡོད་ན་རང་གི་ཉེ་འགྲམ་དཀར་མཛེས་ཁུལ་གྱི་བོད་སྐད་ཉམས་པ་གསོ་བའི་ཐབས་ཤིག་མ་འཕྱུགས། ཁྱོད་རྒྱ་ལ་ནི་ངོ་འགྲོ་ཆེ། ནུས་པ་འདོན་གྲོགས། རྫོང་ཐོག་གི་གཞོན་ནུ་ཕལ་ཆེར་གྱི་རྒྱ་སྐད་མ་གཏོགས་བཤད་མི་ཤེས་པར་གཟིགས། ལྷག་བསམ་ཡོད་ན་རང་གི་བླ་མ་ཀརྨ་པ་རྣམས་གཉིས་མཐུན་ཐབས་ལ་འབོད། མཐུན་ཐབས་མ་ཡོང་ན་དེ་གཉིས་བར་ལ་ཁ་མཆུ་མ་གཏོང་། བོད་ཡང་སྐྱར་སིལ་བུར་མ་གཏོང་། བོད་ལ་ཤ་ཚ་ན་མཐུན་སྒྲིལ་གྱི་རྩོམ་ཡིག་བྲིས། འགལ་ཟླ་མ་སྒྲིགས། མཐུན་སྒྲིལ་སྤེལ། ཁ་དྲོ། སྐུ་ཚེ་རིང་། རེ་བ་ཆེ་བའི་སྐད་ཆ་ཡིན། གལ་དེ་ཙམ་མི་ཆེ་བའི་དར་ཁའི་སྐོར་ལ་མཁས་གཏམ་མེད་ཀྱང་རུང་། དར་ཁ་ཏོག་སྣ་ཚོགས་འབུལ་བའི་སྲོལ་འདི་གནའ་སྔ་མོ་ནས་བོད་ལ་དར་བ་བོན་ཀོང་ཙེས་མཛད་པའི་འཁྲུགས་བཅོས་དང་། དུས་རབས་བརྒྱད་པར་བཻ་རོས་མཛད་པའི་མགོན་པོའི་དམག་མདོས་ལ་གཟིགས། འབྲས་ལྗོངས་ཡོལ་མོ་སོགས་སུ་མི་ཤི་བོ་ལ་ཁ་བཏགས་གཏོང་པའི་ལུགས་སྲོལ་སྔ་མོ་ནས་ཡོད་པ་རྣམ་ཐར་ཁག་ལ་གསལ། བཤད་ཆེ་ན་རིགས་མཐུན་རྣམས་ཀྱིས་བསྟོད་པའི་མཁས་པ་དང་དགེ་རྒན་ཆེན་མོའི་མཚན་དེའང་ཆུ་ལ་ཟགས་པའི་ཉེན་ཁ་འདུག ། ཨ་ལ་ཤས།
ཁ་བཏགས་དང་ཁ་ཏག་ཡང་ན་ཁ་དར་སོགས་གང་བརྗོད་ཀྱང་དོན་ལ་རས་དཀར་པོ་ལས་གྲུབ་པ་ཞིག་ནི་ངེས་པར་དུ་དགོས་པར་སེམས། རྒྱ་གར་ཕྱོགས་ལ་ཁ་རྡི་ཡང་ན་ཁ་རྡར་ཟེར་བའི་རས་ཡོད་པ་དང་། རས་དེ་ནི་ཧ་ཅང་སྐད་གྲགས་ཆེན་པོ་རེད། རྒྱ་གར་གྱི་ཁ་རྡི་དང་ཁ་རྡར་ཟེར་བའི་མིང་ཚིག་འདི་བོད་པའི་ཁ་དར་དང་ཁ་བཏག་ཟེར་བའི་སྒྲ་གདངས་དང་ཤིན་ཏུ་ཐག་ཉེ་པོ་ཡོད། ད་དུང་བོད་པས་ཁ་བཏགས་ལ་ལྷ་རེག་དང་ལྷ་དར་ཡང་ལབ་སྲོལ་ཡོད་པ་འདིས་བོད་གདོད་མའི་རིག་གནས་ཀྱི་རང་གཤིས་ཀྱང་མངོན་པར་བྱེད་ཀྱི་ཡོད་པ་རེད། །
རྒྱ་གར་བས་དུས་ཕྱིས་དབྱིན་ཇིའི་རིང་ལུགས་ལ་ངོ་རྒོལ་བྱེད་དུས་ཁ་རྡི་རས་འདི་ལ་་་The Fabric Of Freedom་་་རང་དབང་གི་རས་་་ཟེར་ནས་ཆེ་བསྟོད་ཀྱང་བྱས་འདུག། རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་དར་ཀྱང་ཁ་རྡར་རས་གཞི་ཁོ་ན་ལ་བརྟེན་ནས་བཟོ་སྲོལ་ཡོད་པ་རེད། འདི་ནི་སེམས་དཔའ་ཆེན་པོ་གཱན་རྡིས་སོ་སོའི་ལུང་པའི་ཐོན་ཁུངས་མ་གཏོགས་ཡུལ་གཞན་དབྱིན་ཇི་ནས་ཐོན་པའི་ཅ་དངོས་རྒྱ་གར་བས་བེད་སྤྱོད་མི་བྱེད་ཟེར་ནས་ངོ་རྒོལ་དང་རང་ཚུགས་བརྟན་པོར་སྡོད་པའི་རིག་རྩལ་ལས་བྱུང་བ་ཡིན། ད་དུང་ཁ་རྡར་གྱི་གྱོན་གོས་དང་དང་འཚེ་མེད་ཞི་བའི་ལྟ་བ་གཉིས་ནི་དབྱིན་ཇིའི་སྲིད་དབང་མཐར་སྐྲོད་གཏོང་བྱེད་ཀྱི་མཚོན་ཆ་ཡོད་ན་མེད་ན་དེ་གཉིས་པོ་ཡིན་ཟེར་ནས་ཤོད་སྲོལ་ཡང་ཡོད་པ་རེད། །
གང་ལྟར་བོད་སྐད་དུ་རས་ཟེར་བ་འདི་ནི་རྒྱ་གར་སྐད་ཀྱི་ཀབ་རེ་འམ་ཡང་ན་ཀབ་ར་ཟེར་བའི་ཊ་དང་ར་ཡི་སྒྲ་ལས་དྲངས་ཡོང་བ་ཞིག་ཡིན་པར་སྙམ། རྒྱ་གར་སྐད་དུ་ཀབ་རེའམ་ཡང་ན་ཀབ་ར་ཟེར་བ་འདི་ནི་བོད་སྐད་དུ་གོས་ཟེར་བ་ལ་གོ་དགོས་པར་སེམས། བོད་སྐད་དུ་དར་ཟེར་བ་འདི་ནི་རྒྱ་གར་སྐད་ཀྱི་ཁ་རྡིའམ་ཡང་ན་ཁ་རྡར་ཟེར་བའི་རྡི་དང་རྡར་ནས་དྲངས་ཡོང་བ་ཞིག་ཡིན་པར་སྙམ། རྒྱ་གར་གྱི་སྐད་ལུགས་ལ་ཚིག་རྐང་ཕྱི་མ་དེ་རང་བཞིན་གྱིས་སྒྲ་ཤུགས་ཆེ་བ་བརྗོད་སྲོལ་འདུག། དེ་འདྲ་ཡིན་དུས་བོད་པས་རྣ་བར་ཀབ་ར་དང་ཁ་རྡར་གྱི་ཚིག་རྐང་ཕྱི་མ་དེ་གསལ་པོར་གོ་ཡོང་དུས་རས་དང་དར་ཟེར་ནས་མིང་ཐོག་པ་ཡིན་སྲིད། །
བོད་པའི་དར་རས་གྱི་མིང་ཚིག་འདི་དག་རྒྱ་གར་སྐད་ལས་དྲངས་ཡོང་བའི་དོགས་སློང་འདི་ག་འདྲ་བྱས་ནས་བྱུང་བ་ཡིན་ནམ་སྙམ་ན། རྩ་བའི་བོད་ཀྱི་དར་རས་གྱི་བྱུང་ཁུངས་ངོ་མ་དེ་རྒྱ་གར་དུ་འབོད་པའི་ལུང་ཁག་ནང་སྐྱེས་པའི་ཁ་རྡིའམ་ཁ་རྡར་ཟེར་བ་ལ་ཐུག་ཡོད་པས་ཡིན། དེ་འདྲ་ཡིན་དུས་དང་པོ་ལུང་པ་དེའི་ཡུལ་སྐད་ཐོག་ཡོད་པའི་ཁ་རྡི་དང་ཁ་རྡར་ཟེར་བའི་དངོས་མིང་དེ་གཞི་ལ་རང་བཞིན་གྱིས་འཇོག་དགོས་པ་དང་། ད་དུང་བོད་རང་ལ་དར་རས་འདིའི་སྐྱེ་ཁུངས་རྒྱ་ཆེན་པོ་དེ་འདྲ་རང་མེད་པས་ཀྱང་ཡིན། ཕལ་ཆེར་བོད་རང་ལ་དར་རས་བཟོ་བའི་ལག་ཤེས་ཀྱང་དེ་ཙམ་བྱུང་མྱོང་བའི་བཟོ་ཞིག་ཨ་ཡོད་ན། རྒྱུ་མཚན་འདི་ཚོ་ལ་བསམ་ནས་བོད་སྐད་དུ་ཡོད་པའི་རས་ཟེར་བ་འདིའི་གཞི་རྩའི་ཐོན་ཁུངས་རྒྱ་གར་སྐད་ཀྱི་ཀབ་རའི་སྒྲ་གདངས་ལས་དྲངས་བ་དང། བོད་སྐད་དུ་དར་ཟེར་བ་འདིའི་གཞི་རྩའི་ཐོན་ཁུངས་རྒྱ་གར་སྐད་ཀྱི་ཁ་རྡར་ཟེར་བའི་སྒྲ་གདངས་ལས་དྲངས་ཡོང་བ་ཞིག་ཡིན་པ་ཕལ་ཆེར་ཐག་གཅོད་ཐུབ་པ་འདུག། རས་དང་དར་གྱི་མིང་ཚིག་འདི་གཉིས་སྒྲ་བསྒྱུར་ལོ་ཙཱ་བས་གཏན་ལ་ཕབ་བཞག་པ་དེ་འདྲ་ཅང་ཨ་ཡིན་ན། ཕལ་ཆེར་ཚོང་པ་དང་གནས་སྐོར་བ་མི་ཕལ་པའི་འགྲོ་འོང་གི་འབྲེལ་ལམ་ནས་མིང་བརྡ་དེ་འདྲ་ཞིག་གནའ་སྔ་མོ་ནས་རང་བཞིན་གྱིས་ཐོག་སོང་བ་ཡིན་པར་སེམས། །
ད་དུང་བོད་པས་འབོད་བཞིན་པའི་རྒྱ་དཀར་རམ་ཡང་ན་རྒྱ་གར་ཟེར་བའི་ཡུལ་མིང་འདི་ཡང་ཁ་རྡར་གྱི་རས་གོས་དཀར་པོ་རྒྱ་གར་བས་དུས་རྒྱུན་གྱོན་གོས་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ངེས། དབྱིན་སྐད་དུ་རས་འདི་ལ་ཁོ་ཀྲོན་ལབ་ཀྱི་འདུག། ཁ་རྡར་ཟེར་བའི་རས་འདི་ལའང་ཡག་གདུག་མང་པོ་ཡོད། གྲྭ་བ་ཉམས་ཆུང་ཡིན་དུས་ཁ་རྡར་གདུག་བ་དེའི་གཟན་ཤམ་མང་པོ་གྱོན་མྱོང་། ཁ་རྡར་གདུག་བ་དེ་ནི་ཅུང་ཙུབ་ཧྲག་ཧྲག་ཅིག་ཡོད། ཡག་བ་དེ་ནི་འཇམ་པོ་མཉེན་མོ་ཡོད། བོད་ལུགས་ལ་བལ་དཀར་པོ་དང་རས་དཀར་པོ་ནི་གཙང་མ་འཇམ་པོ་ཡང་ན་ཁ་དགེ་བ་དང་བཀྲ་ཤིས་པ། ཞི་བདེ་དང་ཐར་པའི་ལམ་དང་དམུ་ཐག་དཀར་པོ་བཅས་ལ་མཚོན་པར་བྱེད་ཀྱི་ཡོད་ས་རེད། ད་དུང་བོད་གངས་ཅན་པའི་སྲོལ་རྒྱུན་ལ། བལ་དཀར་པོ་རྟེན་འབྲེལ་བཟང་པོ་མཚོན་པ་དང་། མར་དཀར་པོ་ཡར་ཁ་དང་གཏོར་རྒྱན་རྒྱག་པ། འོ་མ་དང་ད་ར་ཞོ་དཀར་པོ་མཆོད་ཁ་འཕེན་པ། རྩམ་པ་དཀར་པོ་ཕྱེ་མར་བཟོ་བ་དང་ནམ་མཁར་གཏོར་ནས་ལྷ་གསོལ་བ་དང་ཀླུང་རྟ་དར་བར་བྱེད་པའི་རིང་ལུགས་ཡོད། །
རྒྱ་གར་བས་ཁ་རྡར་འདི་རྩ་ཆེན་པོ་ཅིའི་ཕྱིར་བརྩིའམ་ཟེར་ན་རས་འདིའི་ཐོན་ཁུངས་ཡག་ཤོས་གཅིག་རྒྱ་གར་རང་ཉིད་ཡིན་པས་ཀྱང་རེད། དེར་མ་ཚད་སྔ་རབས་རྒྱ་གར་བའི་ཆོས་ལུགས་ཀྱི་མངའ་བདག་བཱརཱ་མན་བྲམ་ཟེ་ཚོས་ཆོས་དང་འཇིགས་རྟེན་གང་སར་བེད་སྤྱད་པའི་རས་ཆ་རྩ་ཆེན་ཞིག་ཡིན་པས་ཀྱང་ཡིན་ངེས། བཅོམ་ལྡན་འདས་སྐུ་འཁྲུངས་དུས་ཁ་རྡར་རས་གོས་ཀྱི་ནང་དུ་བཏུམ་ནས་ཡུམ་སྒྱུ་མ་ལྷ་མཇེས་ཀྱི་པང་དུ་བསྣམ་ཡོད་ཐག་ཆོད་རེད། དེར་མ་ཚད་ཁོང་རབ་དུ་བྱུང་དུས་ཀྱི་ཆོས་གོས་རྣམ་གསུམ་ཡང་ཐོག་མར་ཁ་རྡར་རས་གོས་ལས་བཟོས་ཡོད་ངེས། མ་ཚད་གཱན་རྡིས་རྒྱ་གར་རང་བཙན་ལེན་དུས་གཞན་ལ་བརྟེན་མི་དགོས་པའི་རྒྱ་གར་མི་དམངས་ཀྱི་འཚོ་བ་རང་སྐྱོང་གི་གྱོན་གོས་ཐུན་མོང་མ་ཡིན་པ་དེ་ཁ་རྡར་རས་གོས་དཀར་པོ་ལས་བཟོས་པས་ཀྱང་རེད་འདུག། །
རྒྱ་གར་གྱི་དངོས་རྗས་ཁག་ལ་ཧིན་རྡུའི་སྐད་ཀྱི་སྒྲ་གདངས་དང་ཨུར་རྡུའི་སྐད་ཀྱི་སྒྲ་གདངས་གཉིས་ཉིས་བཤིབ་བྱས་ནས་ཡོང་བ་དང་། དེ་གཉིས་ཀ་ལ་སྔ་མོར་བོད་པས་རྒྱ་གར་གྱི་སྐད་ཅེས་ལབ་སྲོལ་བྱུང་བར་སྙམ། འོན་ཀྱང་རྒྱ་གར་ལ་སྐད་རིགས་འདྲ་མིན་སྣ་ཚོགས་པ་དེང་སང་ཡང་ཡོད་པ་རེད། བོད་པས་རས་དར་བཟོ་བྱེད་ཀྱི་རྒྱུ་ཆ་དེ་ལ་སྤྲིན་བལ་ཡང་ན་སྲིན་བལ་ལབ་སྲོལ་ཡོད་པ་འདྲ། ད་དུང་བོད་གངས་ཅན་ལྗོངས་སུ་བོད་པའི་མཆོད་མེ་འབུལ་བྱེད་ཀྱི་གདུང་རས་དེ་ཡང་སྤྲིན་བལ་ལས་བཟོ་སྲོལ་ཡོད་པ་རེད། སྤྲིན་བལ་ནི་རྩའམ་སྔོ་རིགས་ཅིག་གི་འབྲས་བུར་བཏགས་པའི་ཞིང་པའི་ཐོན་བསྐྱེད་ལས་བྱུང་བའི་དངོས་པོ་ཞིག་ཡིན། འདི་བོད་གངས་ཅན་པའི་ལུག་གུའི་བལ་དཀར་དང་ཤིན་དུ་འདྲ་པོ་ཡོད། རྒྱ་གར་སྐད་བའི་ཁ་རྡི་དང་ཁ་རྡར་ཟེར་བའི་སྲིན་བལ་དཀར་པོ་དེ་དང་བོད་གངས་ཅན་ཅན་པའི་ཁ་བ་དཀར་པོ་ཞེས་པའི་མིང་ཚིག་འདི་གཉིས་པོའི་ཁ་ཡི་སྒྲ་གདངས་དེ་དཀར་པོ་ཞིག་ལ་གོ་བ་གཅིག་མཚུངས་སུ་གནས་པ་ལྟ་བུར་འདུག་པས་རྒྱུ་མཚན་འདྲ་ཡོད་དམ། །
གསལ་བཤད་དུ་ཞུ་བ། བོད་ཀྱི་གདོད་མའི་ཁ་སྐད་ནང་དར་ཞེས་པའི་མིང་ཚིག་ཡོད་ཚད། ཁ་རྡིའམ་ཁ་རྡར་གྱི་སྒྲ་ཟུར་ཆགས་དར་ལས་བྱུང་བ་ཞིག་ཡིན་པར་མི་སེམས། དཔེར་ན། ཆུ་ལ་དར་ཆགས། བསྟན་པ་དར་ཞིང་རྒྱས། ཞོ་ལས་དར་བ་བྱུང་། ཁ་རྗེ་དབང་ཐང་དར། ལས་དང་ཀླུང་རྟ་དར། དར་ཡ་ཀན། ལྟ་བུའོ། །
འཚོལ་སྒྲུབ་ཀྱི་རིག་རྩལ་ཅན་ཐུབ་བསྟན་ཕུན་ཚོགས་ཀྱིས་དཀར་པོ་ལེགས་པར་སྒྲུབ་པ་ལ་འབད་པ་དེ་གང་དང་གང་གི་རྗེས་འཚོལ་སྒྲུབ་པའི་མིག་དཔེར་བྱ་འོས་སུ་སྣང་། དེ་ཡང་བོད་དུ་བཀོལ་བའི་ཁ་བཏགས་ཡོངས་གྲགས་དེ་རྙིངས་པ་ན། གང་ལ་ཡང་ཕན་ཐོགས་པ་ཞིག་མེད་པས། རྒྱ་ནག་གི་བཟོ་པས་སེམས་ནག་གིས་བཟོས་པ་ཡིན་ཞེས་བོད་དུ་ཡོད་སྐབས་སུ་ཁོ་བོས་ཐོས། སྔར་ལ་དྭགས་སུ་ཁ་བཏགས་མ་འབྱོར་ཚེ། བལ་དཀར་པོ་རྟེན་འབྲེལ་མཚོན་བྱེད་དུ་བཀོལ་སྲོལ་ཡོད། དངོས་གནས་བསམས་ན་འདི་ཉིད་ཡུལ་གཞན་ལ་ལྟོས་མི་དགོས་པའི་བྱ་བ་བཟང་པོར་མཐོང་། ༡༩༥༠པའི་བོད་ཀྱི་མི་སྣ་ཚོགས་པ་ཞིག་ཛམ་གླིང་རྒྱལ་ཁབ་སོ་སོར་སྐྱོད་པ་ན། རྒྱ་གར་མེས་པོ་གནྡྷིར་བོད་ལུགས་རྟེན་འབྲེལ་མཚོན་བྱེད་དར་དཀར་ཞིག་ཕུལ་བ་ན། འདི་གང་ཡིན། གང་དུ་བཟོས་ཞེས་དྲིས་པ་ན། རྒྱ་ནག་ཏུ་བཟོས་ཞེས་ཐོས་པས། བོད་རང་དུ་བཟོས་པ་ཞིག་དགོས་ཞེས་མ་རངས་པའི་ཚུལ་བསྟན་པ་དེ། བོད་མི་སྣའི་གྲས་སུ་ཡོད་པ་བཀྲས་ཁང་ཐུབ་བསྟན་ཚེ་འཕེལ་མཆོག་གིས་གསུངས་པ་ཁོ་བོས་དངོས་སུ་ཐོས། རྒྱ་གར་པས་དཀར་པོ་ཉིད་མཆོག་བརྩི་ཚུལ་ནི། སྙན་དངགས་པ་ཆེན་པོ་བཙུན་པ་དགེ་སློང་རྟ་དབྱངས་ཀྱིས་སངས་རྒྱས་ཀྱི་སྤྱོད་པ་ན་བཀོད།
དེ་ནི་གཉིད་སོང་གླང་པོའི་དབང་པོ་དཀར་པོ་ཞིག ཅེས་དང་། །ནམ་མཁའ་དག་ལས་རབ་བབས་ཟླ་བའི་འོད་ཟེར་དཀར། ཞེས་དང་། ཀུན་ནས་གདུང་བ་སྐྱོབ་བའི་གདུགས་དཀར་རྣམས་བཟུང་སྟེ། ཞེས་སོགས་སོ།
མིང་ཚིག་འགར་དཔྱད་ན། དེ་ལ་གཟུངས་འདུས་ཡང་ཟེར་རེད། འདིའི་ཡང་རྒྱན་སྡུད་ཡིན་ན། ཞུས་དག་དགོས། པུ་སྟི་ འདི་ལེགས་སྦྱར་མིང་ཚིག་ཟུར་ཆག་པ་ཞིག་སྟེ། དེ་ཡང་། པུསྟ་ཀ་ཞེས་པ་གླེགས་བམ་དང་། པུསྟི་ཀཱ ལེགས་བམ་ཆུང་བ་ལ་བཀོལ། བེད་སྤྱོད། བེད་ཅེས་པ་དབུས་སྐད་དུ། བྱེད། ཅེས་པ་གནའ་བོའི་འབོད་ཚུལ་ལས་ཡ་བཏགས་མ་འཐོན་པ་ཡིན་ནམ་སྙམ། དབུས་སྐད་དུ། བྲེ་ལ་བེ་ཞེས་འབོད་པ་བཞིན་ནོ། གཡང་སྒྱེ་གེ་ལུ་དཀར་པོ་དང་། གེ་ལུ་ཞེས་པའི་དོན་ཅི་ནམ། དཔལ་ལྡན་ཨ་ཏི་ཤ། ཞེས་པ་ལེགས་སྦྱར་ཚིག་མཛོད་ན་མེད་པས། ཨ་ཏི་ཤ་ཡ། ཞེས་པའི་ཡ་ཡིག་བསྡུས་པར་བསམས། ཨ་ཏི་ཤ་ཡ་ནི་མཆོག་ཏུ་གྱུར་པའི་དོན་ནོབོད་པས་གསོལ་བའི་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་མཚན་ཡིན་འདུག གཅིག་ན། གཅིག་ན་འདི་ཉིད་བོད་ཀྱི་ལོ་ཙ་པ་རིན་ཆེན་བཟང་པོས་གསོལ་པའི་མཚན་ཡིན་ནམ་སྙམ། འབྲོམ་སྟོན་པས་མཛད་པའི་ཇོ་བསྟོན་ན། ཁ་བ་ཅན་ན་དཔལ་ལྡ་ཨ་ཏི་ཤ། ཞེས་པ་མཆིས་སོ།
ཁ་བ་ཅན་ན་དཔལ་ལྡ་ཨ་ཏི་ཤ། ཞེས་པར་། ཁ་བ་ཅན་ན་དཔལ་ལྡན་ཨ་ཏི་ཤ། ཞེས་ཞུས་དག་བྱས་སོ།
འབྲོམ་སྟོན་པས་མཛད་པའི་ཇོ་བསྟོན་ན། ཞེས་པ་འདི་ཡང་། འབྲོམ་སྟོན་པས་མཛད་པའི་ཇོ་བསྟོད་ན། ཞེས་བཅོས་སོ།
༼ད་ལྟ་རྒྱལ་རོང་ཡུལ་དུ་རྟེན་འབྲེལ་བཟང་པོ་ཞེས་པའི་དམངས་སྲོལ་ཞབས་བྲོ་ཞིག་འཁྲབ་ཀྱི་ཡོད་པ་དེའི་དུས་སུ། བྲོ་དཔོན་གྱིས་གཡག་རྔ་དཀར་པོ་ཞིག་ཁྱེར་ནས་དེ་འཚམས་འཚམས་སུ་གཡུགས་དགོས་ཀྱི་ཡོད། བྲོ་དེའི་ལོ་རྒྱུས་བཤད་པའི་ཚེ་རྒྱལ་བ་གཤེན་རབ་མི་བོ་ཆེ་འཇིག་རྟེན་དུ་སྐུ་འཁྲུངས་སྐབས་ལ་ལས་དུང་བུས། ལ་ལས་རྔ་བརྡུང་། ལ་ལས་ཤན་བཏང་ཞེས་བཤད་ཀྱི་ཡོད། ཤན་བཏང་ཞེས་པ་ནི་བཀྲ་ཤིས་གཡག་རྔ་དཀར་པོ་གཡུག་གཡུག་བྱེད་དགོས་པ་ཅེས་བཤད། ཅེས་རྒྱལ་རོང་བ་བསོད་ནམས་དབང་གྲགས་ཀྱིས་བཤད་པ་མཁས་དབང་ཀརྨ་བདེ་ལེགས་ཀྱི་ཟིན་བྲིས་ལས་གསལ། འོན་ཀྱང་འདི་དག་དར་དཀར་པོ་གཡབ་ནས་ལྷ་གཡང་སྤྱན་འདྲེན་པའི་ལག་ཆ་ཞིག་ཡིན་པ་ལས་མིས་མི་ལ་དར་དཀར་གཏོང་པའི་སྐོར་བཤད་མི་འདུག༽
་་་ཤན་་་བཏང་ཞེས་པ་འདི་མང་ཆེ་བས་་་ཤོན་་་འཁྲབ་ལབ་སྲོལ་འདུག དེང་སང་ཁུ་ནུ་དང་གར་ཤ། སྟོད་མངའ་རིས། གློ་ཡུལ་སོགས་ལ་ཤོན་འཁྲབ་པའི་ལམ་སྲོལ་ད་ལྟ་ཡང་བསྡད་ཡོད་པ་རེད། ཕལ་ཆེར་ལ་དྭགས་ཕྱོགས་ལའང་ཡོད་འགྲོ། །
ཁུ་ནུ་བ་དེ་ཚོས་ཤོན་འཁྲབ་དུས་དབྱངས་སུ་ལེན་རྒྱུ་འདི་ལྟར། ༼བྷི་ལི་བྷེ་ཧོ་ན། ༽ལག་པ་མཐུད་ནས་འགྲོ། ༼གྷོ་ལི་གྷོ་ཧོ་ན། ༽ཤོན་རྩེད་རོལ་ལ་ཕེབས། ༼ཧ་ཡ་བྷེ་ཧོ་ན། ༽ སྔོན་དུ་མགྱོགས་པར་བསྐྱོད་ལ་ཕྱིར་གཤེགས། ༼ཁ་གྷོ་གྷོ་རིང་འུང་དྷེན། ༽ལྷ་མཇལ་མི་ཚོ། ༼ཁ་གྷོ་བྷོ་ཙི་ལིད་པ་ལིད།༽ལྷ་ཁང་ལིད་པ་འདིར་འཛོམས། ཟླུམ་པོ་གྷོ་རི་དུའི་དྷེན། ལྷ་ཡི་དབུ་ཐོད་ཟླུམ་པོ་ཀླུབ། ཅེས་སོགས་དབྱངས་ནས་འཁྲབ་སྲོལ་འདུག །
ཤོན་རྩེད་ལ་རོལ་བཞིན་པའི་ཁུ་ནུ་བ་ཚོ་འདིར་འདུག །
https://www.youtube.com/watch?v=wmyEfWxVGwU